སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གསོན་ཤུགས་ཀྱི་དཔལ་འབར་བའི་བོད་ཀྱི་རྫ་ཆས།
སྤེལ་དུས། 2016-07-28   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་པ་པོ།  སྐྱ་རེངས།
བོད་ཀྱི་རྫ་ཆས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ལ་བརྟག་དཔྱད་བྱས་པ།
          ཉེ་ཆར། གསར་འགོད་པས་རང་ལྗོངས་ཀྱི་བོད་ཀྱི་རྫ་ཆས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ལ་བཅར་འདྲི་དང་བརྟག་དཔྱད་བྱེད་སྐབས། སྤྱི་ཚོགས་ཁོར་ཡུག་ལ་འགྱུར་ལྡོག་འགྲོ་བ་དང་སྦྲགས་བོད་ཀྱི་རྫ་ཆས་འཕེལ་རྒྱས་ལའང་བཟོ་རྩལ་གྱི་ཉམས་རྒུད་དང་། ལག་ཤེས་ལྡན་མི་སྣ་དཀོན་པ། དཔལ་འབྱོར་ཕན་འབྲས་ཆུང་བ་སོགས་ཀྱི་འཇུར་མིག་གནད་དོན་འཕྲད་དང་འཕྲད་བཞིན་ཡོད་པ། བོད་ཀྱི་རྫ་ཆས་ལ་སླར་ཡང་གསོན་ཤུགས་འཕེལ་དགོས་ཚེ་རང་འགུལ་ངང་འགྱུར་ལྡོག་གཏོང་བ་དང་དེང་རབས་སྤྱི་ཚོགས་ཀྱི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ལུགས་ཤེས་རྟོགས་བྱུང་།
          སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་འཚོ་བའི་བསྡུས་རིས།
          ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དག་པ་གྲོང་ཚོའི་དག་པའི་རྫ་ཆས་ལ་ཆ་མཚོན་ན། ས་གནས་དེ་གར་ཐུན་མོང་མ་ཡིན་པའི་རྫ་ས་དཀར་པོ་ཞིག་ཡོད་པ་དང་སྔར་ནས་ད་བར་དག་པ་གྲོང་ཚོའི་གྲོང་མིས་སླེ་པོའི་ནང་རྫ་ས་དཀར་པོ་དབོར་གྱི་ཡོད། རྫ་ཆས་བཟོ་བ་དང་། འོད་འདོན་པ། བསིལ་སྐམ་གཏོང་བ། སོ་ཕག་དང་རྫ་སོགས་ལ་སོ་གཏོང་བ་སོགས་བརྒྱུད་རིམ་སྣ་ཚོགས་བརྒྱུད་དག་པའི་རྫ་ཆས་གཞི་ནས་གྲུབ་ཐུབ། གཞན་ཡང་རི་མོ་བརྐོ་རྒྱུ་ནི་རྫ་ཆས་བཟོ་བའི་བརྒྱུད་རིམ་ཁྲོད་ཀྱི་སྙིང་བཅུད་ཅིག་དང་རྫ་ཆས་བཟོ་མཁན་གྱིས་ཤིང་གྲི་སོགས་སྟབས་བདེའི་ཡོ་བྱད་སྤྱད་དེ་འཚོ་བའི་ཁྲོད་ཀྱི་མཛེས་དཔྱད་དང་འཆར་སྣང་དག་རྫ་ཆས་ཐོག་བཀོད་སྟབས་རྩྭ་རྩི་ཤིང་དང་བཀྲ་ཤིས་མཚོན་རྟགས་ཀྱི་རི་མོ་སོགས་ཀྱིས་བོད་ཀྱི་རྫ་ཆས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་རྟགས་མང་པོ་མངོན་ཐུབ།
          དེང་གི་སྤྱི་ཚོགས་ཐོག་གི་འཇུར་མིག་མང་དག་ཅིག
          ད་ཆ་ལྷ་ས་གྲོང་ཁུལ་གྱི་སྲང་ལམ་དང་མཐའ་འཁོར་གྲོང་གསེབ་ཏུ་རྫ་ཆས་བཟོ་མཁན་གྱིས་བོད་ཀྱི་རྫ་ཆས་ཁག་གཅིག་ལམ་ཟུར་དུ་འཚོང་བ་སྐབས་འགར་མཐོང་རྒྱུ་ཡོད་མོད། འོན་ཀྱང་ལྷ་སའི་བར་སྐོར་དང་ཁྲོམ་གཟིགས་སྒང་སོགས་ཁྲོམ་ར་འཁྲུག་ཤོས་སུ་རྫ་ཆས་འཚོང་མཁན་ཧ་ཅང་ཉུང་ཉུང་ཡིན། བོད་ཀྱི་རྫ་ཆས་དང་། བོད་ཤོག བོད་སྤོས་སོགས“བོད་ཀྱི་མིང་བྱང”རིམ་བཞིན་ཁྲོམ་ར་ནས་མེད་པར་གྱུར་དོན་གང་ཡིན་ནམ། དེའི་ཐད་གསར་འགོད་པས་ལྷ་ས་གྲོང་ཁྱེར་བོད་ཀྱི་རྫ་ཆས་བཟོ་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། ཐོན་སྐྱེད་ཀུང་སི། ཕྱིར་ཚོང་ཚོང་པ་སོགས་ཀྱི་སར་བསྐྱོད་དེ་བོད་ཀྱི་རྫ་ཆས་མི་རྣམས་ཀྱི་མིག་ལམ་དུ་མངོན་མི་ཐུབ་པའི་རྒྱུ་རྐྱེན་འཚོལ་རྒྱུའི་ཚོད་ལྟ་བྱས་པ་ལས་མངོན་པ་ནི།
          རྒྱུ་རྐྱེན་དང་པོ། དེང་རབས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པ། སྔོན་ཆད་བོད་ཀྱི་རྫ་ཆས་ནི་བོད་རིགས་མི་སེར་ཚོའི་ཁྱིམ་ནང་གི་མེད་དུ་མི་རུང་བའི་འཚོ་བའི་སྣོད་ཆས་ཤིག་ཡིན་མོད། འོན་ཀྱང་དེང་རབས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་སོང་བ་དང་སྦྲགས། རྫ་ཆས་ཀྱི་ཚབ་བྱེད་ཐུབ་པའི་དངོས་རྫས་མང་པོ་ཡོད།
          རྒྱུ་རྐྱེན་གཉིས་པ། རྫ་ཆས་བཟོ་རྩལ་ད་བར་འཕེལ་མེད་སོར་གནས་ཡིན། རྫ་ཆས་བཟོ་རྩལ་ནི་དུས་ཡུན་རིང་པོའི་ནང་མིའི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་མཚོན་བྱེད་ཅིག་ཡིན་པ་དང་བོད་ཀྱི་རྫ་ཆས་ཀྱང་དེ་ལྟར་ཡིན། འོན་ཀྱང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས། བོད་ཀྱི་རྫ་ཆས་བཟོ་རྩལ་ཡང་འཕེལ་མེད་སོར་གནས་དང་ཐ་ན་ཉམས་རྒུད་དུ་སོང་བའི་གནས་སུ་གྱར་ཡོད།
          རྒྱུ་རྐྱེན་གསུམ་པ། བཟོ་རྩལ་གྱི་མ་གནས་དང་དཔལ་འབྱོར་ཕན་འབྲས་དབར་འགལ་བ་ཐོན་ཡོད། མིག་སྔར་བོད་ཀྱི་རྫ་ཆས་བཟོ་རྩལ་ཐད་གཞི་ཁྱོན་ཆེ་བ་དང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་བྱུང་མེད། མ་ཟད། མི་རྣམས་ཀྱིས་སྣང་མེད་དུ་འཇོག་པའི་བོད་ཀྱི་རྫ་ཆས་མེ་གཞོང་བཟོ་སྐྲུན་དང་རི་མོ་བརྐོ་བའི་བརྒྱུད་རིམ་གཉིས་ཁོ་ནར་རྫ་བཟོ་མཁན་གྱི་ཉིན་གཅིག་གི་དུས་ཚོད་སྤྱད་དགོས་པའི་ཁར་བསིལ་སྐམ་གཏོང་བ་དང་། སོ་ཕག་དང་རྫ་སོགས་ལ་སོ་གཏོང་བ་སོགས་བརྒྱུད་རིམ་ཁྲོད་འཕྲོ་བརླག་འགྲོ་ཚད་དང་དུས་ཚོད་ཀྱི་མ་གནས་དེ་རྫ་ཆས་མེ་གཞོང་གི་ཁྲོམ་རའི་དུད་སྣེའི་ཕྱིར་ཚོང་གི་སྒོར་སྟོང་ཕྲག་དང་མཉམ་གྱི་ཡོད། འཕར་བ་ལས་ཆག་མེད་པའི་བཟོ་སྐྲུན་མ་གནས་ཀྱིས་བོད་ཀྱི་རྫ་ཆས་ཀྱི་དཔལ་འབྱོར་ཕན་འབྲས་ལ་ཚོད་འཛིན་ཤུགས་ཆེན་བཟོས་པ་དང་། དེས་རྐྱེན་པས་བོད་ཀྱི་རྫ་ཆས་བཟོ་མཁན་མི་ཉུང་བ་ཞིག་མེད་པར་འགྱུར་བའམ་ཡང་ན་ཁྱབ་ཁོངས་གཞན་དུ་འགྲོ་བཞིན་ཡོད།
          རང་འགུལ་ངང་འགྱུར་ལྡོག་བཏང་ནས་སླར་ཡང་གསོན་ཤུགས་གསར་པ་འཕེལ་བ་བྱས་པ།
          བོད་ཀྱི་རྫ་ཆས་དེ་དེང་རབས་སྤྱི་ཚོགས་ཀྱི་མཛེས་དཔྱད་དང་མཐུན་པར་བྱ་ཆེད། མིག་སྔར་ལྷ་ས་ས་མཐོའི་མ་ཡུམ་བཟོ་ཚོང་ཚད་ཡོད་ཀུང་སིས་བོད་ཀྱི་རྫ་ཆས་ཀྱི་ཚོན་མདོག་དང་། སྤུས་ཀ བཟོ་ལྟ་སོགས་ཀྱི་ཐད་ཞིབ་འཇུག་བྱས་ཡོད། ཀུང་སིས་ཆེད་མི་བཏང་སྟེ་བོད་ཀྱི་སྲོལ་རྒྱུན་རྫ་བཟོའི་ཕ་ཡུལ་དུ་ལག་རྩལ་ཁོང་དུ་ཆུད་མཁན་གྱི་བགྲེས་སོང་ལ་བཀའ་འདྲི་ཞུས་པ་དང་། ས་གནས་ཁག་ནས་རྫ་ས་དང་རྫ་རྡོ་འབོར་ཆེན་བསྡུ་ལེན་བྱས་ཏེ་ཚོད་ལྟའི་ལས་དོན་སྤེལ་ཁར་རྫ་ས་དང་རྫ་རྡོ་མི་འདྲ་བ་རྣམས་བསྡུར་ཚད་མི་འདྲ་བའི་ཐོག་ནས་མཉམ་བསྲེས་བྱས་ཏེ་སྤྱོད་གོ་མི་འདྲ་བའི་རྫ་ཆས་བཟོ་བའི་རྒྱུ་ཆ་གྲུབ་ཡོད། གཡུ་རྩི་སྔོན་པོ་དང་། སེར་པོ། རྫ་མདོག་བཅས་ཞིབ་བཟོ་ལེགས་གྲུབ་བྱུང་བ་དེས་ཀྱང་བོད་ཀྱི་རྫ་ཆས་ཚོན་གཅིག་མ་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་ཚོན་ཁྲ་འདྲ་མིན་སྣ་ཚོགས་ཀྱི་རྫ་ཆས་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།

          བོད་རིགས་ཀྱི་རྫ་ཆས་བཟོ་རྩལ་གྱི་ལོ་རྒྱུས་དེ་རྡོ་ཆས་གསར་མའི་དུས་སྐབས་ཀྱི་བར་ཁུངས་འདེད་ཆོག་ལ། ཆབ་མདོའི་ཁ་རུབ་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་རྫ་ཆས་དེ་དག་ནི་བོད་རིགས་ཀྱི་སྔོན་བྱོན་མེས་པོའི་ཆེས་སྔ་ཤོས་ཀྱི་འཇིམ་རྐོས་བརྩམས་ཆོས་ལ་བརྩིས་ཆོག་གི་ཡོད། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་བོད་ཀྱི་རྫ་ཆས་བཟོ་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། ཚོས་གཞི་དང་། བཟོ་དབྱིབས། རི་མོ་སོགས་ལ་གསར་གཏོད་དང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། མིག་སྔར། བོད་ཀྱི་རྫ་ཆས་དམར་པོ་བཟོ་རྩལ་དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་དམངས་ཁྲོད་རྫ་ཆས་བཟོ་གྲྭར་སྲེག་རྒྱུར་བསྐྱལ་བའི་ཁོག་ལྟིར་མེ་ཁོག་་ཡིན་པ།
འདི་ནི་བོད་ཀྱི་དམངས་ཁྲོད་རྫ་བཟོ་བས་སྲོལ་རྒྱུན་རྫ་ཆས་ལ་རི་མོ་བརྐོས་པའི་གནས་ཚུལ་ཡིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་དམངས་ཁྲོད་རྫ་ཆས་བཟོ་གྲྭར་མཁས་དབང་གིས་ལས་མི་དང་རྫ་ཆས་བཟོ་རྩལ་གྱི་ཉམས་མྱོང་ཕན་ཚུན་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

          ལྷ་ས་གྲོང་ཁྱེར་རིག་གནས་ཐོན་ལས་འཕེལ་རྒྱས་ཆེད་སྤྱོད་མ་དངུལ་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག ན་ནིང་རང་ལྗོངས་ཀྱིས་ལྷ་ས་ས་མཐོའི་མ་ཡུམ་བཟོ་ཚོང་ཚད་ཡོད་ཀུང་སིར་བོད་རྫའི་རྟེན་རྫས་བཤམས་མཛོད་ཁང་བཙུགས་ཤིང་། འདི་ནི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཚེ་དབང་ཆོས་རྒྱལ་གྱིས་ཁོག་མ་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716