སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཚོ་སྔོན་འབའ་རྫོང་དུ་ཁ་བཏགས་ཐོན་སྐྱེད་བཟོ་གྲྭ་ཨང་དང་པོ་བསྐྲུན།
སྤེལ་དུས། 2015-09-21   ཡོང་ཁུངས། ངེད་དྲ་བ།   རྩོམ་པ་པོ།  རྟ་མགྲིན།
   ཉེ་དུས། མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཁ་བཏགས་ཐོན་སྐྱེད་ལས་སྣོན་བཟོ་གྲྭ་ཨང་དང་པོ་དེ། མཚོ་ལྷོ་ཁུལ་འབའ་རྫོང་དུ་བསྐྲུན་ཟིན་པ་དེའི་ཐོག་ནས། མཚོ་སྔོན་བོད་རིགས་ས་ཁུལ་དུ་རང་ཡུལ་གྱི་ཁ་བཏགས་དང་དར་ལྕོག་ཐོན་སྐྱེད་བྱེད་མཁན་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཞིང་། ས་ཁོངས་དེའི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་དང་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ཆེད་ཐོན་ལས་རྣམ་གྲངས་གསར་པ་བཏོད་པ་དང་། ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་མཚོ་སྔོན་ཞིང་ཆེན་དུ་ཁ་བཏགས་དང་དར་ལྕོག་པར་སྐྲུན་བཟོ་གྲྭ་མེད་པའི་སྟོང་ཆ་གསབ་རྒྱུ་རེད།
   བཟོ་གྲྭ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཞིང་ཆེན་རིམ་པའི་དབུལ་སྒྲོལ་ཐོན་ལས་གླིང་དུ་གནས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་561བཏང་ཡོད། འཁོར་ཁང་དང་ལས་སྒྲུབ་ཁང་སྨི་ངོས་གྲུ་1500ལྷག་ཙམ་བསྐྲུན་པ་དང་། མཛོད་འཇུག་སྒྲིག་བཀོད་སྨི་ངོས་གྲུ་500ཡོད་པར་པར། ངོས་སྙོམ་པོ་བཟོ་ཆས་དང་། ཁ་ཞེང་ཆེ་བའི་འཁེལ་འཐག་འཕྲུལ་འཁོར་གསར་པ་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། གཙོ་བོར་ཁ་བཏགས་སྣ་ཚོགས་དང་དར་ལྕོག་སོགས་མི་རིགས་ཀྱི་འཁེལ་འཐག་ཐོན་རྫས་ཐོན་སྐྱེད་བྱ་རྒྱུ་རེད།
   དབུལ་སྒྲོལ་ཐོན་ལས་གླིང་གི་རྣམ་གྲངས་སྤྱི་ཁྱབ་ལྟ་ཞིབ་པས་ངོ་སྤྲོད་བྱས་པར་གཞིགས་ན། དེ་སྔོན་མཚོ་སྔོན་བོད་རིགས་ས་ཁུལ་དུ་ཆེད་ལས་ཀྱི་ཁ་བཏགས་ཐོན་སྐྱེད་ལས་སྣོན་བཟོ་གྲྭ་མེད་སྟབས། ས་གནས་ཀྱི་ཞིང་འབྲོག་པར་མཁོ་བའི་ཐོན་རྫས་དེ་དག་ཚང་མ་སི་ཁྲོན་ནས་དབོར་དགོས་ཀྱི་ཡོད་པས། ལམ་ཐག་རིང་བ་དང་རིན་གོང་མཐོ་ཁར་ཚོས་གཞི་ཡང་སྣ་ཁ་འཛོམས་པོ་མེད། དགུན་དུས་ཁ་བ་ཆེན་པོ་བབས་པ་དང་སྐབས་འཁེལ་ན། དེ་བས་མཁོ་སྤྲོད་འགན་ལེན་བྱེད་ཐབས་བྲལ་ཡོད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་རྣམ་པ་དེར་འགྱུར་ལྡོག་དཔྱིས་ཕྱིན་པ་འགྲོ་རྒྱུ་མ་ཟད། ས་ཆ་དེ་རང་ནས་ཐོན་སྐྱེད་ལས་སྣོན་བྱས་པའི་ཁ་བཏགས་དང་དར་ལྕོག་སོགས་ཐོན་རྫས་ཀྱིས་ས་ཁུལ་དེ་གའི་དགོས་མཁོ་སྐོང་ཐུབ་པའི་ཁར། ད་དུང་སི་ཁྲོན་སོགས་མཐའ་འཁོར་ཞིང་ཆེན་དུ་ཕྱིར་འཚོང་ཡང་བྱེད་ཐུབ་རྒྱུ་རེད།
   མིག་སྔར་བཟོ་གྲྭ་དེས་སི་ཁྲོན་ཁྲེང་ཏུའུ་ཁ་བཏགས་ལས་སྣོན་བཟོ་གྲྭ་དང་མཉམ་ལས་གྲོས་མཐུན་བཞག་ནས། སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མ་11ཁྲེང་ཏུར་ལས་ཞུགས་གོང་གི་གསོ་སྦྱོང་བྱེད་པར་མངགས་པ་དང་ཆབས་ཅིག་ཁྲེང་ཏུའུ་ཁ་བཏགས་ལས་སྣོན་བཟོ་གྲྭའི་ལག་རྩལ་པ་4བཟོ་གྲྭའི་བཟོ་པར་བརྒྱུད་རོགས་ཁྲིད་གསུམ་བྱེད་པར་གདན་དྲངས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁ་བཏགས་ཐོན་སྐྱེད་ལས་སྣོན་བཟོ་གྲྭ་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན། ལོར་ཐོན་རྫས་རིན་ཐང་སྒོར་ཁྲི་255དང་ལོའི་ཁེ་སྤོགས་སྒོར་ཁྲི་བརྒྱ་ཙམ་ཟིན་ནས། དུད་ཚང་དབུལ་པོ་690ཡི་མི་གྲངས་2780ལ་རོགས་རམ་ཐུབ་སྟེ། དུད་ཚང་རེར་ཆ་སྙོམས་ལོར་ཡོང་འབབ་སྒོར་597འཕར་རྒྱུ་ཡིན་ཞིང་། དེས་ཐག་ཉེ་སར་ཕྱུག་འགྱུར་དང་ས་གནས་ཀྱི་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ཁར། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཡོང་རྒྱུ་དང་དུས་མཚུངས། འཁེལ་འཐག་ལས་སྣོན་ལག་རྩལ་ཐད་ཀྱང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་རེད། འབྱུང་འགྱུར་བཟོ་གྲྭ་དེས་རང་སའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་ཁྲོམ་རའི་དགོས་མཁོ་དང་དཔལ་འབྱོར་གྱི་ཕན་འབྲས་ལེགས་པའི་སྤུས་རྟགས་གཏོད་རྒྱུ་རེད།
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070