སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྨོད་གཉའ་བཅག་ནས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས་པ།
སྤེལ་དུས། 2017-03-20   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  ཟླ་གསུམ་པར་དཔྱིད་རླུང་དལ་གྱིས་ལྡང་བ་དང་ཆབས་ཅིག་སྐྱེ་དངོས་ཡོངས་ལོ་མ་མགོ་འབུད་འགོ་ཚུགས།
  གངས་ལྗོངས་ས་མཐོའི་ས་གཞི་ཡངས་པོར་ཞིང་པ་རྣམས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ལ་བྲེལ་བཞིན་མཆིས།
  ཟླ་3ཚེས་16ཉིན་ནི་བོད་མེ་བྱ་ལོའི་ཟླ་དང་པོའི་ཚེས་བཅུ་དགུ་ཡིན་ཞིང་། དེ་ཉིན་ཟོར་ཐོངས་འཛོམས་པས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོས་ཉིན་དེར་སྲོལ་རྒྱུན་གྱི་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བ་དང་། སོ་ནམ་གྱི་དུང་བརྡ་དང་པོ་བསྒྲགས་ཏེ་ལོ་གཅིག་གི་རྨོད་འདེབས་བྱེད་འགོ་ཚུགས།
  ཞོགས་པའི་ཉི་གཞོན་ཤར་བ་དང་བསྟུན་གྲོང་ཚོའི་མི་སེར་ཡོངས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་ཞིང་ནང་དང་མུ་ཁར་འཛོམས་ནས་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་ཏེ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུས་པ་རེད།
  བསང་དུད་ལང་ལོང་འཕྱུར་བའི་ཞིང་ས་ཡངས་པོར་ལོ་ལེགས་ཡོང་བའི“རྨོད་གཉའ་གཅོག་པའི་མཛད་སྒོ”ཞིག་གཉེར།
  གྲོ་སོ་ཕྱེ་མར་དང་། ཁ་བཟས། ཤིང་འབྲས།
  བྱེ་རིལ་བཅས་ཅོག་ཙེའི་སྒང་ལ་གྲལ་འགྲིག་པོས་བསྒྲིགས་པ་དང་། གྲོང་མི་བརྒྱ་ཕྲག་ཞིང་ནང་དུ་འཛོམས་ཏེ་སྤྲོ་སྣང་ཆེན་པོས་ཁ་བརྡ་གློད་པ་དང་། ཁ་བཟས་ཟ་བ། ཇ་བསྲུབས་མ་འཐུང་བ་སོགས་རྣམ་པ་འཁྲུག་ཆ་དོད། འགྲུལ་པས་ཀྱང་རླངས་འཁོར་གྱི་ཁ་བཀག་ནས་ལྟ་བར་ཡོང་།
  མཛད་སྒོ་འགོ་ཚུགས་སྐབས་མི་ཚོགས་ལ་བཀོད་འདོམས་བྱེད་མཁན་གྱིས་བཀོད་པ་བཏང་མ་ཐག་བུད་མེད་བཅུ་ཕྲག་གིས་གོ་རིམ་ལྡན་པའི་ངང་ས་བོན་གཏོར་བ་དང་། སྔ་ས་ནས་གྲལ་བསྒྲིགས་པའི་ཐོ་ཕྲུག་20ཡིས་ཞིང་རྨོད་འགོ་བརྩམས།
  ཐོ་ཕྲུག་གི་འུར་སྒྲའི་ཁྲོད་ཡུད་ཙམ་རིང་ས་ཞིང་སྐོར་བ་3མགྱོགས་ལ་ལེགས་པའི་ངང་རྨོས། ལོ་ངོ་སྟོང་ཕྲག་གི་སྲོལ་རྒྱུན་རྨོན་འདེབས་གོམས་སྲོལ་ལ་བརྩི་འཇོག་བྱ་ཆེད། འཕྲུལ་འཁོར་རྨོད་འདེབས་ཀྱི་རྗེས་སུ་གཟབ་མཆོར་སྤྲས་པའི་བུད་མེད་རྣམས་ཀྱིས་གཞས་གཏོང་ཞོར་སྦར་ཤལ་གྱིས་ས་ཁོད་སྙོམས།
  རྨོད་འདེབས་འཕྲུལ་འཁོར་4ནི་ད་ལོའི་མཛད་སྒོའི་བྱེད་པོ་གཙོ་བོར་གྱུར་ཡོད། ཞིང་ལས་འཕྲུལ་ཆས་སུ་འགྱུར་ཚད་ཆེ་རུ་ཕྱིན་པ་དང་སྦྲགས། དམར་གྲོང་ཚོའི་སྲོལ་རྒྱུན་གྱི་རྨོད་འདེབས་བྱེད་སྟངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྨོན་པ་དོར་སྡེབ་ནས་ཐོ་ཕྲུག་དང་། དེ་ནས་ད་ཆའི་རྟ་ཤུགས་130ཟིན་པའི་རྨོད་འདེབས་འཕྲུལ་འཁོར་བར། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་ཟམ་མི་ཆད་པར་གོང་འཕེལ་དང་བཅིངས་འགྲོལ་བྱུང་ཁར་མང་ཚོགས་སྔར་བས་མང་པོ་དཔུང་པ་འོག་ཏུ་འཇུག་མི་དགོས་པ་བྱུང་ལ། ཞིང་ལས་གཉེར་སྐྱོང་བྱེད་སྟངས་ཀྱང་རགས་བསྡུས་ཅན་ནས་ལེགས་བསྡུས་ཅན་གྱི་གཉེར་སྐྱོང་དུ་གྱུར་པ་དང་། གཉེར་སྐྱོང་བྱེད་པོ་ཡང་ཞིང་དུད་ནས་གྲོང་ཚོའི་མཉམ་སྡེབ་ཏུ་གྱུར་ཡོད་པ་རེད།
  ཤེས་རྟོགས་བྱུང་བ་ལྟར་ན། དམར་གྲོང་ཚོ་ནི་སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་འཕྲུལ་ཆས་ཅན་གྱི་སྔོན་ཐོན་གྲོང་ཚོ་ཡིན་ལ་ལྗོངས་ཡོངས་སུ་གྲོང་ཚོའི་མཉམ་སྡེབ་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་པོར་གོང་འཕེལ་བྱུང་བའི་དཔེ་སྟོན་གྲོང་ཚོ་དང་པོའང་ཡིན། ད་ལོར་དམར་གྲོང་ཚོས་ས་ཞིང་མུའུ་2000ལྷག་བརྒྱུད་བཤུག་བྱས་ནས་གྲོང་ཚོ་ཨུ་ལྷན་གྱིས་གཉེར་སྐྱོང་བྱེད་པོ་བྱེད་པའི་བྱེད་སྟངས་ཚོད་ལྟའི་ངང་སྤེལ་བས་ཞིང་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱུང་རྒྱུ་དང་གྲོང་མི་རྣམས་ལ་ས་ཞིང་གི་རྐང་དངུལ་ལ་བརྟེན་ནས་ཁེ་སྤོགས་བགོ་འགྲེམ་ཐུབ་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716