སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་ན་རེ། ཆོས་ལུགས་སྲིད་ཇུས་དོན་འཁྱོལ་ཆེད་དུ། སྲིད་གྲོས་ཀྱི་ཨུ་ཡོན་ནས་གཞོགས་འདེགས་བྱེད་དགོས།
སྤེལ་དུས། 2017-03-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་ཚོས་པེ་ཅིང་དུ་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་མང་ཚོགས་ཀྱི་འཚོ་བའི་ཐད་ཀྱི་གལ་གནད་ཆེ་བའི་གནད་དོན་ལ་ཆབ་སྲིད་ཀྱི་གོ་བསྡུར་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཆོས་ལུགས་ཕྱོགས་ཁག་གི་སྲིད་གྲོས་ཚོ་ཆུང་གི་བགྲོ་གླེང་ཚོགས་འདུར་དབུ་ཞུགས་མཛད་དེ། ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱ་གཞག་ལ་གོ་བསྡུར་ནན་མོ་མཛད།

          ཚོ་ཆུང་གི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་ཚང་མས་ལྷན་ཅིག་ཏུ་ནན་ཏན་ངང་ནས་སྲིད་གྲོས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་ཞིང་། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་། ལས་དོན་འཆར་གཞི། འགྲོ་གྲོན་སྔོན་རྩིས་བཅས་ཀྱི་སྐོར་ལ་ལྷན་དུ་བགྲོ་གླེང་གནང་།

          པཎ་ཆེན་མཆོག་ནས་ཚོ་ཆུང་གི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་སྐབས་དགོངས་ཚུལ་བརྗོད་པར། ནན་ཏན་ངང་ནས་སྲིད་གྲོས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ་ཚོགས་པའི་ལས་དོན་སྙན་ཞུར་ཉན་རྗེས། རང་ཉིད་ཀྱིས་ཇི་ལྟར་བྱས་ཚེ་ཆོས་ལུགས་ཕྱོགས་ཀྱི་ཨུ་ཡོན་ལེགས་པོ་ཞིག་བྱེད་པའམ། ལྷག་པར་དུ་ཇི་ལྟར་བྱས་ནས་རང་ཉིད་ཀྱི་གོ་བབ་འཚོལ་བ་དང་། ཆོས་ལུགས་ཕྱོགས་ཀྱི་ཨུ་ཡོན་ཞིག་གི་དམིགས་བསལ་གྱི་ནུས་པ་ཐོན་པར་བྱེད་དགོས་པའི་ཐད་དུ་ངེས་ཤེས་གསར་པ་འདྲོང་བ་དང་། ཚོར་སྣང་གསར་པ་སྐྱེས་བྱུང་ཞེས་གསུངས།

          པཎ་ཆེན་མཆོག་ནས་བརྗོད་པར། སྲིད་གྲོས་ནི་དབང་འཛིན་ལས་ཁུངས་མིན་རུང་། སྲིད་གྲོས་ཀྱི་ཨུ་ཡོན་ལ་སྨྲ་བརྗོད་དབང་ཆ་ཡོད་ཅིང་། སྲིད་ཇུས་ལ་གོ་བསྡུར་དང་། ཐབས་ལམ་ལ་གྲོས་འདེབས། མི་དམངས་ཀྱི་བསམ་པ་མཚོན་པ། དམངས་གཙོའི་ལྟ་སྐུལ་བཅས་ནི་གཅིག་ནས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ལས་ཀའི་སྤེལ་ཕྱོགས་ཡིན་ལ་གཉིས་ནས་དོར་ཐབས་མེད་པའི་འགན་འཁྲི་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཆོག་གིས་ཆོས་ལུགས་ཀྱི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་ལ། ཏང་གི་ཆོས་ལུགས་སྲིད་ཇུས་ལ་ཆོས་ལུགས་པའི་སྡེ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ནས་གོང་བཀུར་ཆེན་པོ་བྱེད་ཀྱིན་ཡོད། དེས་ན་དེའི་གནད་འགག་ནི་ལག་བསྟར་དོན་འཁྱོལ་བྱེད་པ་དེའོ།། འདི་ནི་ཏང་དང་སྲིད་གཞུང་ཁོ་ནའི་འགན་འཁྲི་མིན་པས་ཆོས་ལུགས་པའི་སྡེ་དང་ལྷག་པར་དུ་ཆོས་ལུགས་ཕྱོགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་བརྩོན་སེམས་བསྐྱེད་དེ་མཉམ་ཞུགས་བྱེད་དགོས་པའི་གནད་ཅིག་ཡིན་ཞིང་། ཏང་དང་རྒྱལ་ཁབ་ལ་གཞོགས་འདེགས་བྱས་ཏེ་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། དད་ལྡན་མང་ཚོགས་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་དང་། ལྷག་པར་དུ་དབུལ་སྐྱོར་འགག་སྒྲོལ་གྱི་བྱ་གཞག་ཁྲོད་དུ་ནུས་ཤུགས་འདོན་རྒྱུར་སྐུལ་སློང་བྱེད་དགོས་ཞེས་གསུངས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716