སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སུས་དགོ་དམར་གྱི་རང་དབང་གི་གོམ་ལག་བཅིངས་པ་རེད།
སྤེལ་དུས། 2014-09-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཨ་གུར།

མཚོ་སྔོན་པོའི་ཉེ་འགྲམ་དུ་འཚོ་བ་རོལ་བའི་འབྲོག་པ་རྣམ་རྒྱལ་ནི་ཡུན་རིང་བོར་དགོ་དམར་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན།  ཁོས་ལོ་བཅུའི་ནང་དུ་དགོ་དམར་༡༠བསྐྱབས་མྱོང་།  པར་ཧྲོ་བིན་ཅེ་ཡིས་འདོན་སྤྲོད་བྱས། 

ལྕགས་དྲའི་སྟེང་དུ་ཐོགས་ནས་ཤི་བའི་དགོ་དམར་ཞིག པར་ཧྲོ་བིན་ཅེ་ཡིས་འདོན་སྤྲོད་བྱས། 

མགོ་བརྗོད། 

མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་ཏེ་མཚོ་སྔོན་པོའི་འགྲམ་དུ་འཚོ་བའི་དགོ་དམར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དང་།  འཛམ་གླིང་སྟེང་ཆེས་ཉུང་ཞིང་ཚར་ཉེན་ཡོད་པའི་རྨིག་ཐོགས་སྲོག་ཆགས་ཀྱི་རིགས་ཤིག་ཡིན།  དམངས་ཁྲོད་ཀྱི་སྟོབས་ཤུགས་དང་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གིས་མཉམ་གཅིག་ཏུ་འབད་བརྩོད་བྱས་པར་བརྟེན་དེའི་ཁ་གྲངས་རིམ་བཞིན་འཕར་གྱིན་ཡོད་མོད།  ལྕགས་དྲ་དང་སྤྱང་ཀིའི་འཇིགས་པ།  འཐུང་ཆུར་དཀའ་ངལ་ཡོད་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་སྔར་བཞིན་དགོ་དམར་གྱི་འཚོ་གནས་ལ་འཇིགས་སྣང་སྐྱེད་ཀྱི་ཡོད། 

བང་གིས་རྒྱུག་པའི་དགོ་དམར་ཞིག་གནམ་ལྡིང་ས་ལྡིང་གི་ངང་ནས་མཚོ་སྔོན་པོའི་ཉེ་འགྲམ་གྱི་ལྕགས་དྲ་ལས་མཆོང་བར་རྩོམ་མོད།  སྟབས་མ་ལེགས་པར་ལྕགས་དྲའི་སྟེང་འཐེན་པའི་ལྕགས་ཐག་གི་ཚེར་མར་ཐོགས་ཤིང་།  མགོ་བོ་ལྕགས་དྲའི་སྟེང་ནས་སྟོབས་ཤུགས་མེད་པར་མར་སྨད་སོང་།  དེའི་རྒྱབ་ཕྱོགས་ནི་མཐིང་མདོག་གི་གནམ་མཁའ་རེད། 

ན་ནིང་གི་ཟླ་༨པའི་ཚེས༡༧་ཉིན།  མིང་དུ་གྲགས་པའི་སྐྱེ་ཁམས་བརྙན་ལེན་ལ་མོས་མཁན་ཀཱི་ཡེས་ཞུག་གིས་མཚོ་སྔོན་པོའི་ཤར་དུ་བརྙན་ལེན་སྐབས་ལྟོས་དབང་གིས་ཡ་ང་བའི་གནས་ཚུལ་འདི་མཐོང་ཤིང་།  ཁོས་རྗེས་སུ་དེའི་འདྲ་པར་དང་མཉམ་དུལྕགས་དྲའི་མཐོ་ཚད་ཇེ་དམར་བཏང་ནས་གཙོད་ལ་འཚོ་གནས་ཀྱི་བར་སྟོང་སྟེར་བར་འབོད་སྐུལ་དྲག་པོ་བྱེད་པཞེས་པའི་ཡི་གེ་སྦྱར་ནས་ཤིན་ལང་པོད་ཕྲན་དུ་སྤེལ། 

མཚོ་སྔོན་པོའི་འགྲམ་དུ་འཚོ་བ་རོལ་བའི་འབྲོག་པ་རྣམ་རྒྱལ་ཡང་གནས་ཚུལ་འདི་འདྲར་ཐུག་མྱོང་སྟེ།  ན་ནིང་གི་ཟླ༡༢པའི་ཚེས་༡༨ཉིན་གྱི་སྔ་དྲོའི་དུས་ཚོད་༩ཙམ་གྱི་སྟེང་དུ།  རྣམ་རྒྱལ་ལ་རིག་སྨོན་ཤང་གི་འཇིགས་བྱེད་ཀྱི་ཁ་པར་འབྱོར་ནས་དགོ་དམར་ཞིག་ལྕགས་དྲ་བརྒལ་དུས་རྨས་ཆེན་པོ་ཕོག་ནས་འཆི་ཉེན་ཡོད་ཅེས་བཤད་པར།  རྣམ་རྒྱལ་དེ་མ་ཐག་འཕྲུལ་རྟར་ཞོན་ནས་མྱུར་སྐྱོབ་བྱེད་དུ་སོང་ཞིང་།  སྟབས་ལེགས་པ་ཞིག་ལ་དགོ་དམར་དེ་སྐྱོབ་ཐུབ་སོང་། 

འདི་ནི་འཛམ་གླིང་ན་ཧ་ཅང་ཚར་ཉེན་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ་དགོ་དམར་གྱི་མིག་སྔའི་གནས་སྟངས་ཡིན།  འབུ་སྲིན་གྱི་གནོད་པ་དང་འཐུང་ཆུའི་དཀའ་ངལ།  སྤྱང་ཀིའི་འཇིགས་པ་བཅས་ལས་གཞན།  དུས་རབས་སྔོན་མའི་ལོ་རབས་༩༠བ་ནས་བཟུང་འབྲོག་པ་རྣམས་ཀྱིས་རྩྭ་ས་སྲུང་སྐྱོང་བྱེད་ཆེད་བསྐོར་བའི་ལྕགས་དྲས་དགོ་དམར་གྱི་འཚོ་གནས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པ་རེད། 

ད་ལོའི་ཟླ་བརྒྱད་པར།  དགོ་དམར་གྱི་འཚོ་གནས་ལ་དོ་སྣང་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་པ་འགའ་མཚོ་སྔོན་པོའི་འགྲམ་དུ་ཐོན་ཞིང་།  དགོ་དམར་གྱི་ད་ལྟའི་འཚོ་གནས་ཀྱི་རྣམ་པ་མིག་གིས་མཐོང་རྗེས་ཁོ་ཚོས་ཤིན་ལང་པོན་ཕྲན་ནང་དུ་ལྕགས་དྲ་ལེན་པའིལས་འགུལ་སྤེལ་བར་མ་ཟད།  ད་དུང་ཐབས་ལམ་སྣ་ཚོགས་སྤྱད་ནས་ལྕགས་དྲ་ལེན་པའི འབོད་སྐུལ་དེ་མུ་མཐུད་དུ་སྒྲོག་པར་རེ་བ་བྱེད། 

འདི་འདྲིའི་ཉུང་ཞིང་ཚར་ཉེན་ཡོད་པ་ཞིག་ཡིན་ཀྱང་མི་རྣམས་ཀྱིས་དེ་ཤེས་ཀྱི་མི་འདུག

དེང་རབས་ཕྱུགས་ལས་དང་ཞིང་ལས།  མིའི་རྔོན་ལས་ཀྱི་མགྱོགས་མྱུར་འཕེལ་རྒྱས་ཀྱིས་དགོ་དམར་འཚོ་གནས་ཀྱི་བར་སྟོང་ཇེ་ཆུང་དུ་བཏང་བས་མིག་སྔར་དེའི་ཁ་གྲངས་ན་༩༠༠ ལ་མི་ལོངས་བ་ཞིག་ལས་མེད། 

མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ལ།  སྔོན་ཆད་ཀྲུང་གོའི་རྒྱལ་ཁབ་ས་རྒྱུསཀྱིས་རང་རྒྱལ་ཀྱི་ཆེས་མཛེས་པའི་མཚེའུ་ཞེས་གདེང་འཇོག་བྱས་མྱོང་ལ།  མཛེས་སྡུག་ལྡན་པའི་མཚོ་མོ་འདིའི་འགྲམ་དུ་འཛམ་གླིང་དགོ་བའི་ཁྱིམ་རྒྱུད་ཁྲོད་ཀྱི་ཆེས་ཚར་ཉེན་ཡོད་པའི་སྲོག་ཆགས་སྟེ།  དགོ་དམར་འཚོ་བཞིན་ཡོད་པ་རེད། 

བང་གིས་རྒྱུག་དུས་ཉག་ཕྲན་སྟོང་ལས་ཤོར་བ་དང་འདྲ་ཞིང་མཆོང་ལྡིང་བྱེད་དུས་པཱ་ལེའི་བྲོ་བ་ཞིག་དང་མཚུངས།  འདི་ནི་མི་རྣམས་ཀྱིས་རྒྱུན་དུ་དགོ་དམར་ལ་བསྟོད་བསྔགས་བྱེད་པའི་དཔེ་འཇོག་ཡིན།  འོན་ཀྱང་།  སྙིང་དུ་སྡུག་པའི་སྲོག་ཆགས་འདི་རིགས་ད་ལྟ་རང་རྒྱལ་གྱི་ཚར་ཉེན་ཡོད་པའི་ཁྱད་ལྡན་རི་སྐྱེས་སྲོག་ཆགས་སུ་གྱུར་ཡོད། 

མཚོ་སྔོན་པོ་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་༢༠༡༣ལོའི་བརྟག་དཔྱད་གཞི་གྲངས་ལྟར་ན།  མཚོ་སྔོན་པོའི་ཡུལ་དུ་ཡོད་པའི་དགོ་དམར་གྱི་ཁ་གྲངས་༩༠༠ལ་མི་འབུད་པ་དང་།  མིག་སྔར་དགོ་དམར་འདི་དག་མཚོ་སྔོན་པོའི་འགྲམ་གྱི་ཁ་ཐོར་དུ་ཡོད་ས་ཁུལ་༡༠རུ་དཀའ་སྡུག་གིས་འཚོ་བཞིན་ཡོད་ཅིང་།  དེ་དག་གི་བར་དུ་འགོག་རྐྱེན་མང་པོ་ཡོད་པས་ཁོ་ཚོས་ཕན་ཚུན་ལ་འབྲེལ་འདྲིས་གང་ཡང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། 

མཚོ་སྔོན་པོའི་འགྲམ་དུ་འཚོ་སྡོད་བྱེད་ཀྱིན་པའི་བོད་རིགས་འབྲོག་པ་རྣམ་རྒྱལ་གྱིས་བཤད་ན།  དུས་རབས་སྔོན་མའི་ལོ་རབས༥༠་བར།  འབྲོག་པའི་རྩྭ་སའི་མཐའ་འཁོར་དུ་དགོ་དམར་ཁྱུ་དང་ཁྱུ་བྱས་ཏེ་འགྲོ་བ་མཐོང་རྒྱུ་ཡོད་ཀྱང་།  བློ་ཡུལ་ལས་འདས་པ་ཞིག་ལ།  ལོ་༡༠༠ཙམ་གྱི་རྗེས་སུ་ནང་སོག་རང་སྐྱོང་ལྗོངས་དང་།  ཀན་སུའུ་ཞིང་ཆེན།  ཉིང་ཞ་ཁ་ཆེ་རིགས་རང་སྐྱོང་ལྗོངས།  ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་མཚོ་སྔོན་བཅས་ཀྱི་ས་ཆར་ཁྱབ་ཡོད་པའི་སྲོག་ཆགས་འདི་རིགས་ལ་འདི་འདྲིའི་ལས་དབང་སྐྱོ་བོ་ཞིག་བྱུང་བ་རེད། 

འདས་པའི་ལོ་བཅུའི་ནང་དུ་དགོ་དམར་ནི་ཁེར་རྐྱང་གིས་འཚོ་སྟེ།  ཚད་སྟུག་པོའི་མིའི་རིགས་ཀྱི་བྱ་འགུལ་དེ་རིམ་བཞིན་སྐམ་སའི་དབུས་ཁུལ་གྱི་རྩྭ་ཐང་དུ་སྤར་པ་དང་འགྲོགས་ནས་དགོ་དམར་གྱི་ཕ་ཡུལ་ཡང་ཞོད་འཇགས་ཀྱིས་གནས་ཐབས་བྲལ་བར་གྱུར།  དེང་རབས་ཕྱུགས་ལས་དང་བཟོ་ལས།  མིའི་རྔོན་ལས་ཀྱི་མགྱོགས་མྱུར་འཕེལ་རྒྱས་དང་བསྟུན།  དགོ་དམར་འཚོ་གནས་ཀྱི་བར་སྟོང་ཇེ་ཆུང་དུ་སོང་སྟེ་ཐ་མར་མཚོ་སྔོན་པོའི་མཐའ་སྐོར་ནས་མ་གཏོགས་དེ་མཐོང་རྒྱུ་མེད་མེད་པ་ཞིག་ཏུ་གྱུར་བ་རེད། 

དགོ་དམར་གྱི་མཐའ་མཇུག་གི་གནོད་འབྱོལ་ཁང་ལྟ་བུ་ཡིན་པའི་མཚོ་སྔོན་པོ་འང་ཡུན་རིང་ཞོད་འཇགས་ཀྱིས་གནས་མ་ཐུབ་སྟེ།  དུས་རབས་སྔོན་མའི་ལོ་རབས༩༠བར།  མཚོ་སྔོན་པོའི་ཡུལ་གྱི་རྩྭ་ས་སྒེར་ལ་བགོས་རྗེས་འབྲོག་མ་རྣམས་ཀྱིས་ལྕགས་དྲ་རྒྱ་ཆེར་བསྐོར་ཞིང་།  དེས་དགོ་དམར་གྱི་འཚོ་རྟེན་བྱེད་སའི་རྩྭ་ས་ཡང་བསྐྱར་དུམ་གཅོད་ཐེངས་ཤིག་བྱས་པས་སྔར་ལས་ལྷག་པའི་གནོད་སྐྱོན་བཟོས་པ་རེད། 

ཕྱུགས་ལས་ཀྱི་འཕེལ་རྒྱས་ཀྱིས་མགྱོགས་པོར་དགོ་དམར་འཚོ་གནས་ཀྱི་བར་སྟོང་ཇེ་དོག་ལ་བཏང་སྟེ་ཁོ་ཚོ་བཟའ་ཆས་དང་འཐུང་ཆུས་མི་འདང་བའི་དཀའ་ངལ་གྱི་གནས་སུ་དེད་ཡོད།  ལྕགས་ལམ་དང་གཞུང་ལམ་གྱིས་དགོ་དམར་དག་གི་བར་བཀག་ཡོད་པས་ཁོ་ཚོ་རང་དབང་གིས་གནས་སྤོར་བ་དང་ཕན་ཚུན་འདྲིས་ནས་རྒྱུད་སྤེལ་པར་གནོད་པ་ཚབས་ཆེན་བཟོས་ཡོད།  མ་ཟད།  ལྕགས་དྲས་དགོ་དམར་དག་དེའི་སྟེང་དུ་བཀལ་ནས་འཆི་བའི་ཉེན་ཁ་བཟོས་ཡོད་པ་དང་།  དགོ་དམར་མང་པོ་ཞིག་རང་བྱུང་གི་དགྲ་བོ་ལས་ཐར་མ་ཐུབ་པར་ཤི་བ་རེད། 

༡༩༩༦ལོར།  འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ(IUCN)གྱིས་དགོ་དམར་ཚར་ཉེན་ཆེས་ཆེ་བའི་སྲོག་ཆགས་ཀྱི་རིགས་སུ་བདམས།  ༢༠༠༨ལོར་ཚར་ཉེན་རིམ་པར་བདམས།  ༡༩༩༩ལོར་རང་རྒྱལ་གྱིས་བཀྲམ་པའི་ཚར་ཉེན་ཡོད་པའི་སྲོག་ཆགས་རིགས་ཀྱི་དེབ་དམར་ནང་དུ་དགོ་དམར་ཧ་ཅང་ཚར་ཉེན་ཡོད་པའི་གྲས་སུ་བཞག་ཡོད།  ༢༠༠༠ལོར་དགོ་དམར་རང་རྒྱལ་གྱི་མྱུར་སྐྱོབ་བྱ་དགོས་པའི་རི་སྐྱེས་སྲོག་ཆགས་རིགས་༡༥ནང་གི་གཅིག་ལ་བཞག དགོ་དམར་ནི་འདི་འདྲའི་ཚར་ཉེན་ཡོད་པ་ཞིག་ཡིན་ཀྱང་དེ་མི་རྣམས་ཀྱིས་དེ་ཤེས་ཀྱི་མི་འདུག

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཅང་ཀྲི་ཀང་གིས་སྔོན་ཆད་ཁོར་བཅར་འདྲི་བྱེད་དུས་བཤད་རྒྱུར།  དགོ་དམར་གྱིས་འོ་འཐུང་སྲོག་ཆགས་ཆེ་ཤོས་ཀྱི་སྐྱེ་དངོས་འཕེལ་འགྱུར་ལོ་རྒྱུས་སྟེང་གི་དམིགས་བསལ་གཞི་རྒྱུ་བཟུང་ཡོད་པས།  གལ་ཏེ་དེ་ཉམས་ཚེ་སའི་གོ་ལོའི་རང་བྱུང་སྐྱེ་ཁམས་ལ་གསབ་མི་ཐུབ་པའི་གྱོང་གུད་བྱུང་བ་རེད། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060