སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
2017ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་30འཁོར་ཡོད།
སྤེལ་དུས། 2017-12-22   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  པདྨ་ཚེ་རིང་གིས་བསྒྱུར།
          ལོ་ངོ་30གོང་གི་1987ལོར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་པེ་ཅིང་དགོན་སེར་ནུབ་མར་བཙུགས་ཤིང་། འདི་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་ཆེད་དུ་གསོ་སྐྱོང་བྱེད་པའི་ཆོས་ལུགས་སློབ་གླིང་ཞིག་ཡིན།  པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་སྐབས་དང་པོའི་གླིང་གཙོའི་ཐུགས་འགན་བཞེས་ཤིང་། སྐབས་དེར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཀྲའོ་ཕུའུ་ཁྲུའུ་ནི་མཐོ་རིམ་བློ་འདྲི་ས་ཡིན། 
          ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པ་དེས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ལ་རྩ་བའི་རང་བཞིན་གྱི་འཕོ་འགྱུར་བྱུང་བ་མཚོན་ཞིང་། དུས་དེ་ནས་བཟུང་བོད་བརྒྱུད་ནང་བསྟན་དེང་རབས་ཅན་གྱི་སློབ་གསོར་ཁ་ཕྱོགས་པར་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་གི་མགོ་བརྩམས་པ་རེད། 2017ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་30འཁོར་བའི་དྲན་གསོ་མཛད། ལོ་འདིའི་ནང་དུ་ལྷིང་འཇགས་ཀྱི་གནའ་བོའི་དགོན་པའམ་དེང་རབས་ཀྱི་སློབ་གྲྭ་འདིའི་ནར་སོན་པའི་ལོ་ཟླ་ནི་ཅི་ལྟ་བུ་ཞིག་ཡིན་ནམ། ང་ཚོས་བརྙན་མིག་གི་རྗེས་སུ་འབྲངས་ཏེ་འདས་སོང་གི་ལོ་ཟླ་ཕྱིར་དྲན་བྱའོ། །

          ཟླ་5པའི་ཚེས་14ཉིན། སྐབས་བཅུ་གསུམ་པའི་མཐོ་རིམ་མཚན་གནས་དང་། སྐབས་དགུ་པའི་འབྲིང་རིམ་མཚན་གནས་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་དེ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས། རི་མོ་ནི་སློབ་ཐོན་མཛད་སྒོའི་ཡུལ་དངོས་ཡིན། 
          ཟླ་5པའི་ཚེས་17ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གསུམ་པའི་མཐོ་རིམ་མཚན་གནས་དང་འབྲིང་རིམ་མཚན་གནས་ཡིག་ཚད་ལ་ཞུགས་པའི་གྲྭ་པ་རྣམས་ཀྱིས་པེ་ཅིང་གི་པེ་ཅིང་དགོན་སེར་ནུབ་མ་ནས་ཆེད་རྩོམ་དམ་བཅའ་ཕུལ། (མཆན་འགྲེལ། 2013ལོའི་ཟླ་10པར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་བོད་བརྒྱུད་ནང་བསྟན་གྱི་སྐབས་དང་པོའི་འབྲིང་རིམ་མཚན་གནས་གནང་བའི་མཛད་སྒོ་སྤེལ། མཐར་ཕྱིན་སློབ་མ་སྐབས་ལྔར་ཡང་ཡིག་ཚད་བཏང་སྟེ་བསླབ་གནས་སྤྲད།)

རི་མོ་ནི་དགེ་འདུན་གྱིས་དམ་བཅའི་གོ་རིམ་ཁ་པར་གྱིས་བརྙན་ལེན་པའི་ཚུལ་ཡིན། 

          ཟླ་5པའི་ཚེས་18ཉིན། སྐབས་བཅུ་གསུམ་པའི་མཐོ་རིམ་མཚན་གནས་འཛིན་གྲྭ་དང་། སྐབས་ལྔ་པའི་འབྲིང་རིམ་འབྲིང་རིམ་མཚན་གནས་འཛིན་གྲྭ། སྐབས་བཞི་པའི་དགེ་རྒན་དཔྱད་བསྡུར་གདན་ཞུའི་བྱེད་སྒོར་ཞུགས་པའི་དགེ་འདུན། དགེ་རྒན་དང་མཚན་ཉིད་རྩོད་མཁན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་ཆའི་དགེ་རྒན་སོགས་བོད་བརྒྱུད་ནང་བསྟན་གྱི་ཆོས་བྱེད་མི་སྣ་བརྒྱ་ཕྲག་ལྷག་གིས་དགོན་སེར་ནུབ་མ་ནས་སྨོན་ལམ་གསོལ་འདེབས་ཀྱི་མཛད་སྒོ་རྒྱ་ཆེན་འཚོགས། རི་མོ་ནི་དགེ་འདུན་གྱི་ཕྱག་དཔེ་ཡིན། 

          ཟླ་5པའི་ཚེས་19ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་དང་འབྲིང་རིམ་མཚན་གནས་སྤྲོད་པའི་མཛད་སྒོ་དང་དཔེ་ཆའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་སྤྲོད་པའི་མཛད་སྒོ་དེ་པེ་ཅིང་གི་དགོན་སེར་ནུབ་མར་འཚོགས། རི་མོ་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་ཀུན་མཁྱེན་འཇམ་དབྱངས་རིན་པོ་ཆེས་མཐོ་རམས་པའི་མཚན་གནས་དང་འབྲིང་རམས་པའི་མཚན་གནས་ཐོབ་མཁན་གྱི་འཐུས་མིར་མཚན་གནས་ལག་ཁྱེར་སྤྲོད་པ་ཡིན།
          བོད་བརྒྱུད་ནང་བསྟན་གྱི་མཚན་གནས་སྤྲོད་པའི་བྱེད་སྒོ་ནི་2004ལོ་ནས་འགོ་བཙུགས་ཏེ་ད་བར་དུ་རྒྱུན་འཛིན་བྱས། དགེ་འདུན་148ལ་“མཐོ་རམས་པའི”མཐོ་རིམ་མཚན་གནས་སྤྲད་པ་དང་། དགེ་འདུན་150ལ་འབྲིང་རམས་པའི་འབྲིང་རིམ་མཚན་གནས་སྤྲད། 2011ལོ་ནས་བཟུང་དཔེ་ཆའི་དགེ་རྒན་དཔྱད་བསྡུར་གདན་ཞུའི་ལས་དོན་སྤེལ་བ་ནས་བཟུང་། དགེ་འདུན་94ལ་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རིམ་དགེ་རྒན་གྱི་ཐོབ་ཐང་ཐོབ་ཡོད་པ་རེད།

          ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་2017ལོར་མཚན་གནས་སྤྲོད་པ་དང་དཔེ་ཆའི་དགེ་རྒན་དཔྱད་བསྡུར་གདན་ཞུས་བྱེད་པའི་བྱ་འགུལ་གྱི་སྐབས་སུ་བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་མཚན་གནས་སྤྲོད་པའི་བྱེད་སྒོར་ཞུགས་མཁན་གྱི་གདན་ཞུས་མཚན་ཉིད་པ་དང་། འབྲིང་རམས་པའི་འབྲིང་རིམ་མཚན་གནས་དང་མཐོ་རམས་པའི་མཐོ་རིམ་མཚན་གནས་ལ་རྒྱུགས་ལེན་མཁན་གྱི་དགེ་འདུན་པ་140ལྷག་ཙམ་པེ་ཅིང་གི་འོད་སྐོར་དགོན་དུ་ཕེབས་ནས་སངས་རྒྱས་ཚེམས་གདུང་གི་རིང་བསྲེལ་མཆོད་རྟེན་ལ་མཇལ་ཁ་ཞུས། རི་མོ་ནི་དགེ་འདུན་གྱིས་པདྨའི་མཆོད་མེ་བཀར་བའི་ཚུལ་ཡིན།

          ཟླ་9པའི་ཚེས་8ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་30འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཚོགས་པའི་འགན་འཁུར་བ། བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འཐུས་མི་སོགས་མི་གྲངས་180ལྷག་ཙམ་དྲན་གསོའི་ཚོགས་འདུའི་ནང་ཞུགས་ཡོད། རི་མོ་དྲན་གསོ་ཚོགས་རའི་ཡུལ་དངོས་ཡིན།

          ཟླ་11པའི་ཚེས་3ཉིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཕྱི་སོག་རྒྱལ་ཁབ་ཀྱི་དགེ་འདུན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་བརྩམས་པའི་མཛད་སྒོ་པེ་ཅིང་དུ་འཚོགས། ད་རེས་ཕྱི་སོག་གི་སེ་ཡན་ནོ་མོན་དགོན་གྱིས་ཁྱོན་བསྡོམས་དགེ་འདུན་བཅུ་དང་ཟུར་སྟོན་པ་གཉིས་གསོ་སྦྱོང་དུ་མངགས་ཡོད། ཁོ་ཚོས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་དུས་ཡུན་ལོ་གཅིག་ལ་ཉེ་བའི་སློབ་སྦྱོང་གི་འཚོ་བའི་ནང་དུ་བོད་ཡིག་གི་བརྡ་སྤྲོད་དང་། བོད་ཡིག་གི་ཡིག་གཟུགས། རྒྱའི་སྐད་ཡིག ནང་བསྟན་གྱི་གཞུང་། ཆོས་སྤྱོད་ཆོ་ག རྩིས་འཁོར་སོགས་ཀྱི་བསླབ་ཚན་ལ་སྦྱོང་དགོས་ཀྱི་ཡོད། རི་མོ་ནི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་མཉམ་པར་ཡིན། 

          ཟླ་11པའི་ཚེས་6ཉིན། སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་བགྲོ་གླེང་ཚོགས་འདུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཚོགས། བགྲོ་གླེང་ཚོགས་འདུ་འདིར་དྲིན་ཚོར་ཞིང་དྲིན་གཟོ་བ་ཞེས་པ་བརྗོད་དོན་བྱས་ཡོད། དེའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་གྱི་གྲྭ་དམངས་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ། མེས་རྒྱལ་ལ་དྲིན་གཟོ་བ་དང་། འགྲོ་བ་ཀུན་ལ་ཕན་བདེ་བསྐྲུན་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། རི་མོ་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བཞིན་པ་ཡིན། 

          ཟླ་11པའི་ཚེས་8ཉིན། དུས་ཡུན་ཉིན་གསུམ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་མཇུག་འགྲིལ་བ་རེད། སྐབས་འདིའི་བགྲོ་གླེང་ཚོགས་འདུ་ལ་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་རྣམས་ཧུར་བརྩོན་གྱིས་ཞུགས་པ་དང་། ཁྱོན་བསྡོམས་དཔྱད་རྩོམ་80ལྷག་འབྱོར། ཚོགས་འདུའི་མཇུག་རྫོགས་པའི་མཛད་སྒོའི་སྟེང་། གཙོ་སྒྲུབ་པས་དགོངས་འགྲེལ་ཕུལ་བྱུང་གི་དཔྱད་རྩོམ་རྣམས་ལ་དཔང་ཡིག་སྤྲད་པ་དང་། ཁྱོན་བསྡོམས་དགོངས་འགྲེལ་དཔྱད་རྩོམ་10ལ་ཁྱད་འཕགས་གཟེངས་རྟགས་བྱ་དགའ་ཐོབ་པ་དང་། དཔྱད་རྩོམ་29ལ་ཕུལ་བྱུང་གཟེངས་རྟགས་བྱ་དགའ་ཐོབ། 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716