སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྫ་ཆུ་ཁའི་མིང་གི་འབྱུང་ཁུངས།
སྤེལ་དུས། 2017-08-09   ཡོང་ཁུངས། ཁམས་པའི་བོད་ཡིག་དྲ་བ།   རྩོམ་པ་པོ།  

1502185018301158.jpg

སེར་ཤུལ་རྫོང་གི་ཡུལ་ལྗོངས།

རྫ་ཆུ་ཁའི་མིང་གི་འབྱུང་ཁུངས།

སེར་ཤུལ་ཞེས་མིང་ཐོགས་དོན་ནི་གསོ་དཔལ་ཞ་སེར་སྟེང་གི་སྡེ་ཤུལ་ཡིན་པར་ཟེར། ས་གནས་དེ་གའི་མི་དམངས་རྣམས་ཆོས་ལུགས་ལ་དད་པ་ཆེ་བས།  རྫོང་གི་མངའ་ཁོངས་ནང་དགོན་པ་ཆེ་ཤོས་ཤིག་ཡོད་དེ་བོད་ལྗོངས་སེ་ར་དགོན་པའི་བླ་མ་བཀའ་འགྱུར་བློ་བཟང་ཆོས་ལྡན་གྱིས་བཏབ་པའི་སེར་ཤུལ་དགོན་པའི་མིང་དེ་རྫོང་མིང་ལ་བཏགས་ཏེ་ད་བར་དུ་གནས།

1502185018134290.jpg

ས་གནས་དེ་གའི་མང་ཚོགས་ཀྱིས་རང་ཉིད་ལ་རྫ་ཆུ་ཁ་ཟེར།དེའི་དོན་ནི་རྫ་ཆུའི་ཆུ་འགོར་གནས་ཡོད་པའི་རྐྱེན་གྱིས་རེད།  རྫ་ཆུ་འགྲམ་གཉིས་སུ་ས་དབྱིབས་བདེ་བ་དང་རྩྭ་ཐང་རྒྱ་ཆེ་བ།རྩྭ་ཆུ་ལེགས་པའི་ས་ཆུ་ཞིག་ཡིན་པ་རེད།

1502185018320899.jpg

རྫ་ཆུ་ཁའི་གནས་ཚུལ་མདོར་བསྡུས།

བྱང་སྡེ་ཉི་མ་རྫ་ཆུ་ཁ་ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མཐའ་མཚམས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་ས་མཚམས་འབྲེལ་བའི་སེར་ཤུལ་རྫོང་གི་མངའ་ཁོངས་ཀྱི་མཚོ་འཕགས་ཆ་སྙོམས4200ཡན་དང་རྫོང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི24191ཡོད་ལ་ཁྱོན་བསྡོམས་མི་གྲངས་ཁྲི9.2ཡོད་པའི་དལ་འབབ་རྫ་ཆུ་རིང་མོའི་འགོ་ཁུངས་ཀྱི་འགྲམ་རྒྱུད་དུ་གཞིས་ཆགས་པའི་འབྲོག་སྡེ་ཆེན་པོ་ཞིག་སྟེ་བྱང་སྡེ་ཉི་མ་རྫ་ཆུ་ཁ།

1502185018815169.jpg

འབྲོག་སྡེ་ཉི་ཤུ་རྩ་ལྔའི་མངའ་བདག་སྡེ་དགེ་རྒྱལ་པོའི་མངའ་འབངས་ཏེ་བྱང་གི་འབྲོག་སྡེ་བཅོ་བརྒྱད་དུ་གྲགས་པའི་སེར་ཤུལ་སྡེ་པ། ཁྲོམ་རྫ་གོང་མ། ཨ་རིག་རྫ།ཝ་ཤུལ། འབར་ཆུང་། འཇུ་པ། ཁྲོ་གོང་དང་ཁྲོ་འགབ། ཐར་ཤུལ། དགེ་རྩེ། འབུམ་རྙིང་། འབུམ་གསར། པཱ་ཐུར། ཆེ་ཝོ། ཕྱག་ཚ་དང་། བྱང་པ་ཁག་གསུམ་བཅས་ལོ་རྒྱུས་ཀྱི་བརྗིད་ཉམས་དང་དཔའ་མཛངས་ཀྱི་མངའ་ཐང་ཁྲོད་ན་ཀྲོང་ངེར་འགྲེང་ཡོད་ལ།

 

ཡུལ་གྲུ་འདི་ནི་རྩི་ཤིང་སྨན་རྫས་ཀྱིས་ཕྱུར་བུར་གཏམས་པའི་རང་བྱུང་གི་བང་མཛོད་ཅིག་ཡིན་ལ།ཡུལ་འདིའི་ས་གཞི་ཆེན་མོར་ཐང་མར་བརྡལ་བའི་རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པའམ་མེ་ཏོག་གི་རྒྱ་མཚོ་ཀློང་དུ་བརྡོལ་བ་ལྟ་བུ་ཞིག་ཡིན།

 

ཁྱད་པར་དུ་ས་མཐོའི་གྲུ་གཟིངས་དང་ནོར་གནག་གི་ཕ་ས་ཞེས་པའི་མཚན་གྱི་སྙན་པ་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཁྱབ་ཡོད།

1502185018253352.jpg

རྫ་སེར་ཤུལ་དགོན།

སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ནི་སྤྱི་ལོ1699ལོར་བཙུགས་ཤིང་།ད་ལྟའི་བར་ལོ་ངོ300ལྷག་གི་ལོ་རྒྱུས་ལྡན་པ་དང་། དུས་རབས་འགའི་སྔོན་དུ་གཏེར་སྟོན་པ་གྲགས་ཅན་རྡོ་རྗེ་བདུད་འདུལ་གྱིས་མ་འོངས་ལུང་བསྟན་གནང་བ་ལྟར། སེར་ཤུལ་དགོན་པ་འཛུགས་པའི་རྟེན་འབྲེལ་དང་། དགོན་པའི་གནས་དུས། དགེ་ལུགས་པའི་གྲྭ་བཙུན་འབྱུང་ལུགས་སོགས་གསལ་པོར་བསྟན་འདུག 

བླ་ཆེན་སོ་སོའི་འབད་བརྩོན་འོག་ད་ལྟའི་སེར་ཤུལ་དགོན་ལ་བུ་དགོན60ལྷག་དང་། ཁྱོན་ཡོངས་མུའུ70ལྷག་ལ་ཟིན། འདི་ནི་དཀར་མཛེས་ཁུལ་དུ་མིག་སྔར་ཆེས་ཆེ་བའི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན་ཞིང་། དགེ་ལུགས་པའི་གྲུབ་མཐའི་ཁྲོད་ཆེས་སྟོབས་ཤུགས་ལྡན་པའི་ནང་བསྟན་རིག་གནས་ཁྱབ་སྤེལ་གྱི་གནས་ཤིག་ཏུ་གྱུར་ཡོད།

 

དཔལ་དགེ་མ་ཎི་རྡོ་འབུམ།

དཔལ་དགེ་མ་ཎི་རྡོ་འབུམ་ནི་རྫོང་ཐོག་ནས་ལམ་ཐག་སྤྱི་ལེ་ལྔ་བཅུ་ལྷག་ཙམ་ཡོད། རྡོ་འབུམ་བཞེངས་པའི་ས་ཆ་ནི་རྫ་མ་མོ་ཐང་ཞེས་པ་དེ་རེད།

 

ས་གནས་དེ་གའི་མི་རྒན་ཚོས་བཤད་པ་ལྟར་ན། དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ1640ལོར་རྡོ་རྐོ་མ་ཎི་ཚེ་རིང་ཞེས་པ་ཞིག་དང་འཕྲད་དེ་རྟེན་འབྲེལ་འགྲིག་ནས་རྡོ་འབུམ་དེ་ཐོག་མར་གསར་བཞེངས་བྱས།

གསང་གི་མ་ཎི་རྡོ་མཁར།  

གསང་གི་མ་ཎི་རྡོ་མཁར་ནི་གནས་འདིའི་མིང་ལ་གསང་དུ་འབོད་པས་གསང་གི་མ་ཎི་ཞེས་ཐོགས། མཁར་འདིའི་དབྱིབས་ནི་གྲུ་བཞི་ནར་མོ་ཞིག་ཡིན་ཞིང་།    ཤར་ནུབ་རིང་ཚད་ལ་སྨི73དང་། ལྷོ་བྱང་ཞེང་ཚད་ལ་སྨི47མཁར་གྱང་མཐོ་ཚད་ལ་སྨི9ཡས་མས་ཡོད།   དེ་མིན་མཁར་གྱང་ཕྱོགས་བཞིའི་ཕྱི་གྱང་སྟེང་གའུ་མང་པོ་བཤམས་འདུག་ཅིང་།  དེའི་ནང་དུ་ཡིད་དུ་འོང་བའི་ཚོན་ལྡན་རྡོ་བརྐོས་ལྷ་སྐུ་སྣ་ཚོགས་ཡོད།

 

རྒྱུས་ལོན་པ་ལྟར་ན། མ་ཎི་རྡོ་མཁར་ཕྱི་ངོས་མཁར་གྱང་སྟེང་མཆོད་གཤོམ383བཤམས་ཡོད་ཅིང་།  དེ་ལས་ཁ་གཏད་གྱང་ངོས་སུ་མཆོད་གཤོམ204ཤར་ངོས་གྱང་ལྡེབས་སུ་མཆོད་གཤོམ62རྒྱབ་ངོས་གྱང་ལྡེབས་སུ་མཆོད་གཤོམ49བཅས་འདུག 

  དེ་མིན་མཁར་ནང་དུའང་གའུ་གང་མང་ཡོད་ཅིང་ལྷ་སྐུ་རྡོ་བརྐོས་ཀྱི་རིགས་དང་བཟོ་རྩལ་ཐད་ནས་བརྗོད་ན་གསང་གི་མ་ཎི་རྡོ་མཁར་ནི་རྩྭ་ཐང་རྡོ་བརྐོས་སྒྱུ་རྩལ་བཤམས་སྟོན་གླིང་དུ་གྲགས་ཆོག་ཆོག་རེད།

མུ་རའི་རྡོ་འབུམ།

མུ་རའི་རྡོ་འབུམ་ནི་རྫ་ཆུ་ཁའི་དགེ་མང་ཤང་དུ་ཡོད་ལ། རྫོང་མཁར་དང་སྤྱི་ལེ53གྱིས་རྒྱང་བའི་སར་གནས་ཡོད། དུས་རབས་བདུན་པ་དང་བརྒྱད་པའི་བར་བཞེངས་པར་གྲགས། སྤྱི་ལོ1999ལོར་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་བྱེད་ཡུལ་དུ་བཞག

     སྤྱི་ལོ2008ལོར་ཞིང་ཆེན་རིམ་པ་དང་སྤྱི་ལོ2013ལོར་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་བྱེད་ཡུལ་དུ་བཞག་པ་རེད། མུ་རའི་རྡོ་འབུམ་ནི་ནང་བསྟན་གྱི་གཞུང་དང་ལྷ་མང་པོ་བརྐོས་པའི་རྡོ་འབུམ་ལས་གྲུབ་ཅིང་། རིང་ཚད་ལ་རྨི450དང་། ཞེང་ཚད་ལ་རྨི9ནས15ཡི་བར། མཐོ་ཚད་རྨི2.5ཡོད། རྡོ་འབུམ་ནང་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། སྒྲོལ་མ།  རྗེ་ཙོང་ཁ་པ།  ཨོ་རྒྱན་རིན་པོ་ཆེ་སོགས་ལྷ་སྐུ་སྟོང་ལ་ཉེ་བ་ཡོད་པས་མ་ཚད། རྒྱལ་བའི་བཀའ་བསྟན་འགྱུར་དང་གཟུངས་སྔགས་གཙོས་པའི་ཆོས་གཞུང་གི་སྐོར་ཡང་མང་པོ་ཡོད་པ་དེས་གནའ་བོའི་བོད་མི་རིགས་ཀྱི་རྡོ་བརྐོས་ལག་རྩལ་མངོན་པར་མཚོན་ཡོད་དོ།།

སེར་ཤུལ་སྐོར་བྲོ།

སེར་ཤུལ་སྐོར་བྲོ་ལ་ནང་གསེས་ཞིང་པའི་སྐོར་བྲོ་དང་འབྲོག་པའི་སྐོར་བྲོ་ཞེས་རིགས་ཆེན་པོ་གཉིས་སུ་འདུ། འབྲོག་པའི་སྐོར་བྲོ་ཞེས་པ་ནི་རྫོང་དེའི་ནུབ་རྒྱུད་དུ་གནས་པའི་ཡུལ་སྡེའི་སྐོར་བྲོ་ལ་བྱ་ཞིང་། གྱོན་ཆས་དང་སྟངས་སྟབས་སོགས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་མང་འཛོམས་ཡོད་པ་རེད།

 

ཞིང་པའི་སྐོར་བྲོ་ཞེས་པ་ནི་རྩེ་མདའ་སྐོར་བྲོ་དེ་ཉིད་གཞིར་བཟུང་བ་དེར་ཟེར་ཞིང་། དེ་ནི་ད་ལྟ་རྒྱལ་ཕྱི་ནང་ཀུན་ན་སྙན་པའི་གྲགས་པ་རབ་ཏུ་འབར་བཞིན་ཡོད་ལ། སྐོར་བྲོའི་སྟངས་སྟབས་རེ་རེར་དཔའ་ཞིང་བདེ་ལྕག་འཁྱུག་པ་དང་། ཟིལ་རྔམ་གྱི་སྟོབས་རབ་ཏུ་འབར་ཞིང་། བློ་གཤོགས་ཆེ་བ་སོགས་ཀྱི་རྣམ་པ་ངང་གིས་དོད་པའི་སྐོར་བྲོ་རིགས་ཤིག་ཡིན་པས། སྤྱི་ལོ༢༠༠༧ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁོངས་སུ་ཚུད་ཅིང་།

 

ཉེ་བའི་ལོ་འགའི་རིང་རྩེ་མདའ་སྐོར་བྲོ་དེ་ཉིད་ལ་དམངས་ཁྲོད་རང་བཞིན་གྱི་སྒྱུ་རྩལ་དྭངས་མ་རེ་རེ་ནང་འདྲེན་བྱས་ཤིང་སྐོར་བྲོ་དེ་ཉིད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ནང་ལོག་གི་མཚོ་ལྷོ་དང་། ཐཱན་ཅིང་། པེ་ཅིང་། ཁྲེང་ཏུའུ་སོགས་ཀྱི་ས་ཆ་སོ་སོར་རིག་གནས་བརྗེ་རེས་དང་། འགྲན་བསྡུར་སོགས་ཀྱི་འཁྲབ་སྟོན་གང་མང་དུ་ཞུགས་པས་རྩེ་མདའ་སྐོར་བྲོ་ཞེས་པའི་མིང་གི་སྙན་པའང་རྒྱལ་ཡོངས་ས་གཞི་འཛིན་མའི་རི་ལུང་ཀུན་ན་གཡུ་འབྲུག་གི་ངར་སྒྲ་ཇི་བཞིན་ལྷང་ལྷང་དུ་གྲགས་པས་རྒྱལ་ཕྱི་ནང་གི་ཆེད་མཁས་མང་པོས་གདེང་འཇོག་དང་མཐོང་ཆེན་ཐོབ།

གེ་སར་རིག་གནས།

དེ་ཡང་འཛམ་གླིང་རིག་པའི་བང་མཛོད་ན་གཟི་འོད་ཀྱི་སྣང་བ་རབ་ཏུ་འཚེར་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་སྟེ་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་ཕུ་ནུ་སུམ་ཅུའི་ནང་ནས་མང་ཤས་ཤིག་གི་ལྟེ་ཁྲག་གི་ཐིགས་པ་གནས་འདི་ནས་འཕོས་ཏེ། ཕྱི་དགྲ་བོའི་སྟེང་ལ་ཐོག་ལས་བཙན་ཞིང་ནང་ཕུ་ནུའི་ཕྱོགས་ལ་དར་ལས་འཇམ་པའི་དགྲ་འདུལ་གཉེན་སྐྱོང་གི་རླབས་ཆེན་ལས་ཀྱི་འཁོར་ལོ་ཡང་གནས་འདི་ནས་བསྐོར་འགོ་བརྩམས་ཏེ་སྟོབས་ཤུགས་མངའ་ཐང་ཕྱོགས་མེད་དུ་རྒྱས་པའི་ངག་རྒྱུན་གྱི་བདེན་པ་དང་དངོས་ཡོད་ཀྱི་ཁུངས་སྣེ་ཡང་རྣམ་པར་གསལ་བ་སྟེ། ཡུལ་འདིར། གླིང་ཆོས་ལུ་བུ་ཡི་དར་འཕེན་གྱི་མཚེར་ཤུལ་དང་ཁོང་གི་སྐུ་གདུང་དུ་གྲགས་པའི་རྡོ་ཕ་བོང་མིའི་དབྱིབས་ཅན། སྒ་སྐྱ་ལོའི་འབྲུག་མོའི་སྦྲ་ཤུལ་དང་རྟ་སྒ། འབྲུག་མོའི་བྲག་ཁུང་།བུ་གེ་སར་གྱི་རྐྱང་རྒོད་འདོགས་ཕུར། དགའ་སྡེ་ཆོས་སྐྱོང་བེར་ནག་གིས་ཕབ་པའི་སྒྱོགས་ཆར་གྱི་འགྱུར་རྡོ། འབུམ་པ་རྒྱ་ཚ་ཞལ་ལུ་ཧོར་ཤན་པ་རྨེ་རུ་རྩེས་བཀྲོངས་ཡུལ་དུ་གྲགས་པའི་རྒྱ་ཚའི་ཞལ་ཐང་། ཤན་འདན་ནང་འཁྲུག་སྐབས་བློན་ཆེན་འདན་མ་བྱང་ཁྲ་རང་གི་ཕ་ཡུལ་འདན་ཁོག་ལ་ལོག་སྐབས་ཁ་བ་དང་བུ་ཡུག་སོགས་འབྱུང་བཞིའི་འགོག་རྐྱེན་ཐེབས་ཡུལ་གྱི་རྨ་ཡུལ་ན་ཐང་དུ་གྲགས་པ་སོགས་འགྱུར་རྡོ་དང་གནའ་ཤུལ། དེ་དང་མཐུན་པའི་ངག་རྒྱུན་ངོ་མཚར་ཅན་མང་པོ་ཞིག་ཡོད།

 

དེ་བཞིན་ལྡོང་འབུམ་པའི་རྒྱ་ཚ་ཞལ་དཀར་དང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་གདུང་རྒྱུད་ལས་དངོས་སུ་ཆད་པར་གྲགས་པའི་འབུམ་རྙིང་སྡེ་པ་སོགས་དང་། གླིང་སྒྲུང་དུ་གསལ་བའི་ས་མིང་དང་རི་མིང་རྣམས་དངོས་སུ་ཐོགས་པའི་རི་ལུང་ཆུ་གསུམ་མང་ཞིང་། ཡུལ་སྡེ་ལ་ལར་གླིང་གི་དཔའ་རྟུལ་དག་གི་འཐབ་རའི་ཤུལ་ཡིན་པར་གྲགས་པའི་རྡོ་རྩིག་ཆེན་པོ་ཁ་ཤས་དང་གྱད་རྡོར་གྲགས་པའི་བྲག་རྡོ་ཡ་མཚན་པ། གླིང་དང་ཧོར་འཐབ་དུས་གླིང་གི་སྒར་མལ་ཡིན་པར་གྲགས་པ་ཐང་གི་བཀོད་པ་སྤོ་ཆེན་གྱི་ར་བས་བསྐོར་བ་ལྟ་བུ་དང་། ལྷག་པར་དུ་གླིང་གེ་སར་གྱི་སྒྲུང་རྟ་རྒྱུག་ནོར་བུ་ཆ་བདུན་ལས། ལྷ་དིལ་མགོ་ནས་ལྷ་བསང་བཏང་། ཀླུ་དིལ་མགོ་ན་མ་སྲུ་མོ་སྨན་རྣམས་ཀྱིས་ལྟད་མོ་བལྟས།ཞེས་བྱ་བའི་ལྷ་དིལ་དང་ཀླུ་དིལ་དུ་གྲགས་པ་དག་ཀྱང་མངོན་སུམ་དུ་ཡོད་པར་མ་ཟད་འབྲོག་མི་དག་གིས་ཀྱང་མིང་དེ་སྐད་དུ་ཟེར་ཞིང་ལོ་རྒྱུས་དེ་རང་དུ་ཤོད་སྲོལ་ཡོད་པ་སོགས་གེ་སར་རིག་གནས་ཀྱི་ཕ་སའམ་རྩྭ་ཐང་གི་དཔའ་རྒོད་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་གི་མངའ་ཐང་རབ་ཏུ་དར་མྱོང་སའི་ཡུལ་ལུང་ཁྱད་པར་བ་ཞིག་ཡིན་པ་དངོས་གསལ་ལྟར། རྫ་ཆུ་ཁའི་ཡུལ་ལྷ་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་ལ་སྟག་གཟིག་ནོར་འགྱེད་སྐབས་ལུག་གཡང་ཐོབ་ཡོད་པ་དང་ཡུལ་འདིའི་མི་རྣམས་ལའང་དཔའ་མཛངས་རྟུལ་ཕོད་ཀྱི་སྒམ་བརླིང་དང་དཔའ་བོའི་སྙིང་སྟོབས་ལ་བརྩི་བཀུར་བྱེད་པའི་བག་ཆགས་དང་རང་གཤིས་ལྷན་སྐྱེས་སུ་མངའ་བ་སོགས་མདོར་བསྡུས་ཙམ་ཞིག་གོ།

ཚར་ཞྭ།

བྱང་སྡེ་རྫ་ཆུ་ཁའི་བུད་མེད་དག་གིས་རྒྱུན་དུ་གོན་རྒྱུ་ནི་ཚར་ཞྭ་ཁ་སྡེར་མ་ཟེར་བ་དེ་ཡིན་ཞིང་། ཞྭ་དེའི་ཁྱད་ཆོས་ནི་ཕྱིར་སྟོད་གཡོག་དང་སྨད་གཡོག  ནང་ཀླད་ཕུག་ནས་ཤ་ལུ་གུའི་ཚར་ཆུང་། ཕྱི་གཡོག་ཁ་མདོག་མཛེས་ལ་སྤུས་ཀ་དག་པའི་གོས་ཆེན་རྒྱ་གསེར། མགོ་ཕུག་ཐོག་གི་ཐེལ་སྨུག  དཀར་སེར་དམར་ལྗང་། བར་འཚང་ཕྱིང་པ་བཅས་ལས་གྲུབ་པ་ཞིག་ཡིན་པ་རེད།

1502185020414468.jpg

ཚར་ཞྭའི་དགེ་མཚན་དང་ནུས་པ་ནི། དབྱར་དུས་སུ་ཚ་ཟེར་དང་ཆར་ཆུ།སེར་མ་དང་རླུང་སོགས་འགོག་ཐུབ་པའི་ཁྱད་ཆོས་ལྡན་ནོ།། ཞྭ་འདིར་རྒྱུན་གྱོན་དང་ཡག་གྱོན་གཉིས་ནི་ཁྱད་ཆོས་འཛོམས་པས་བུད་མེད་ཚོས་གྱོན་སྐབས་སྐེ་འགུལ་རིང་ལ་རྣམ་རིག་གསལ་བ། གཟུགས་པོ་དྲང་བ། ངོ་གདོང་དྭངས་ལ་དམར་བ་སོགས་དབྱར་གྱི་མེ་ཏོག་བཀྲ་བ་དང་མཚུངས། ད་ལྟར་ཞྭ་འདི་ནི་བུད་མེད་ཚོའི་མེད་དུ་མི་རུང་བའི་རྒྱན་ཆ་ཞིག་ཏུ་གྱུར་ཡོད་པ་རེད།

1502185020448739.jpg

 ཕུ་སྒང་ཐང་རྩྭ་ར།

ཕུ་སྒང་ཐང་རྩྭ་ར་ནི་སེར་ཤུལ་རྫོང་གི་དབུས་རྒྱུད་དུ་གནས་ཤིང་། སི་ཁྲོན་ཞིང་ཆེན་གྱི་ཆེས་ཆེ་བའི་རྩྭ་ར་ཡིན་ལ་དཔེ་མཚོན་གསལ་ཤོས་ཀྱི་ས་མཐོའི་སྐྱེ་དངོས་ཀྱི་མ་ལག་ཆགས་གནས་ས་ཁོངས་ཀྱང་ཡིན།བསྟན་དར་ལུང་པ་ལ་ལྐོག་འགྱུར་གྲོག་རོང་ཡང་ཟེར། ལོ་ཤུལ་ཁོངས་སུ་གནས།

 

བྲག་སྐྱ་འདམ་ར།

བྲག་སྐྱ་འདམ་ར་ནི་མཚོ་བོད་ས་མཐོའི་སྣོད་བཅུད་བང་མཛོད་ཀྱི་འདམ་ར་ཡིན།ཀ་བཞི་ཆུ་ཚན་རྫོང་ནས་སྤྱི་ལེ༡༠༢ཡོད་ཅིང་། ཤོད་རྒྱུན་ལ་གླིང་གེ་སར་དང་འབྲུག་མོ། དཔའ་རྟུལ་རྣམས་ཀྱི་སྐུ་ལུས་འཁྲུད་ས་ཡིན་པར་གྲགས།

1502185020144401.jpg

སེར་ཤུལ་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

སེར་ཤུལ་རྫོང་གྲོང་གི་ལམ་སྒྲོན་ནི་ཞབས་ཨར་འདམ་གྲུ་བཞི་སྟེགས་བུར་ལོ་སྟོང་གི་ཐང་བོད་གནའ་ལམ་ཞེས་པའི་ཡིག་འབྲུ་བདུན་བརྐོས་འདུག་ཅིང་། གཞུང་རྟ་ལྕགས་སྦུག་གཉིས་གཤིབ་ཅན་གྱི་ཐོག་ལ་མེ་ཏོག་འདབ་ཆེན་ལྔའི་སྒྲོན་སྣོད་དང་། དེ་ལྔའི་ཐོག་མེ་ཏོག་གི་ཚུལ་དུ་བཞད་པའི་སྒྲོན་སྣོད་དཀར་པོ་ལྔས་བརྒྱན་ཡོད་པས་མིག་ལ་མཛེས་པར་མ་ཟད་ལོ་རྒྱུས་རིག་གནས་ཀྱི་ཤན་ཞུགས་ཡོད་པ་རེད། །

1502185020343137.jpg

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716