སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འགྲུལ་བཞུད་པ།
སྤེལ་དུས། 2016-06-22   ཡོང་ཁུངས། ཀྲོང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དཔའ་རྩེ།

                                            རླུང་བུ་བསིལ་བསིལ་མཁའ་ན་རྒྱུ།

                                           ཆར་བ་ཤག་ཤག་སེམས་སུ་བབས།  

ཉིན་མཚན་དབྱེར་མེད་དུ་འཕྱོ་བའི་སེམས་ངོགས་ཀྱི་སྤྲིན་པ་དེའང་།

སྤྲིན་པ་བཞིན་རྒྱང་ཐག་རིང་བའི་ཁྱོད་ཉིད་ཡིན་ངེས།

ལ་ཁའི་དར་ལྕོག་གི་ཚུལ་དུ་འགྲེང་ནས།

རྒྱང་རིང་གི   ཁྱོད་ཀྱི་རླུང་བུར་བསྒུགས།

ཉི་ཤར་དང་ས་སྲོད་ཀྱི་མཚམས་སྤྲིན་ཁྲོད་དུ།

ཁེར་རྐྱང་གི་ལ་ཁ་འདིར།

དར་ལྕོག་གི་ཁ་དོག་ཁེར་རྐྱང་།

རླུང་བུ་ཡི་ཤུ་སྒྲ་ཁེར་རྐྱང་།

 

ཉི་མ་ངུ་བཞིན་ངུ་བཞིན་སོང་བའི་ཤུལ་དུ།

མཚན་མོའི་མཁའ་དབྱིངས་སུ་མཆི་མ་ཐར་ཐོར་བཀྲམ།

རླུང་བུས་ཤུགས་ཀྱིས་བཀླགས་པའི་ཡིག་འབྲུ་དག

དར་ལྕོག་ཧྲལ་ཧྲལ་ངོས་ན་ག་ཙམ་མངོན།

མཚན་མོའི་མུན་པ་གོས་སུ་གྱོན་པའི་འགྲུལ་བཞུད་པས།

ཞོགས་པའི་ཟིལ་བ་རྡོག་པས་མནན་ནས་གང་དུ་བཞུགས།

     མཚན་མོ་བཀླགས་པ།

ནམ་རྒྱུན་ཁུ་སིམ་སིམ་གྱི་མཚན་མོ་ཀློག་དུས།

ཡེ་གེ་ཐམས་ཅད་སྐྱོ་གདུང་ཞེས་པའི་ཐ་སྙད་རེད།

ཤོག་ངོས་རེ་རེའི་ཞབས་མཆན་དུ།

ཁ་བའི་གོད་ཆག་བཀོད་འདུག

རྩྭ་ཐང་གི་གཞོབ་དྲི་བཀྲལ་ཡོད།

གཞིས་བྱེས་ཀྱི་གྱེས་གདུང་གསལ་འདུག

 

ནམ་རྒྱུན་ཁུ་སིམ་སིམ་གྱི་མཚན་མོ་ཀློག་དུས།

ཡེ་གེ་ཐམས་ཅད་སྐྱོ་གདུང་ཞེས་པའི་ཐ་སྙད་རེད།

ཤོག་ངོས་རེ་རེའི་ཞབས་མཆན་དུ།

བརྩེ་དུངས་ཀྱི་ཕམ་ཉེས་བྲིས་འདུག

འདུ་འབྲལ་གྱི་སྐྱོ་ངལ་བཀྲལ་འདུག

ཁེར་ཧྲེང་གི་སུན་སྣང་བཀོད་འདུག

 

ནམ་རྒྱུན་ཁུ་སིམ་སིམ་གྱི་མཚན་མོ་ཀློག་དུས།

ཡེ་གེ་ཐམས་ཅད་སྐྱོ་གདུང་ཞེས་པའི་ཐ་སྙད་རེད།

ཤོག་ངོས་རེ་རེའི་ཞབས་མཆན་དུ།

ཕ་ལོ་གཤེགས་དུས་ཀྱི་སྐྱོ་སྡུག་བྲིས་འདུག

མ་ལོ་བཞུད་དུས་ཀྱི་མིག་ཆུ་བཀྲམ་ཡོད། 

ཕུ་ནུ་མིང་སྲིང་གི་དྲན་གདུང་བཀོད་འདུག

རྡོ་ཡི་ཆར་བ།

ཉིན་མཚན་ལ་དབྱེ་བ་མེད་པར།

དུས་བཞི་ལ་ཁྱད་པར་མ་མཆིས་པར།

ངའི་ས་གཞི་ལ་འབབ་ཀྱིན་པའི་རྡོ་ཡི་ཆར་བ།

 

སྤྲིན་ནག་མ་འཁྲུགས་པར།   རླུང་བུ་མ་གཡོས་པར།

ཆོམ་ཆོམ་གྱི་སྒྲའང་མེད་པར།

ལྗིད་ཏིག་ཏིག་བབས་བྱུང་བ་ནི་རྟོག་བཏགས་མ་ཡིན།

 

རྡོ་ཡི་ཆར་བ་ལ་བརླན་གཤེར་མེད།

རྡོ་ཡི་ཆར་བ་ལ་ཁ་དོག་མེད།

བཞུ་འོས་པའི་ཆར་ནི་རྡོ་རེད།

འབབ་འོས་པའི་ཆར་བ་རྡོ་ཡིན་པའང་རྟོག་བཏགས་མིན།

 

ཆར་བ་དེ་མཚན་སྨག་ལས་སིམ་སིམ་འབབ་དུས།

རྡོ་བ་དག་ངའི་ཤེལ་ཕོར་ནང་དྲག་ཏུ་བབས་བྱུང་བའང་འཁྲུལ་སྣང་མིན།

སང་ཉིན།  ད་དུང་ཁ་བ་འབབ་སྲིད་ནམ།

སང་ཉིན། ད་དུང་ཁ་བ་འབབ་སྲིད་དམ།

གངས་རྡིབ་ཀྱི་ཚུལ་གྱིས། རྦ་རླབས་ཀྱི་རྔམ་ཤུགས་ཀྱིས།

གནམ་སྔོན་པོའི་མིག་ཀོང་ནས་ལྷབ་ལྷུབ་ཏུ་བབས་ཏེ།

འབར་གྱིན་པའི་མེ་དག་གཞོམ་སྲིད་དམ།

འོད་དཀར་གྱི་རྣམ་པས།   འཁྱག་གྲང་གི་ཚུལ་གྱིས།

སེམས་ཀྱི་ཡུལ་ལྗོངས་ཐམས་ཅད་དུ།

ཚ་གྲང་གི་ཚོར་བ་ག་འདྲ་སྟེར་རམ།

 

སང་སྙིན་ད་དུང་ཁ་བ་འབབ་སྲིད་ནམ།

སྣང་ཚུལ་ཅི་འདྲ་ཞིག་གིས་།   ངོ་བོ་གང་འདྲ་ཞིག་གིས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716