སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་རིའི་སྐྱེས་པ་ཞིག་ལོ་ལྔ་བཅུའི་རིང་འཛམ་གླིང་སྒང་ལ་ཡུལ་སྐོར་དུ་ཕྱིན་འདུག
སྤེལ་དུས། 2015-07-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  གཡང་སྒྲོལ།

རྒྱས་སྲས་འཆལ་པོའིརྩོམ་སྒྲིག་པ་སྔོན་མ།  ལོ་གྲངས ༧༨ ལོན་པའིAlbert Podelཡིས་དུས་རབས་ཕྱེད་རིང་གི་དུས་ཚོད་སྤྱད་ནས་འཛམ་གླིང་གི་རྒྱལ་ཁབ་ཡོངས་སུ་ཡུལ་སྐོར་བྱས་འདུག་ཅིང་།  ལམ་བར་དུ་ཁོང་ཉིད་ཡེ་མིན་གྱི་ངེས་མེད་རྒོལ་རྡུང་རུ་ཁག་དང་། ཨར་ཅི་རི་ཡའི་སྡིག་སྲིན་གྱི་འཇིགས་རྒོལ། ཁུ་པའི་ཉེན་རྟོག་པའི་འདྲི་གཅོད་སོགས་རྐྱེན་ངན་བར་བགེགས་ཅི་རིགས་ལ་འཕྲད་ཡོད་པ་མ་ཟད།  མ་ཧེས་བདས་བརྒྱུད་རུས་པ་བཅག་པ་དང་།  ཟས་རིགས་ཁྱད་མཚར་པོ་མང་པོའང་ལོངས་སུ་སྤྱད་འདུག་ཅིང་།  དེ་སྔོན་གཞན་གྱིས་འཕྲོག་བཅོམ་བྱས་ངོར་འཛིན་བཟུང་ཐེབས་པ་ནས་ཁྲིམས་འགལ་ལུས་ཆད་ཀྱང་བཅད་མྱོང་འདུག

Podellལོ་ན་ཕྲ་བའི་དུས་ནས་བཟུང་རྒྱལ་ཁམས་མྱུལ་འདོད་ཀྱི་ཕུགས་འདུན་ཆེན་མོ་ཞིག་ཡོད་དེ།  ཁོང་ལྟར་ན། "ལོ་ན་དྲུག་ནས་བཟུང་། ངས་ནི་སྦྲགས་བྱང་ཉར་ཚགས་བྱས་པ་ཡིན་ལ།  བྱིས་པ་གཞན་དག་གིས་རྒྱལ་ཁབ་བྱེ་བྲག་པ་གང་ཞིག་ལ་དམིགས་དུས།  ངས་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྦྲགས་བྱང་ཉར་ཚགས་བྱས་པ་དང་།  རྒྱལ་ཁབ་ཁག་གི་ལམ་ཡིག་ཉར་ཚགས་བྱེད་དོན་ཡང་རྐྱེན་དེའི་དབང་གིས་ཡིན་རྒྱུ་རེད། སྦྲགས་བྱང་དེ་དག་ཉར་ཚགས་བྱས་བརྒྱུད་རང་ཉིད་ཀྱིས་སྦྲགས་བྱང་བཟོ་མཁན་གྱི་རྒྱལ་ཁབ་གང་དང་དེའི་རིག་གནས་ལ་དངོས་སུ་བལྟ་འདོད་ཤིན་ཏུ་ཆེ་བས་ན། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཡུལ་སྐོར་དུ་འགྲོ་རྒྱུའི་སེམས་ཐག་བཅད་པ་ཡིན་ཏེ།  དེ་ཡང་རྒྱལ་ཁམས་མྱུལ་པ་ནི་ཡུལ་ལུང་གཅིག་ཏུ་འཁུམ་ནས་སྡོད་པ་ལས་མཆོག་ཏུ་སྣང་ངོ"ཞེས་གསུངས།

ལོ་གཞོན་ཞིག་ཡིན་པའི་ངོས་ནས། Podellལ་ཁོམ་པ་ཙམ་བྱུང་ཚེ་ཡུལ་སྐོར་དུ་འགྲོ་གི་ཡོད་ཅིང་།  ལོ་ན ༢༠ སོན་པའི་ལོ་དེར། ཁོང་གིས་རྟོག་ཞིབ་ཚོགས་པ་ཞིག་ཁྲིདནས་ཡུལ་ལུང་སོ་སོར་རྟོག་ཞིབ་ཏུ་ཕེབས་ནས།  འཛམ་གླིང་སྟེང་རླངས་འཁོར་གྱི་འགྲུལ་བཞུད་ལམ་ཐག་ཆེས་རིང་པའི་ཟིན་ཐོ་བསྐྲུན་ཡོད་ཅིང་། རིམ་བཞིན་ལོ་ན་ཇེ་ཆེར་ཕྱིན་པ་དང་བསྟུན།  ཡུལ་སྐོར་འདི་ཙམ་གྱིས་ཁོ་བོའི་འདོད་བློ་ཚིམ་གྱི་མེད་པའང་རྟོགས་ཡོད།

ཁོང་ལྟར་ན།  "མི་ཚེ་དཀྱིལ་ཙམ་བརྒལ་དུས། ང་རང་ལ་སྔར་བཞིན་ཡུལ་སྐོར་བྱེད་འདོད་ཤིན་ཏུ་ཆེ་སྟེ།  རང་ཉིད་རྒྱལ་ཁབ ༩༠ ལྷག་ལ་ཡུལ་སྐོར་སོང་ཚར་པ་མཐོང་དུས། མི་ཚེ་འདིར་རྒྱལ་ཁབ ༡༩༦ ལས་ལྷག་འཕྲོས་རྣམས་གཅིག་ཀྱང་མ་ལུས་པར་ཡུལ་སྐོར་དུ་འགྲོ་བའི་སེམས་ཐག་བཅད་པ་ཡིན"ཞེས་གསུངས།

ཡུལ་སྐོར་ནི་དུས་ནམ་ཡང་བར་ཆད་མེད་པ་ཞིག་མིན་མོད། Podellཡིས་ཡུལ་སྐོར་ལམ་གྱི་སྐར་ཆ་རེ་རེའི་བདེ་སྐྱིད་ལོངས་སྤྱོད་བྱས་ཡོད།  ཨ་སྒོར་བཅུའི་གོང་ཚད་ཀྱི་ཞག་གཅིག་གི་ཁང་གླ་བསམས་ཚེ།  ཁོང་ཉིད་ཀྱིས་ལམ་འགྲམ་དང་།  ནགས་ཚལ།  འཁྱགས་རོམ།  གནམ་ཐང་།  མགྲོན་ཁང་།  སྦྲ་གུར།  རླངས་འཁོར་བཅས་སུ་མལ་ཁུག་གྱོན་ནས་མཚན་མོ་རེ་རེ་ཕལ་བསྐྱལ་བའང་ཐེངས་མང་རེད།

ཁོང་གིས་དེ་སྔོན་ཀེ་རི་སིའི་སྲིད་གཞུང་ལ་ཡིའུ་ཐའི་བ་ཞིག་མིན་པ་ར་སྤྲོད་བྱེད་ཐབས་བྲལ་བ་དང་། ཁུ་པའི་གསང་བའི་ཉེན་རྟོག་པར་ཁོ་རང CIA མིན་པ་ར་སྤྲོད་བྱེད་མ་ཐུབ་པ།  པ་ཀི་ཏར་བཙོན་འཇུག་བྱས་པ།  ཁེ་རི་པ་སིར་བཀག་ཉར་བྱས་པ་སོགས་འཇིགས་རུང་གི་དུས་སྐབས་ཁ་ཤས་བརྒྱུད་མྱོང་ཡོད་དེ།    ཤར་ཕ་ཁི་སི་ཐན་དུ་རྒྱ་གར་གྱི་གསང་ཉུལ་པར་དོགས་ནས་ལུས་ཆད་བཙོན་འཇུག་བྱས་པ་དང་། ཁོ་སི་ཐ་རི་ཁར་ཆུར་ལྷུང་ནས་སྲོག་ཉེན་ལ་འཕྲད་པ་སོགས་འཇིགས་རུང་གི་གནས་ཚུལ་མང་པོར་འཕྲད་པ་ཡོད་པ་རེད།

ཡུལ་སྐོར་འགྲུལ་བཞུད་ཀྱི་གོ་རིམ་ཁྲོད་ཁོང་གིས་ཟས་རིགས་ཁྱད་མཚར་པ་མང་པོ་བསྟེན་ཡོད་དེ།  ཁོང་ལྟར་ན། "དེ་ལས་ཤིན་ཏུ་བརྗེད་དཀའ་བ་ནི་ང་དང་གྲོགས་པོSteveཡིས་པ་ན་མའི་ལམ་ཕྲན་སྟེང་གྲོག་མ་ཞིག་མཐོང་པ་དེ་ཡིན་ལ།  དེང་ཐོག་དེས་སྤྲི་དཀར་ཆུད་ཟོས་སུ་གཏོང་མི་རུང་ཞེས་བསམ་ནས་དེའི་སྟེང་ལ་ཚྭ་དང་སི་པན་བཏབ་ནས་མེ་བསྲེག་རྗེས་ཟས་སུ་མཆོད་པ་དང་།  དེའི་བྲོ་བ་ནི་བག་ལེབ་ཏུ་ཤ་བསྲེས་པ་དང་འདྲ་པོ་འདུག"ཅེས་གསུངས།

ཁོང་གིས་བྱི་བའི་བྲོ་བ་ནི་བློ་ཡུལ་ལས་འདས་པ་ཞིག་སྟེ།  ལྷག་པར་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་རྩ་གཟན་བྱི་བར་མཚོན་ན།  དེའི་པགས་པ་བཤུས་ནས་མེ་བསྲེག་བྱས་ཚེ་བྲོ་བ་ཤིན་ཏུ་ཞིམ་པོ་འདུག   གལ་ཏེ་བྱི་བ་དེ་རིགས་བུར་ཤིང་གི་ཚལ་དུ་འཚོ་སྡོད་བྱས་ཡོད་ཚེ།  དེའི་ཤ་ནི་དེ་ལས་ཀྱང་རོ་མངར་ལྡན་པ་ཞིག་ཡིན་ངེས་ལ། མ་ཟད་ཁོས་གླིང་ཆེན་གྱི་རྟུག་པ་བཟའ་བའི་འབུ་སྦུར་སྐོགས་ཡང་ཟས་མྱོང་ཡོད་དེ།  དེའི་བྲོ་བ་ནི་རྟུག་པ་ཉིད་ལས་མ་འདས་སོ།

གཞན་ཡང་ཁོང་གིས་གླིང་ཆེན་ཨ་མེ་རི་ཁའི་དབུས་རྒྱུད་ཀྱི་ཁྲབ་ཟེ་བ་ཅན་དང་།  ཀྲུང་གོ་ནས་ཉའི་མཆུ་ཤ།  ཁྲག་ནང་བཙོས་པའི་ནང་ཁྲོལ།  ཁ་རི་པེའི་མཚོ་ནང་གི་པད་བྱི་ཀླད་ཁྲའི་ཤ།  ཨོ་སི་ཁྲུ་ལི་ཡར་ཆུ་སྲིན་སྡེར་མོ་ཅན་གྱི་ཤ་སོགས་སྲོག་ཆགས་འཇིགས་ཉེན་ཅན་ཕུད་ལས་གཞན་ཁོས་མ་ཟས་པ་གཅིག་ཀྱང་མི་འདུག  མ་ཟད།  དེ་སྔོན་ཤང་ཀང་ནས་སྤྲེའུ་གསོན་པོའི་ཀླད་པ་ཟས་མྱོང་ལ། རྔ་མོང་གི་ཤ་ཡང་ཟས་མྱོང་ཡོད་འདུག

དེ་ལས་གཞན།  ཁོང་ཉིད་གནའ་ལུགས་བཞིན་སླར་གསོ་བྱས་པའི་གནམ་གྲུ་དང་ལྗིད་ཐེག་གྲུ་གཟིངས།  རྔ་མོང་། བོང་བུ།  མིས་འདྲུད་ཤིང་རྟ།  རྐང་གསུམ་སྦག་སྦག་འཁོར་ལོ་སོགས་འགྲིམ་འགྲུལ་ཡོ་བྱད་ཀྱང་མི་འདྲ་བར་བསྡད་མྱོང་ཡོད་དེ།  ཁོང་གིས་ཀུ་རེའི་ཚུལ་དུ་མྱུར་སྐྱོབ་རླངས་འཁོར་ཕུད་པའི་འགྲིམ་འགྲུལ་ཡོ་བྱད་གཞན་དག་ཡོད་ཚད་ལས་མ་བསྡད་པ་གཅིག་ཀྱང་མེད་ཅེས་གསུངས།

Podellཡིས་ཡུལ་སྐོར་བྱེད་སྐབས"རྒྱལ་ཁབ"ཀྱི་ཚད་གཞི་བདམ་སྟངས་ཡང་ཤིན་ཏུ་གཟབ་ནན་ཡིན་ཏེ།  ཚད་གཞི་དེ་འདེམས་པར་ཡང་།  ངེས་པར་དུ་ཁས་ལེན་ཐོབ་པའི་རྒྱལ་ཁབ་ཡིན་པ།  ངེས་པར་དུ་འཐུས་མཆན་བཀོད་པའི་ལག་ཁྱེར་ཡོད་པ།  ངེས་པར་དུ་ཐམ་ག་ཅན་གྱི་ཕྱིར་སྐྱོད་ལམ་ཡིག་ཡོད་པ་བཅས་ཚད་གཞི་གསུམ་ཚང་དགོས་ཤིང་།  དེ་ལས་ཚད་གཞི་ཅུང་ལྷོད་པ་ཞིག་ནི།  མ་མཐའ་ཡང་རྒྱལ་ཁབ་དེ་གའི་རྒྱལ་ས་ནས་ཉུང་མཐའ་ཡང་ཆུ་ཚོད་ཉེར་བཞིའི་རིང་སྡོད་དགོས་ཤིང་། གལ་ཏེ་ཆ་རྐྱེན་གྱིས་འཐུས་ན།  ཕྱོགས་གཅིག་ནས་རྒྱལ་ཁབ་དེ་ག་བརྒལ་དགོས་པ་དེ་རེད།

ལོ་ངོ་དུ་མའི་རིང་། ཁོང་གིས་རྒྱལ་ཁབ་ཀྱི་མ་ལག་ལ་དཔྱད་འཇོག་བྱེད་ཐབས་ཐུན་མིན་ཞིག་གསར་གཏོད་བྱས་ཡོད་དེ།  ཁོང་ཉིད་ལྟར་ན།  རྒྱལ་ཁབ་གང་ཞིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དཔྱད་འཇོག་བྱེད་པར། རྒྱལ་ཁབ་གང་དེའི་སྤྱི་བའི་གསང་སྤྱོད་དང་གསང་སྤྱོད་གཙང་ཤོག་ལ་བལྟས་པས་ཆོག་པར་འདོད།

ཁོང་གིས། "ང་རང་ངོས་ནས་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་བདུན་ཡོད་དེ།  འཕེལ་རྒྱས་ཆེས་ལེགས་པའི་རྒྱལ་ཁབ་ཀྱིས་གསང་སྤྱོད་གཙང་ཤོག་དཀར་ལ་སྙི་བ་སྤྱོད་པ་དང་། དེ་རྗེས་ནས་རིམ་བཞིན། དཀར་ལ་སྲ་བ།  རྒྱ་སྨུག་དང་།  ལྗང་མདོག་གམ་ཁ་དོག་གཞན་སྤྱོད་པ། ཚགས་ཤོག་གྲུ་བཞིར་གཏུབ་པའམ།  གསང་སྤྱོད་གཙང་ཤོག་མེད་པར་ཆུ་ཟོ་གང་འཇོག་པ་བཅས་ཀྱི་རིམ་པ་དགར་ཡོད་ཅིང་།  དེ་ལས་ཆེས་སྡུག་ཤོས་ནི་རིམ་པ་བདུན་པ་སྟེ།  མ་གཞི་ནས་གསང་སྤྱོད་གཙང་ཤོག་མེད་པ་དེ་ཡིན་ལ།  ངས་ནི་རང་གི་ཕ་ཡུལ་ཉུག་ཡོག་ནི་རིམ་པ་བདུན་པའི་གྲས་སུ་བཞག་ཡོད་དེ།  གྲོང་ཁྱེར་ཧྲིལ་པོར་སྤྱི་བའི་གསང་སྤྱོད་གསུམ་ལས་མཐོང་རྒྱུ་མི་འདུག"ཅེས་གསུངས།

Podellས་ཆ་མང་པོར་སོང་མྱོང་ནའང་། ཨ་རིའི་ཡུལ་ལྗོངས་མཛེས་པ་མ་ཟད་སྤྱི་ཚོགས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པས་ཁོ་རང་ཆེས་དགའ་ས་ནི་སྔར་བཞིན་རྒྱལ་ཁབ་དེ་ཉིད་ལས་མ་འདས། ཁོང་གིས་མི་རྣམས་ལ།   ཡུལ་ལྗོངས་ལ་རོལ་མྱོང་བྱེད་འདོད་ཚེ་བལ་བོ་དང་སུའེ་ཙེར་དུ་འགྲོ་བ་དང་།  ཟས་མཆོག་ལ་རོལ་འདོད་ཚེ་ཝེ་ཐེ་ནམ་དང་། ཐེ་ལན།  ཧྥ་རན་སིར་འགྲོ་བ།  རིག་གནས་ལ་མྱོང་རོལ་བྱེད་འདོད་ཚེ་ཧྥ་རན་སི་དང་།  དབྱིན་ཇི།  ཞི་པན་ཡ།  ཨེ་ཅིབ་སུ་བསྐྱོད་ན་ལེགས་པོ་ཡོད་སྐོར་མཚམས་སྦྱོར་བྱས་འདུག

ཁོང་ཉིད་འགྲུལ་བཞུད་གོ་རིམ་ཁྲོད་ཀྱི་མྱོང་བ་ཆེས་ཟབ་ཤོས་ལས་གཅིག་ནི་ཤིན་ཏུ་ཁྱད་མཚར་པའི་རྒྱལ་ཁབ་ཉུང་ཤས་ལསབྱང་ཁོ་རེ་ཡ་དང་ལྟོགས་སྐོམ་གྱིས་མནར་པའམ་དམག་འཁྲུག་གི་དབང་དུ་ལུས་པའི་རྒྱལ་ཁབ་ཁ་ཤས་ལསའཛམ་གླིང་ཡོངས་ཀྱི་མིའི་རིགས་ནི་ཤིན་ཏུ་འདྲ་སྟེ། ཁོང་ཅག་ཡོད་ཚད་ཧ་ཅང་མཛའ་བརྩེ་ཡིན་ལ།  ཞི་བདེ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་འདོད་ཡོད་འདུག

Albert Podellཡིས་ཁོང་གིས་མི་ཚེའི་བརྒྱུད་རིམ་ལོངས་སྤྱོད་བྱ་ཆེད། ལོ་ངོ་ལྔ་བཅུའི་དུས་རིང་འཛམ་གླིང་སྒང་ལ་ཡུལ་སྐོར་དུ་ཕྱིན་པཞེས་པའི་དེབ་ཅིག་ཀྱང་བརྩམས་ཡོད་འདུག

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070