སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འཇང་རིགས་ཀྱི་ཡུལ་སྲོལ་དད་མོས་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2017-11-15   ཡོང་ཁུངས།    རྩོམ་པ་པོ།  བསོད་ནམས།

           སྤྱིར་མི་རིགས་གང་དང་རྒྱལ་ཁབ་གང་ཞིག་ཡིན་རུང་དེ་ལ་དར་རྒྱས་དང་ཉམས་རྒུད། གཅིག་གྱུར་དང་སིལ་ཐོར། མཉམ་འདྲེས་དང་གཞན་གྱུར་ལ་སོགས་པའི་ཆོས་ཉིད་ངེས་ཅན་ཞིག་ཡོད་པ་ཇི་བཞིན་ད་ལྟའི་དུས་ལ་འཇང་རིགས་སམ་ན་ཞི་རིགས་ཞེས་འབོད་པའི་མི་རིགས་འདི་ཡང་ཕ་སྤྲེའུ་དང་མ་བྲག་སྲིན་གྱི་རྒྱུད་ལས་མཆེད་ཅིང་། བོད་བཙན་པོའི་སྟོབས་ཤུགས་ཀྱི་དཔུང་བ་ས་ཡི་དཀྱིལ་འཁོར་ནས་རིམ་བཞིན་རྒྱས་ཏེ་བོད་ཀྱི་གཞིས་ཁྱིམ་དུ་འཛོམས་ནའང་། ཡུམ་བརྟན་དང་འོད་སྲུང་གི་སྲིད་རྩོད་ཀྱིས་བོད་ཁམས་སིལ་བུར་བཏང་བ་ནས་བཟུང་རིམ་གྱིས་སྐད་དང་ཡི་གེ ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་གང་ཐད་ནས་བོད་དང་བར་ཁྱད་ཅུང་ཟད་བྱུང་བས་མི་རིགས་ཡན་གར་བ་ཞིག་ཏུ་རང་བཞིན་གྱིས་གྲུབ་ཅིང་འདུག་མོད། ཞིབ་ཏུ་བསམ་ན་ད་དུང་ཡང་འབྲེལ་བའི་རྒྱུན་ཐག་ཤིན་ཏུ་དམ་པས་འདིར་ཡུལ་སྲོལ་དང་དད་མོས་གཙོ་བྱས་ནས་རགས་ཙམ་གླེང་ན།

           གཅིག ཡུལ་སྲོལ་གོམས་གཤིས།

           འཇང་བའི་སྡོད་ཁང་ནི་མང་ཆེ་བ་ཉིས་ཐོག་ཡིན་ལ་སྟེང་ཁང་དུ་མི་སྡོད་ཅིང་། འོག་ཁང་དུ་ཕྱུགས་འཇུག་པར་བཤད་དེ། བོད་ཀྱི་ལུགས་སྲོལ་དང་ཤིན་ཏུ་མཐུན་ལ། ད་ལྟ་ཡང་འདུག་ཁང་གི་ནང་ངོས་སམ་སྟེགས་མཐོ་སར་ཐང་གའམ་ལྷ་སྐུ་གང་རུང་བཞག་ནས་མཆོད་འབུལ་བྱེད་ཅིང་། ཏིང་ཤགས་དང་དྲིལ་བུ། ཌ་མ་རུ། ཕུར་བུ། བུམ་པ་སོགས་ཀྱང་དེ་དང་ཉེ་བར་འཇོག་པ་དང་། ཐབ་ཀ་ཁང་བའི་དཀྱིལ་དུ་འཆའ་ཞིང་ཐབ་ཀའི་གོང་དུ་བཟའ་དཔོན་སྡོད་པ་མ་ཟད། ཟས་སྣ་གང་ཞིག་དྲངས་ཀྱང་སྔོན་ལ་རྒན་པ་དང་བཟའ་དཔོན་ལ་འདྲེན་ཞིང་རྗེས་སོར་གཞན་གྱིས་བཟའ་ཞིང་། རྟ་བོང་ཁྱི་གསུམ་གྱི་ཤ་བཟའ་རྒྱུར་ཧ་ཅང་འཛེམ་དོགས་བྱེད་པ་སོགས་བོད་པའི་སྤྱོད་ལམ་དང་འདྲ་བ་ཧ་ཅང་མང་། གྱོན་ཆས་ལ་ད་ལྟ་ཡང་དུས་ཆེན་སོགས་སྐབས་འགར་སྐྱེས་པས་མགོ་ལ་ཝ་ཞྭ་དང་ལུས་ལ་ར་ལུག་གི་པགས་རྩག་ཕྱིར་བསློགས་ནས་གྱོན་ཏེ། མགོར་ཝ་ཞྭ་གྱོན་པ་ནི་བོད་པའི་ཆ་ལུགས་ཡིན་ཞིང་། ར་ལུག་གི་པགས་རྩག་ཕྱིར་བསློགས་ནས་གྱོན་པ་དེ་ཡང་དབུས་གཙང་གི་ས་ཆ་ཁ་ཤས་སུ་དེང་སང་ཡང་དེ་ལྟར་ཡོད། ཁྱད་པར་དུ་ལི་ཅང་གྲོང་ཁྱེར་གྱི་སྟོན་པའི་རིག་གནས་ཁང་ཞེས་པར་ཧ་ལམ་དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་བ་ནས་བདུན་ཅུའི་བར་གང་རུང་ཞིག་ལ་པར་བརྒྱབ་པའི་འཇང་བ་འགའི་འདྲ་པར་ཞིག་ཡོད་དེ། དེར་ཡོད་ཀྱི་མི་ཐམས་ཅད་ཀྱིས་མགོར་ཝ་ཞྭ་དང་། ལུས་ལ་པགས་རྩག་གྱོན་ཡོད་ཅིང་། པགས་རྩག་གི་གོང་བར་གཟིག་ལྤགས་སོགས་ཀྱིས་བརྒྱན་འདུག་པས་དེ་དག་ནི་བོད་མི་ལས་ཡན་གར་བའི་མི་ཞིག་ཡིན་ཞེས་གཏན་ནས་བཤད་མི་རུང་། ཁོ་ཚོས"སྟོན་པ"ཞེས་འབོད་པའི་ཡོན་ཏན་པ་དག་གིས་མགོ་དཀྲིས་དམར་པོ་རལ་བ་བཅིངས་པའི་ཚུལ་དུ་མགོར་དཀྲི་ཞིང་། དཀྲིས་ཟིན་པའི་མགོ་དཀྲིས་སྟེང་རིགས་ལྔའི་ཅོད་པན་འཆིང་བ་དང་། ལུས་སྟོད་དུ་རས་ལྭ་དམར་ནག་དང་། སྨད་དུ་ཤམ་ཐབས་དམར་ནག་གྱོན་ཏེ། "སྟོན་པ"ཚོའི་གྱོན་ཆས་དང་མཆོད་ཆས་སོགས་ལ་བལྟས་ན་བོད་པའི་བན་བོན་གྱི་ཁྱིམ་སྔགས་པ་དག་དབང་མེད་དུ་ཡིད་ལ་དྲན་ཞིང་ཡོང་། "སྟོན་པ"ལོ་ན་རྒན་ཞིང་ཤེས་ཡོན་གྱི་ཚད་མཐོ་བ་དག་གིས་ཐང་ཞུའི་མགོར་བྱ་སྒྲོ་མང་དུ་འཛུགས་ཏེ། དེ་ཡང་གནའ་བོའི་བོད་ཀྱི་ལུགས་སྲོལ་ཡིན་པ་སློབ་དཔོན་པངྨའི་ཐང་ཀར་ཡང་དབུ་ཞྭ་བྱ་སྒྲོ་ཅན་གྱོན་པའི་སྐུ་འབྲི་བ་དང་། དབུས་ཀྱི་བླ་མ་རིག་འཛིན་རྒོད་འཕྲུ་ཅན་ཟེར་བ་ཡོད་པ་ལོ་རྒྱུས་དེབ་ཐེར་ཏུ་བཀོད་ཡོད་པ་མ་ཟད། ཉེ་སྔོན་པའེ་མ་བོད་རིགས(རེལྦྲཕྲུཏྚི)ཞེས་འབོད་པའི་བོད་བཙན་པོའི་རྟ་དམག་གི་རྒྱུད་འཛིན་དག་གིས་ད་ལྟའང་ཞྭའི་སྟེང་དུ་ཞྭ་སྒྲོ་འཛུགས་པ་ཡིན་ལ། བོད་པས་གནའ་སྔ་མོ་ནས་ཐང་ཞུ་གྱོན་གྱིན་ཡོད་ཚུལ་མཁས་དབང་དགེ་ཆོས་ལགས་ཀྱིས《དེབ་དཀར》དུ་གསུངས་འདུག

           ཟླ་བདུན་པའི་མེ་ལྕོག་དུས་ཆེན་ནི་འཇང་བའི་དུས་ཆེན་ཆེས་གཙོ་བོ་ཞིག་ཡིན་ཞིང་། དེ་ནི་ས་དེའི་འཇང་བ་གཙོ་བྱས་པའི་ཡུན་ནན་ཞིང་ཆེན་གྱི་བོད་དང་འདབས་འབྲེལ་བའི་པའེ་རིགས་དང་དབྱི་རིགས་སོགས་མི་རིགས་གྲངས་ཉུང་ཐུན་མོང་གི་དུས་ཆེན་ཞིག་ཀྱང་ཡིན། མེ་ཕུང་གི་མཐའ་བསྐོར་དུ་མི་མང་པོས་ལག་རྡང་སྦྲེལ་ནས་གཞས་གདངས་དང་མཉམ་དུ་རྩེད་འཇོར་རོལ་བས་བོད་རིགས་ཀྱི་མེ་ཕུང་སྐོར་བྲོ་དང་ཤིན་ཏུ་མཚུངས། གཉེན་སྒྲིག་ཐད་ཀྱང་མི་རབས་རིམ་བརྒྱུད་ཀྱི་སྲོལ་ལ་ཐོག་མར་ན་གཞོན་ཕན་ཚུན་གཞས་བཏང་ནས་སོ་སོའི་འདོད་དོན་བརྗོད་ཅིང་། གཞས་བཏང་ནས་ཕན་ཚུན་འདུ་པོ་བྱུང་ན་ད་གཟོད་ལེགས་སྐྱེས་ཕུལ་རེས་བྱས་ནས་རིམ་གྱིས་རྒྱུས་ཇེ་ཞིབ་དང་། ཕ་མའི་ཆོག་མཆན་སོགས་ལ་བརྩོན་ཏེ། གཞས་བཏང་ནས་བརྩེ་དུང་བརྗོད་པ་ནི་ལག་ཐབས་གལ་ཆེན་ཞིག་ཡིན། གཞན་ཡང་ཁྱིམ་དུ་སྦྲུམ་མ་དང་བྱིས་པ་བཙས་མ་ཐག་ལ། ནད་པ་སོགས་ཡོད་ཚེ་འགྲུལ་བར་ཤིན་ཏུ་འཛེམ་པ་སོགས་བོད་དང་ཆ་འདྲ་བའི་ཡུལ་སྲོལ་གོམས་གཤིས་ཧ་ཅང་མང་ཞིང་། ཁྱད་པར་དུ་ལུའུ་ཀུའུ་མཚེའུ་ཉེ་འཁོར་གྱི་མའོ་སོ་པ་དག་ནི་ཆོས་ལུགས་ཀྱང་ཤས་ཆེར་བོད་བརྒྱུད་ནང་བསྟན་ལ་དད་པ་དང་། ས་དེའི་མི་རྒན་པ་དག་གི་ལྭ་བ་གྱོན་ཚུལ་ལ་བལྟས་ན་ཁམས་པའི་བོད་ལྭ་དང་ཧ་ཅང་ཆ་འདྲ་སྟེ། སྤྱིར་འཇང་ཡུལ་དུ་སླེབས་དུས་རང་ཡུལ་ལ་སླེབས་འདྲའི་དགའ་ཚོར་ཀུན་ནས་སྟེར།

           གཉིས། ཆོས་ལུགས་དད་མོས།

           འཇང་ཡུལ་དུ་དར་བའི་ཆོས་ལུགས་ནི་གཙོ་བོ་སྟོན་པའི་ཆོས་ལུགས་ཡིན་ལ། བོད་བརྒྱུད་ནང་བསྟན་ཡང་ཧ་ཅང་དར་ཆེ་སྟེ། དེ་ལས་སྟོན་པའི་ཆོས་ལུགས་ནི་དེང་གི་དུས་ལ་འཇང་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཤིག་ཡིན་ཞེས་སྒྲོག་མཁན་མང་པོ་འདུག་མོད། ཞིབ་ཏུ་དཔྱད་ན་བོད་དང་འབྲེལ་བའི་རྒྱུན་ཐག་བཅད་ནས་སྟོན་པའི་ཆོས་ལུགས་ཞེས་ཡན་གར་བ་ཞིག་བརྗོད་རྒྱུ་ཅུང་ཟད་དཀའ་སྙམ་སྟེ།

           ༡.འཇང་ཡུལ་དུ་བོད་ཀྱི་བོན་ཆོས་དར་བ་ལ་སྲིད་ཕྱོགས་ཀྱི་ཆ་རྐྱེན་འཛོམས་པ།

           དེ་ཡང་འཇང་རིགས་ཀྱི་མཁས་པ་སྐུ་ཞབས་ཧིག་ཀྲིག་བུའུ་དང་ཀོ་ཏ་ལིད་གཉིས་ཀྱི《འཇང་རིགས་ཀྱི་ལོ་རྒྱུས》ཞེས་པར"སྟོན་པའི་ཆོས་ལུགས་འཇང་ཡུལ་དུ་དར་བའི་དུས་ཚོད་ཕལ་ཆེར་བོད་བཙན་པོས་འཇང་གི་ས་ཁུལ་ཁག་ལ་དབང་སྒྱུར་བྱེད་པའི་དུས་རབས་ནང་ཡིན་པར་གསལ་བཤད་བྱེད་ཐུབ"ཅེས་འཁོད་འདུག་སྟེ། བོད་རྒྱའི་ཡིག་ཚང་ཁག་ཏུ་ལི་ཅང་དུ་ཡོད་པའི་བཙན་པོའི་དུས་ཀྱི་བོད་ཡིག་གི་རྡོ་རིང་ལ་གཞི་བཅོལ་ན་བོད་ཀྱིས་མང་སྲོང་མང་བཙན་རིང་འཇང་ཡུལ་ལ་དབང་སྒྱུར་བྱེད་མགོ་ཚུགས་ཤིང་། འདུས་སྲོང་མང་པོ་རྗེའི་རིང་སྲ་བརྟན་བྱུང་བ་དང་། ཁྲི་སྲོང་ལྡེ་བཙན་རིང་དེང་གི་ལི་ཅང་གྲོང་ཁྱེར་ཙམ་མ་ཟད། ཏ་ལི་ཁུན་མིང་དང་བཅས་པའི་བོད་དང་འདབས་འབྲེལ་གྱི་ས་ཁུལ་ཡོངས་ལ་དབང་སྒྱུར་བ་ཡིན་པར་འདུག་ལ། འཇང་ཡུལ་ནི་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་བསྙོན་མེད་དུ་གྱུར་ནས་ལོ་ངོ་བརྒྱ་ལྷག་འགོར་བས་འཇང་ཡུལ་དུ་བོན་ཆོས་དར་བ་ལ་སྲིད་ཕྱོགས་ཀྱི་ཆ་རྐྱེན་ཀུན་ནས་འཛོམས།

           ༢.འཇང་ཡུལ་དུ་བོད་ཀྱི་བོན་ཆོས་དར་བ་ལ་ཤེས་ཡོན་པའི་དཔུང་སྡེ་དང་བཅས་པའི་ཆ་རྐྱེན་འཛོམས་པ།

           དེ་ཡང་བོད་རྒྱལ་བཙན་པོ་བརྒྱད་པ་གནམ་ཕྲུ་བོ་གཞུང་བཙན་ནམ་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་པ་ན་བོན་གཤེན་མང་པོ་འཇང་ཡུལ་དུ་ཕེབས་ནས་བོན་ཆོས་སྤེལ་ཚུལ་ཏེ《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》སོགས་སུ་གསལ་བ་མ་ཟད། འཇང་རིགས་ཀྱི་མཁས་པས་ཐང་གུར་གྱི་དུས་ནི་འཇང་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་སྐབས་ཡིན་ཞིང་སྟོན་པའི་ཆོས་ཀྱང་དུས་དེར་དར་བར་བཤད་པ་དང་། སྟོན་པའི་དཔེ་ཆ《ལོ་བན་ལོ་རུ》ཞེས་པར་ཡང"བོད་ལྷས་འཇང་མི་བཀོལ། བླ་མས་འཇང་མི་བཅོས"ཞེས་འཁོད་ཡོད་པ་དང་། བཙན་པོའི་རྒྱལ་རབས་སྐབས་ཡུལ་གང་རུང་དབང་དུ་བསྡུས་པ་དང་བསྟུན་ཆོས་ལུགས་མི་སྣ་ཡང་ས་དེར་བསླེབས་ནས་ཆོས་སྤེལ་བ་ནི་བཙན་པོའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པ་བཅས་ལ་དཔགས་ན་བཙན་པོའི་རྒྱལ་རབས་སྐབས་སུ་བོད་དམག་གིས་ས་ཆ་དེ་དག་དབང་སྒྱུར་བྱས་པ་དང་སྦྲགས་བོད་ཀྱི་ཆོས་སྤེལ་མི་སྣ་ཡང་འཇང་ཡུལ་དུ་མངགས་ནས་ཆོས་སྲིད་གཉིས་ཀྱིས་དབང་དུ་སྒྱུར་བར་ཐེ་ཚོམ་མི་འདུག་ཅིང་། ཁྱད་པར་དུ《པངྨ་བཀའ་ཐང》ལས"མགོ་ལ་ཝ་ཞྭ་ལག་པར་ཕྱེད་རྔ་གཏདཿ གོས་སུ་རས་སྔོན་ཟས་སུ་ལྷད་ཟས་ཕྱིན་ཿ བོན་ལུགས་སྡིག་དང་འདྲེས་པ་ཐམས་ཅད་བསྣུབསཿའབངས་ཀྱིས་གཙང་སྟོད་བྱེ་མ་གཡུང་དྲུང་བསྐྱལཿ རྩྭ་མི་ཤིང་མི་ལྗང་མི་མོག་དགུའི་ཡུལཿ གླང་གི་གྱིམ་ཤོད་ཡུ་མོ་མགུལ་གྱི་ཡུལ་ཿ སོག་པོ་སྤྲེའུ་སླག་ཅན་གྱི་ཡུལ་དུ་སྤྱུགསཿ"ཞེས་གསལ་བ་བཞིན་བན་བོན་གྲུབ་མཐའི་རྩོད་པ་ལ་བརྟེན་ནས་ཁྲི་སྲོང་ལྡེ་བཙན་གྱིས་བོན་ལ་མཁས་པའི་བོན་པོ་མང་པོ་མཐའ་འཁོར་ལྗང་ཡུལ་ལམ་འཇང་ཡུལ་དུའང་རྒྱང་ཕུད་བརྒྱབ་པ་ཡིན་པས། འཇང་ཡུལ་དུ་བོན་ཆོས་ཆེས་ཆེར་དར་བ་ལ་ཤེས་ཡོན་པའི་དཔུང་སྡེའི་རྒྱུ་ངང་གིས་གྲུབ་འདུག

           ༣.བོད་ཀྱི་བོན་ཆོས་དེ་འཇང་ཡུལ་དུ་ཁྱབ་སྤེལ་བྱུང་བ།

           གོང་དུ་བཤད་པ་བཞིན་སྲིད་ཕྱོགས་དང་ཤེས་ཡོན་པའི་དཔུང་སྡེའི་ཐད་ཀྱི་ཆ་རྐྱེན་དེ་གཉིས་གས་འཇང་ཡུལ་དུ་བོད་པའི་བོན་ཆོས་དར་ཡོད་མིན་གྱི་དོགས་པ་ཡོངས་སུ་སེལ་ནུས་མོད། མི་ལ་ལས་སྟོན་པའི་ཆོས་ལུགས་ནི་ཧ་ལམ་དུས་རབས༡༡ནས༡༢ནང་དུ་བྱུང་བར་བཤད་ཅིང་། སྟོན་པའི་ཆོས་ལུགས་ཀྱི་སྟོན་པ་དེ་ཡང་དེང་གི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནས་འཇང་ཡུལ་དུ་ཐོན་པར་བཤད་དེ། ཞིབ་ཏུ་བསམ་ན་དེ་ལ་འགལ་བ་ཆེར་མེད། རྒྱུ་མཚན་དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པ་ནི་བོན་ཆོས་ཀྱིས་ནང་བའི་ལྟ་སྒོམ་སྤྱོད་གསུམ་མང་པོ་བསྡུ་ལེན་བྱས་ཏེ་གཞི་རྩའི་ཆ་ནས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་བྱེ་བྲག་པ་ཞིག་ཏུ་གྱུར་ཟིན་གྱི་སྐབས་ཡིན་ལ། སྐབས་དེར་བོད་པས་ཆོས་ལུགས་ཀྱི་ཤེས་ཡོན་མཐོ་བའི་མཁས་པ་དག་ལ"སྟོན་པ"ཞེས་འབོད་པ་ནི་འབྲོམ་སྟོན་པ་དང་། ཁུ་སྟོན། རྔོག་སྟོན་ལྟ་བུས་མཚོན་ཏེ། བོན་ལ་ཧ་ཅང་མཁས་པའི་བོན་སྟོན་ཞིག་བོད་ཡུལ་བདེ་ཆེན་ནས་འཇང་ཡུལ་དུ་ཕྱིན་ཏེ་ཆོས་སྤེལ་བ་དང་། སྔོན་མའི་བོན་ཆོས་དེར་ཕྱི་དུས་ཀྱི་བོན་ཆོས་དང་བསྟུན་ནས་བཅོས་སྒྱུར་གང་ལེགས་ཀྱིས་ཁྱབ་སྤེལ་བྱས་པས་དམངས་ཡོངས་ཀྱིས་མྱུར་དུ་དང་ལེན་བྱས་ནས་ཁྱབ་སྤེལ་བྱུང་བར་འདོད། དེའི་ཤེས་བྱེད་ལ་སྟོན་པའི་ཆོས་གཞུང་དུ་སྟོན་པ་གཤེན་རབ་དང་སྲིད་པའི་རྒྱལ་མོ། ཁྱབ་པ་ལག་རིང་སོགས་ལྷ་ཚོགས་ཀྱི་མིང་དང་། ལྷ་སྐུའི་ཆ་ལུགས་ཙམ་མ་ཟད། འདོན་ཆོས་སྤྱོད་དང་། སྟོན་པ་དག་གི་རྒྱུན་སྤྱོད་ཀྱི་ཊ་མ་རུ་དང་ཏིང་ཤགས་སོགས་ཆོས་སྤྱོད་ལག་ཆ་ཡང་བོད་དང་ཤིན་ཏུ་ནས་འདྲ་ཞིང་། སྟོན་པའི་ཆོས་གཞུང་གི་གཙོ་བོར་བརྩི་བའི《ལྷ་ལམ་བསྟན་པ》(ཎྭིཙྪཱིཧྭཱ)ཞེས་པར་ཡང་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི། ལྷ་ཡུལ་དང་དམྱལ་བ་སོགས་ནང་བསྟན་གྱི་ལྟ་བ་མང་དུ་འཁོད་ཡོད་པ་ལས་རྟོགས་ནུས།

           གཞན་ཡང་འཇང་བ་དག་གི་གདོད་མའི་མི་རྒྱུད་ནི་འུ་ཅག་ཨ་མདོ་བ་དང་འདྲ་བར་དེང་གི་ཙོང་ཁའི་རྒྱུད་དུ་ཡིན་པ་ཁོ་ཚོའི《གནས་སྤོས་ཟིན་ཐོ》(ནྔྷཀྭཱིགྱྀ)རུ་བཀོད་ཡོད་ལ། དོན་དམ་དུ་བོད་ཁུངས་ཆཱང་མ་ཡིན་པར་ཆཱང་ཁུངས་བོད་ཡིན་པ་མཁས་དབང་ནམ་མཁའི་ནོར་བུ་དང་སྐུ་ཞབས་རྒྱལ་མོ་འབྲུག་པ་སོགས་ནས་དཔྱད་པ་གཟབ་ནན་བཏང་འདུག་པས་འཇང་བ་དག་ནི་བོད་ལས་ཡན་གར་བའི་མི་རྒྱུད་ཅིག་ཏུ་མི་འདོད་ཅིང་། ཁོ་ཚོའི་གཟུགས་སྟོབས་ཆེ་ཞིང་གདོང་ནག་པ་དང་། སྣའི་གཟེངས་མཐོ་བ། མིག་ཆེ་བ་སོགས་བོད་མིའི་གཟུགས་བྱད་དང་ཧ་ཅང་འདྲ་བས། རང་ཡུལ་དང་ཁད་རིང་བའི་ས་དེར་ཐོན་དུས་མ་བརྟག་མ་དཔྱད་པའི་ངང་ཚུལ་ལ་ཁོ་ཚོ་དང་འཕྲད་དུས་དགའ་སྣང་གིས་བོད་སྐད་ཅིག་བཤད་འདོད་ཅིག་སྙིང་ནས་སྐྱེས་ཤིང་འོངས་ལ། འཇང་བ་ཁོ་ཚོས་ཀྱང་བོད་རིགས་དང་པའེ་རིགས། འཇང་རིགས་གསུམ་ནི་ཕ་མ་གཅིག་ལས་མཆེད་དེ། བོད་པ་ནི་སྤུན་ཆེ་བ་དང་། པའེ་རིགས་པ་ནི་སྤུན་འབྲིང་བ། འཇང་བ་ནི་སྤུན་ཐ་ཆུང་ཡིན་ཞེས་བཤད་པར་མ་ཟད། སྐྱེས་པ་ལ་གདོང་ནག་པ་མཛེས་པར་བརྩི་སྟེ། རང་རེས་ཀྱང"སྟག་ཤ་རའི་ཤ་རྩ་སྨུག་དགོས། སྨུག་པོའི་ནང་ནས་ནག་དགོས"ཟེར་བ་ཡིན་ཏེ། མདོར་ན། ལྗང་བའམ་འཇང་བ་དག་ནི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། མི་རྒྱུད་འབྱུང་ཁུངས། མི་གཤིས་ཀུན་སྤྱོད། རིན་ཐང་ལྟ་ཚུལ། ས་བབ་ཆགས་ཚུལ་སོགས་ཕྱོགས་མང་པོ་ནས་བོད་ལས་ལོག་པར་མི་འདོད་དེ། བོད་སིལ་བུར་འཐོར་རྗེས་གཅིག་གྱུར་གྱི་སྲིད་དབང་ཞིག་གཏན་ནས་མ་བྱུང་བར་ཡུན་རིང་བོར་འབྲེལ་འདྲིས་ཀྱི་གོ་སྐབས་ཇེ་ཉུང་དུ་ཕྱིན་པས་ཆེ་ས་ནས་ད་ལྟའི་མདོ་དབུས་ཁམས་གསུམ་དང་། ཆུང་ས་ནས་པའེ་མ་བོད་རིགས་དང་རྒྱལ་རོང་བ། ཅོ་ནེ་བ། འཕན་པོ་བ། སྤུ་རངས་པ་སོགས་ཕན་ཚུན་བར་གོ་བརྡ་འཕྲོད་དཀའ་བར་གྱུར་པ་ཇི་བཞིན་སྐད་དང་ཆ་ལུགས། མཛེས་དཔྱོད་ལྟ་ཚུལ་སོགས་ལ་ཁྱད་པར་ཅུང་ཟད་བྱུང་བར་སྙམ་སྟེ། གལ་ཏེ་བོད་བཙན་པོའི་རྒྱལ་ཁབ་སིལ་བུར་ཐོར་རྗེས་དང་བསྟན་པ་ཕྱི་དར་རྗེས་ཀྱི་བོད་པའི་སྲིད་འབྱོར་རིག་གསུམ་སོགས་ཀྱི་ཚུལ་དེ་བོད་རིག་པའི་སྨད་ཆ་ཡིན་པའི་དབང་དུ་བཏང་ན། བཙན་པོའི་རྒྱལ་རབས་ཡར་སྔོན་གྱི་བོད་པའི་སྲིད་འབྱོར་རིག་གསུམ་སོགས་ཀྱི་ཚུལ་དེ་བོད་རིག་པའི་སྟོད་ཆར་བཞག་ན་འོས་ཏེ། ང་ཚོས་ཡུན་རིང་དུ་མ་རྙེད་ཅིང་མག་མོག་ཏུ་གྱུར་པའི་བོད་རིག་པའི་སྟོད་ཆ་དེ་འཚོལ་ན་ངེས་པར་དུ་འཇང་བའི་ས་ལས་ཀྱང་དཔྱད་ཞིབ་མང་དུ་བགྱི་རྒྱུ་ནི་ཆེས་འགག་རྩར་ཐུག་པའི་དོན་ཆེན་ཞིག་ཡིན་པར་སྙམ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716