སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་འཐུས་མིའི་གྲོས་འགོ་25གོང་འབུལ་ཞུས་པ།
སྤེལ་དུས། 2017-03-17   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  གཡུ་སྒྲོན།
སྔོན་གྱི་ལོ་བཞིའི་ནང་བཏོན་པའི་གྲོས་འགོར་ལན་བཏབ་ཚད་100%ཟིན་པ།
          ཚེས་12ཉིན་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་གཞི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་འཐུས་མི་ཚོགས་པས་ཚོགས་ཆེན་ལ་ཁྱོན་འཐུས་མིའི་གྲོས་འགོ་25གོང་འབུལ་ཞུས་པ་དང་། དེའི་ནང་འཐུས་མི་མི་སྒེར་རམ་ཡང་ན་མིང་མཉམ་དུ་བཀོད་ནས་བཏོན་པའི་གྲོས་འགོ་19ཡོད་པ་དང་། འཐུས་མི་ཚོགས་པའི་མིང་ཐོག་ནས་བཏོན་པའི་གྲོས་འགོ་6ཡོད་པ་རེད།
          འདི་ལོ་གོང་འབུལ་ཞུས་པའི་གྲོས་འགོའི་ནང་གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་འཚོ་འགན་ལེན། ཐོན་ལས་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ནང་དོན་ཡོད་པ་དག་ལྗོངས་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ཐད་དང་འབྲེལ་བ་ཡོད་པ་རེད། ཁྱད་ཆོས་གཙོ་བོ་གསུམ་ཡོད་པ་སྟེ། གཅིག་ནི་གཙོ་གནད་མངོན་གསལ་དོད་པ་དང་། བོད་ཀྱི་ལས་དོན་གྱི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་དམ་པོར་དམིགས་ཡོད་པ་དང་།གོང་འབུལ་ཞུས་པའི་གྲོས་འགོ་25ཡི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁོ་ནར་ལྕགས་ལམ་དང་། གཞུང་ལམ། ཆུ་བེད། གློག་ཤུགས། སྣོད་བཅུད་ཁུལ་དང་ཟོག་འགྲེམས་གླིང་འཛུགས་སྐྲུན་སོགས་ཡོད་པ་ལས་བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཁྲོད་གང་མགྱོགས་ཐག་གཅོད་བྱེད་དགོས་པའི་དོན་དངོས་གནད་དོན་མཚོན་ཡོད་ལ་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་ཁྲོད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པའི་སྤྱི་ཡོངས་རང་བཞིན་གྱི་གནད་དོན་ཡང་མཚོན་ཡོད། གཉིས་ནི་དམངས་འཚོར་དམ་པོར་དམིགས་པ་དང་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་གྱིས་བཟུང་བའི་སྡུར་གྲངས་ཆེ་ཤོས་རེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ཕུད་འཐུས་མི་ཚོས་ད་དུང་སྣོད་བཅུད་ལས་གནས་མང་དུ་གཏོང་བ་དང་འབྲེལ་ཁ་གསབ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་། ས་ཞིང་ཤོར་བའི་མི་སྣའི་རྗེས་མཐུད་འགན་ལེན་མ་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་སྨན་བཅོས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་གྲོས་འགོ་བཏོན་ཡོད། གསུམ་ནི་སྤྱི་ཡོངས་ཀྱི་ལྟ་བ་ཆེ་བ་དང་ཀྲུང་དབྱང་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གི་བླང་བྱ་དང་མཐུན་ཡོད། འཐུས་མིའི་གྲོས་འགོ་བོད་ཀྱི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་གཞི་ཚུགས་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་མངོན་ཡོད། དཔེར་ན། འཐུས་མི་དབང་འདུས་ཀྱིས་བཏོན་གནང་བའི“བོད་ཀྱི་བྱེ་འགོག་བྱེ་བཅོས་ལས་གྲྭར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”དང་། འཐུས་མི་ཕུན་ཚོགས་ཀྱིས་བཏོན་གནང་བའི“བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་ལེགས་སྒྲིག་དང་ནུས་པའི་ཁུལ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”བཅས་རེད།
          རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་མི་དོན་འདེམས་བསྐོ་ལས་དོན་ཨུ་ཡོན་ལྷན་ཁང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུགས་ཁྲུའི་ཁྲུའུ་ཀྲང་ཚེ་རིང་བདེ་སྐྱིད་ཀྱིས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིས་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཁོང་ཚོས་བཏོན་པའི་གྲོས་འགོ་དག་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། བོད་ཀྱི་གནས་ཚུལ་ལ་དམ་པོར་དམིགས་པ། མི་དམངས་ཀྱི་བསམ་འདུན་མཚོན་པ། ལས་དོན་དངོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། སྔོན་གྱི་ལོ་བཞིའི་རིང་བཏོན་པའི་གྲོས་འགོར་ལན་བཏབ་ཚད་100%ཟིན་ནས་ལས་ཆོད་ཆེ་བ་དང་ཕན་འབྲས་ཡག་པས་འཐུས་མི་ཚོ་བློ་ཡིད་ཚིམ་པོ་བྱུང་ཡོད་ཅེས་བརྗོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716