སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྣར་ཐང་མཁན་པོ་རིག་པའི་རལ་གྲིའི་རྣམ་ཐར་མདོར་བསྡུས།
སྤེལ་དུས། 2016-08-11   ཡོང་ཁུངས། ཀྲུ་གྲོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མི་ཉག་མགོན་པོ།

བཅོམ་ལྡན་རིག་པའི་རལ་གྲི་ནི་བོད་དབུས་གཙང་ཁམས་གསུམ་ལས་དབུས་ཀྱི་བྱེ་བྲག་ལྷོ་ཁར་དཔལ་བསམ་ཡས་ཀྱི་ཉེ་འགྲམ་ཕུ་ཐང་གི་སར།  བོད་རབ་བྱུང་བཞི་པ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་བཅུ་ཚན་གསུམ་པ་ཙམ་ལ་སྐུ་བལྟམས།  བྱིས་པའི་དུས་ནས་སྤྱང་གྲུང་འཛོམ་པ་ཞིག་ཡིན་པར་བརྟེན།  ཡང་ཡུལ་གྱིས་བསམ་ཡས་མཆོད་རྟེན་དཀར་པོར་བཙུན་པ་བྱེད་དུ་བཅུག  དེར་ལོ་ཤས་རིང་ཡོན་ཏན་གྱི་གཞི་ལེགས་པར་ཚུགས་པའི་རྗེས་སུ་དགའ་བ་གདོང་དུ་བྱོན་ནས།  སློབ་དཔོན་ཉི་མ་བརྩོན་འགྲུས་མདུན་ཕར་ཕྱིན་གྱི་གཞུང་གསན།  ཡུན་རིང་མ་སོང་བར་མཛེ་ནད་ཀྱིས་ཟིན་པའི་རྣམ་རྟོག་ཤར་བར་བརྟེན།  སློབ་དཔོན་ལ་དགོངས་པ་ཞུས་ནས་གཙང་སྣར་ཐང་གི་དགོན་པར།  སྐྱོ་སྟོན་པའི་དྲུང་དུ་ནད་བཅོས་ལ་བྱོན།  སྐྱོ་རྟོན་པས་ཁྱེད་ཀྱི་ནད་འདི་ལ་བཅོས་ཐབས་གཞན་མི་དགོས།  ཁྱེད་རང་ཚད་མ་རྣམ་ངེས་ཀྱི་གཞུང་འདི་གྲོག་སུལ་ཕ་གིར་སྐྱོར་དང་གསུངས་ནས་རྣམ་ངེས་དཔེ་ཆ་ཞིག་ཕྱག་ཏུ་གཏད།  དེ་ནས་གྲོག་ཕུག་ཅིག་ཏུ་བཞུགས་ནས་རྣམ་ངེས་ཚར་སྟོང་ཕྲག་ཁ་ཤས་སྐྱོར་བས་མཛེ་ནད་རྩ་མེད་དུ་སོང་།  ཤིན་ཏུ་ཐུགས་དགྱེས་ཏེ་སྣར་ཐང་གི་ཆོས་གྲུར་ཞུགས།  སྐྱོ་སྟོན་དང་།  རོང་པ་ཤེས་རབ་སེང་གེ  བླ་མ་ཆེན་པོ་ཀུན་དགའ་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོ་ལ་མདོ་སྔགས་རིག་གནས་མ་ལུས་པ་གསན།  ས་སྐྱའི་བླ་མ་ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ལ་ས་སྐྱའི་ཟབ་ཆོས་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་གསན།  མདོ་སྔགས་རིག་གནས་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་ཅིང་མཁས་པའི་གྲགས་པ་དབུས་གཙང་ཀུན་ཏུ་ཁྱབ།  སྣར་ཐང་མཁན་པོ་མཛད་སྐབས་བོད་ཀྱི་སྡེ་སྣོད་འཛིན་པ་སུམ་གཉིས་ཙམ་སྣར་ཐང་དུ་འཛོམ།  རྗེས་སུ་ཐར་པ་གླིང་དུ་བྱོན་ནས་ཚོགས་ཆོས་ཡུན་རིང་གསུངས།  སྣར་ཐང་གི་མཆིམས་འཇམ་དབྱངས་དང་།  དབུས་པ་བློ་གསལ་སོགས་སློབ་མ་མཁས་ཆེན་མང་པོ་སྤེལ། 

གསུང་རྩོམ་ཡང་པོ་ཏི་བཅུ་དྲུག་ཙམ་ཡོད་པར་གྲགས་ཀྱང་དུས་དབང་གིས་ཕལ་ཆེ་བ་ཐོར་བར་གྱུར།  དེང་སང་ཚད་མའི་སྐོར་ལ་སྡེ་བདུན་རྒྱན་གྱི་མེ་ཏོག་དང་།  རྣམ་ངེས་རྒྱན་གྱི་མེ་ཏོག  རྣམ་ཐར་སྐོར་ལ་སྐྱེས་རབས་རྒྱན་གྱི་མེ་ཏོག་དང་བླ་མ་དཔྱལ་པའི་གདུང་རབས་རིན་པོ་ཆེའི་ཟ་ར་ཚགས།  སྣར་ཐང་བཀའ་དང་བསྟན་འགྱུར་ཐོག་མར་སྡུད་སྐབས་ཀྱི་དཀར་ཆག་བཅས་བྲིས་མ་ཡིག་རྙིང་དེ་དག་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བཞུགས་སོ། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716