སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བསླབ་བྱ་གསལ་བར་སྟོན་པའི་ལེགས་བཤད་ཟླ་བའི་བསྟན་བཅོས།
སྤེལ་དུས། 2016-05-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དཀྱིལ་ཟུར་བློ་བཟང་སྦྱིན་པ།

ཨོཾ་བདེ་ལེགས་སུ་གྱུར་ཅིག    ཚོགས་གཉིས་ཆུ་ཤེལ་ཁམས་ལས་གྲུབ།  ཡོན་ཏན་ཆ་ཤས་ཡོངས་རྫོགས་ཤིང་།   །ཐུགས་རྗེའི་འོད་དཀར་འབུམ་སྤྲོ་བའི་ཐུབ་དབང་སྨྲ་བའི་ཟླ་བར་འདུད།  ཆོས་དང་འཇིག་རྟེན་ཁྲིམས་ལུགས་གཉིས།   འགལ་མེད་མཉམ་པོར་སྤྱོད་པའི་ཚུལ།   རབ་གསལ་ཟླ་བའི་བསྟན་བཅོས་འད།   མགྲིན་པའི་མཚོ་ནས་འདིན་ལ་སྤྲོ།   །ཆོས་བཞིན་སྐྱོང་བའི་རྒྱལ་པོ་ལ།  །བརྟེན་ན་འབངས་ཀྱི་དོན་གཉིས་འགྲུབ།  །ཟླ་བའི་འོད་དཀར་ལ་བརྟེན་ན། །ཚ་བའི་གདུང་བ་སེལ་བ་ཡིན།  །ཤེས་ལྡན་སློབ་ཚེ་ངལ་ན་ཡང་།   །རིམ་གྱིས་ཡོན་ཏན་ལྡན་པར་འགྱུར།  །ཟླ་བ་མར་ངོར་འགྲིབ་གྱུར་ཀྱང་།  །དཀར་པོའི་ཕྱོགས་སུ་རིམ་གྱིས་འཕེལ།  །བསོད་ནམས་མེད་པའི་སྐྱེ་བོ་ལ།  །འབྱོར་བ་ཐོབ་ཀྱང་ག་ལ་རྟག  །ཟླ་བ་ཡར་ངོར་རྒྱས་ན་ཡང་།  །ནག་པའི་ཕྱོགས་སུ་འགྲིབ་ལ་ལྟོས།། བསོད་ནམས་ལྡན་པའི་སྐྱེ་བོ་ཡིས།  །ལོངས་སྤྱོད་བཏང་ཡང་ངང་གིས་འདུ།  །ཟླ་འོད་ལ་བརྟེན་ལྗོན་ཤིང་གི   །ཡལ་ག་བཅད་ཀྱང་ངང་གིས་སྐྱེ།  །ཆོས་པས་གཉེན་ལ་ཆགས་སེམས་ཀྱིས།  །ཁྱིམ་གྱི་ཁ་འཛིན་བྱེད་པ་ནི།  །ཟླ་འོད་ཕོག་པས་ཡི་དྭགས་རྣམས།   །ཚ་བའི་གདུངས་དང་ཅིས་མི་མཚུངས།  །བློ་ལྡན་རྣམས་ཀྱིས་འཕགས་ནོར་བདུན།  །རིམ་གྱིས་བསགས་ན་དོན་ཆེན་འགྲུབ།   །ཡར་ངོའི་དུས་ཀྱི་ཟླ་ཚེས་དེ།  །རིམ་གྱི་ཆ་ཤས་ཡོངས་སུ་རྫོགས།  །ཕྱོགས་ལྷུང་སྡང་ཤུགས་ལྡན་པ་ཡིས།   །མཐོ་ལ་འགྲན་སེམས་བྱེད་པ་ནི།  །མར་ངོའི་དུས་ཀྱི་ཟླ་བ་བཞིན།།  རང་གི་བསོད་ནམས་ཉམས་པའི་རྒྱུ།  །མི་ལྕོགས་བྱ་བ་རྩོམ་པ་དང་།   །མི་ཐུབ་མཐོ་སར་སྡོད་འདོད་པ།  །བྱིས་པ་ཆུང་ངུས་ཟླ་དཀྱིལ་ལ།  །སྤར་འཛིན་བྱེད་པར་འདོད་དང་མཚུང་།  །དེང་དུས་སྐྱེ་བོ་གསར་འགྲོགས་ཚེ།   ཡིད་བརྟན་ཐུབ་པ་དཀོན་པས་ན།  །མཆོག་གཟུམ་ཟླ་བའི་དཀྱིལ་འཁོར་ལ།  །བློ་གཏོད་འཆོལ་ལ་གསོལ་བ་ཐོབས།   །འོན་ཀྱང་བཞིན་འཛུམ་ཚིག་འཇམ་གྱིས།  །མཐོ་དམན་འབྲིང་གསུམ་མགུ་བར་གྱིས།  །སྤྲིན་བྲལ་ཟླ་བའི་དཀྱིལ་འཁོར་ལ།   འཇིག་རྟེན་ཐམས་ཅད་དགའ་བ་ཡིན།  །རང་ལ་བློ་གཏད་བཅོལ་བ་རྣམས།  །བུ་བཞིན་བསྐྱངས་ནས་བསླབ་བྱ་སློབ།  །ཟླ་བས་འཇིག་རྟེན་ཀུཎྡའི་ཚལ།   །གཉེན་བཞིན་བསྐྱངས་ནས་རྒྱས་པར་བྱེད།   །རང་ཉིད་ཡོན་ཏན་མང་ལྡན་ཡང་།   །ཉམ་ཆུང་དམན་ས་བཟུང་ན་མཛེས།  །ཤིན་ཏུ་དཀར་བའི་ཁང་བཟང་ལའང་།   །དགུང་ཟླའི་འོད་ཀྱིས་བྱུགས་ན་མཛེས།   །ལྷག་པར་ཆེ་ཆེ་མཐོ་མཐོ་དང་།  །མཇལ་ཚེ་དམའ་དམའ་ཞུམ་ཞུས་གྱིས།    །ཚ་བས་གདུངས་ལ་ཟླ་ཟེར་བཞིན།  །རང་ལ་དམ་དུམ་ཕན་པར་འགྱུར།   །ཡིད་བརྟན་ཐུབ་པའི་གྲོགས་བཤེས་ནི།  །ཐག་རིང་ཡུལ་ན་གནས་ཀྱང་ཕན།  །དཔག་ཚད་དུ་མའི་བར་གནས་པའི།  །འོད་དཀར་ཅན་དང་ཀུནྡ་བཞིན།  ། ཆོས་བཞིན་སྤྱོད་པའི་བློ་ལྡན་གྱིས།   །རྙེད་བཀུར་གྲགས་འདོད་ཆེས་ན་ཉམས།   །དྲི་ཞིམ་ལྡན་པའི་པདྨས་ཀྱང་།    །ཟླ་བའི་འོད་ཟེར་བསྟེན་ན་ཟུམ།   །ཡ་རབས་སྐྱེ་བོའི་སྤྱི་བོ་རུ།   ། ཡིན་ཏན་ལྡན་པ་བསྟེན་ན་མཛེས་གངྒཱ་འཛིན་གྱི་གཙུག་རྒྱན་དུ།  །ཟླ་བའི་དཀྱིལ་འཁོར་མཛེས་པ་བཞིན།  །ཆོས་དང་འགལ་བའི་ལས་གཅིག་གིས།  །གཅིག་ལ་ཕན་ཀྱང་རང་ལ་གནོད།  །ཟླ་བའི་དཀྱིལ་འཁོར་ཤར་བའི་ཚེ།   །ཀུནྡ་བཞད་ཀྱང་པདྨ་ཟུམ།   །མཁས་པས་ཕྱོགས་ལྷུང་ཡོངས་དོར་ནས།  །གཞན་གྱི་དོན་ལ་ཞུགས་གྱུར་ན།  །ཟླ་ཉིའི་སྣང་བས་སེམས་ཅན་ལ།  །ཉེ་རིང་མེད་པ་འདི་དང་མཚུངས།   །དཔེ་མཁྱུད་བྱེད་པའི་གདམས་ངག་དེས།   །སློབ་བུའི་རེ་བ་སྐོང་ནུས་མིན།  །སྤྲིན་ཁྲོད་ཟླ་བའི་འོད་སྣང་ལས།    །སྒྲོན་མེའི་འོད་ལ་བརྟེན་ན་བཟང་།    །སེམས་བསྐྱེད་ལྡན་པའི་བཤེས་གཅིག་གིས།  །མཁའ་ཁྱབ་འགྲོ་བའི་དོན་བྱེད་ནུས།   །ཟླ་བའི་དཀྱིལ་འཁོར་གཅིག་གིས་ཀྱང་།   །གླིང་བཞི་ཀུན་གྱི་མུན་པ་སེལ།   །ཡོན་ཏན་མེད་ན་རྒྱན་གོས་ཀྱིས།  །བརྒྱན་ཀྱང་དགའ་བ་བསྐྱེད་ནུས་མིན།   །རི་མོར་བྲིས་པའི་ཟླ་བ་དེ།  །མཛེས་ཀྱང་མཛེས་པ་ཙམ་དུ་ཟད།   །གཞུང་གཅིག་ཤེས་པ་མང་པོའི་དབུས།  གནས་ལྔ་རིག་པའི་མཁས་པ་མཆོག   །རྒྱུ་སྐར་བྱེ་བའི་དབུས་སུ་ནི།  །ཟླ་བའི་དཀྱིལ་འཁོར་འགྲན་ཟླ་མེད།  །ལོངས་སྤྱོད་ཆོས་ཀྱིས་མི་བསྒྲུབ་པར།   །གཡོ་སྒྱུས་སྒྲུབ་འདོད་འཁྲུལ་བ་ཡིན།   །དབང་ཤེས་འཁྲུལ་བའི་གང་ཟག་ལ།    །ཟླ་བ་གཉིས་སུ་སྣང་བ་བཞིན།  །རིགས་གཟུགས་སྟོབས་འབྱོར་ལྡན་ན་ཡང་།  །ཡོན་ཏན་མེད་ན་གཞན་ཕན་དཀའ།  །ཉིན་པར་ཟླ་བ་ཤར་ན་ཡང་།  །འོད་ཟེར་སྤྲོ་བའི་གོ་སྐབས་མེད།  །མཆོད་སྦྱིན་གང་ཡང་མི་ནུས་པའི།  །ནོར་རྫས་ཇི་ཙམ་ཡོད་ཀྱང་ཅི།   །ཆུ་ནང་ཟླ་བའི་དཀྱིལ་འཁོར་དེ།  །དྭངས་ཤིང་གསལ་ཡང་སྙིང་པོ་མེད།   ནོར་དང་ལོངས་སྤྱོད་མི་ལྡན་ན།  །རིགས་རུས་མཐོ་ཡང་བརྩི་བ་ཉུང་།  །ཟླ་བ་འོད་ཟེར་ལྡན་ན་ཡང་།  །སྤྲིན་གྱིས་བསྒྲིབས་ན་རེ་བ་ཉུང་།  །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ།   །བདག་ཉིད་ཆེན་པོ་ཀུན་ལ་བྱམས།   །རྒྱལ་བའི་མཁྱེན་པས་ཀུན་ལ་ཁྱབ།  །ཟླ་ཉིའི་འོད་སྣང་ཀུན་ལ་སྙོམས།   །ཟླ་ཉིའི་བགྲོད་པ་ཟད་བར་དུ།   དུ་མའི་འགྲོ་ལ་ཕན་བཞེད་ན།  །ན་རྒ་འཆི་བ་མ་བྱུང་བར།   །བར་མཚམས་མེད་པར་ཆོས་ལ་སྤྱོད།  །མདོར་ན་དུས་དང་རྣམ་པ་ཀུན།  །མཁས་པའི་ལེགས་བཤད་ལ་བལྟས་ནས།   །ཚིག་དོན་རྣམས་ལ་དཔྱད་གྱུར་ན།  །བློ་གྲོས་ཡར་ངོའི་ཟླ་བཞིན་འཕེལ།   །འཇིག་རྟེན་མི་ཆོས་ལེགས་ཤེས་པ།  །དེ་ལ་དམ་པའི་ཆོས་མི་དཀའ།  །དེས་ན་ཟླ་བའི་བསྟན་བཅོས་འདིར།   །ཞུགས་ལ་རང་གཞན་དོན་སྒྲུབས་ཤིག   །དེ་ལྟར་ཟླ་བའི་ཁྱད་པར་གྱིས།   །མཚོན་པའི་བསླབ་བྱ་མདོར་བསྡུས་ནི།  །གུང་ཐང་འཇམ་པའི་དབྱངས་ཉིད་ཀྱི། །གཞུང་ལ་བརྟེན་ནས་བྱས་པ་ལགས།   །ལེགས་ཉེས་རྣམ་དབྱེ་ཅུང་ཟད་ཤེས་པའི་བདག་བློའི་ཆུ་གཏེར་དབུས་ནས་ཐོན།   །ལྷག་བསམ་དག་པའི་ཆ་ཤས་ཡོངས་རྫོགས་སྤྱོད་ཚུལ་གསལ་བྱེད་འོད་དཀར་གྱིས།  །བློ་ཡི་རྒྱ་མཚོ་འཕེལ་དང་ལྷན་ཅིག་འཇིག་རྟེན་སྙིང་གི་མུན་སེལ་བའི།  །ལེགས་བཤད་ཟླ་བའི་དཀྱིལ་འཁོར་འདི་ནི་འདྲེན་བྱེད་བདུད་རྩིར་བསྟེན་པར་རིགས།   །འདིར་འབད་ལེགས་བྱས་ཀེེ་ལ་ཤར།   །སྟོན་ཀའི་ཟླ་ཟེར་ཕོག་པ་བཞིན།   །རང་དཀར་ཇི་སྙེད་མཆིས་པ་དེ།   །སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག།

 ཅེས་འཇིག་རྟེན་མི་ཆོས་དང་འབྲེལ་བའི་བསླབ་བྱ་གསལ་བར་སྟོན་པའི་ལེགས་བཤད་ཟླ་བའི་བསྟན་བཅོས་ཞེས་བྱ་བ་འདི་ནི་མཁས་དབང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་ཤིང་གི་བསྟན་བཅོས་དེ་ཉིད་ངོ་མཚར་བར་མཐོང་ནས་བསྔགས་བརྗོད་མང་དུ་བྱས་པ་ན་རང་གི་ཟླ་བོ་དཀའ་ཆེན་རྒྱུན་བསྐང་བ་ནས་ཁྱེད་ནས་ཀྱང་འདི་དང་མཐུན་པའི་ལེགས་བཤད་ཅིག་བགྱིད་དགོས་ཞེས་སྐུལ་མ་བྱུང་བ་ལ་བརྟེན་ནས་བཀྲས་ལྷུན་དཀྱིལ་ཁང་གྲྭ་ཚང་གི་ཁྲི་འཛིན་པ༧དགེ་སློང་བློ་བཟང་སྦྱིན་པ་བདག་གིས་བྲིས་པ་ཡིན་པས་འདི་ལ་ནོར་འཁྲུལ་གང་མཆིས་པ་ཐམས་ཅད་མཁས་པ་རྣམས་ཀྱིས་དག་པར་མཛད་དུ་གསོལ།།   མངྒལཾ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070