སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས“4•15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་བྱེད་སྒོ་སྤེལ་བ།
སྤེལ་དུས། 2017-04-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
  “ཁྱེད་རང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཀྱི་ཤེས་བྱའི་ཐད་ལ་རྒྱུས་མངའ་ཇི་ཙམ་ཡོད་དམ”ཅེས་གསར་འགོད་པའི་དྲི་བའི་ལན་དུ། མཁྱེན་ལྡན་མ་ཚུས་ལགས་ན་རེ།“ངས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཕྱོགས་རེ་བ་ཙམ་ལས་བཅའ་ཁྲིམས་ཀྱི་ཤེས་བྱ་མང་པོར་རྒྱུས་ལོན་གསལ་པོ་མེད”ཅེས་ཟེར།
  སྔོན་ཆད་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་སྲོལ་ཐད་ཀྱི་ཤེས་ཚད་ཤིན་ཏུ་དམན་པའི་དབང་གིས། དེ་རིང་སྟེ།“4•15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཡུལ་དུ་ཁོང་ནས་རང་འགུལ་ངང་དྲིལ་སྒྲོག་མི་སྣར་བཀའ་འདྲི་ཞུས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་གཏན་འབེབས་ཁག་ལ་རྒྱུས་ལོན་གནང་བ་རེད། ཁོང་ནས་བརྗོད་པར།“བྱེད་སྒོ་འདིས་ངའི་བཅའ་ཁྲིམས་ཀྱི་ཤེས་བྱའི་ཡོན་ཚད་ཀྱི་ཁོད་ཇེ་ཡངས་དང་ཚད་ཇེ་མཐོར་བཏང་སོང”ཞེས་གསུངས།
  མཁྱེན་ལྡན་མ་ཚུས་ལགས་དང་འདྲ་བར་དེ་རིང་གི་བྱེད་སྒོ་སྤེལ་ཡུལ་དུ་སླར་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་དོན་སྙིང་ལ་ངེས་ཤེས་འདྲོང་ཞིང་། སྤྱི་དམངས་ཤིག་གི་ངོས་ནས་ཇི་ལྟར་བྱས་ཚེ་ད་གཟོད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཐུབ་པའི་ཐད་ལ་རྒྱུས་ལོན་གསར་པ་བྱུང་བའི་མང་ཚོགས་མང་པོ་ཡོད་ཅིང་། ཁོང་ཚོས་དེ་རིང་གི་བྱེད་སྒོའི་ཁྲོད་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ནང་དོན་ལ་འདྲི་གཏུག་དང་རྒྱུས་ལོན་བྱེད་ཅིང་། བྱེད་སྒོའི་ཡུལ་དངོས་ནི་ཚ་ཚ་འུར་འུར་དང་འཁྲུག་ཆ་དོད་པའི་རྣམ་པ་ཞིག་གིས་ཁྱབ་འདུག 
  དེ་རིང་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་གཉིས་པ་དེ་ཡིན་ཞིང་། ད་ལོའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བརྗོད་གཞི་ནི“ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་གོང་མཐོར་གཏོང་དགོས”ཞེས་པ་དེའོ།།   ལྗོངས་ཁྲིམས་འཛིན་ཐིང་ནས་བོད་རང་སྐྱོང་ལྗོངས(འབྲིང་རིམ)ཀྱི་ཐད་གཏོགས་ལས་ཁུངས་དང་། ལྷ་ས་གྲོང་ཁྱེར་གྱི་ལས་ཁུངས་ཁྱོན30སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ཁོངས་གཏོགས་ལས་ཁུངས་དང་ཚན་པ་ནས་ཧུར་བརྩོན་ཆེན་པོས་ལམ་འགྲོ་བ་མང་ཚོགས་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱེད་པ་དང་དུས་མཚུངས། དྲིལ་སྒྲོག་དེབ་ཆུང་དང་དྲན་རྟེན་ལག་རྟགས་སོགས་ཀྱང་མང་ཚོགས་ཀྱི་ལག་ཏུ་འཕྲོད་པར་བྱས་ཡོད། དེའང་ཁོང་ཚོས་དྲིལ་སྒྲོག་བྱེད་པའི་ནང་དོན་ཁྲོད་དུ《རྩ་ཁྲིམས》དང་།《རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》《གསང་མྱུལ་འགོག་རྒོལ་བཅའ་ཁྲིམས》《འཇིགས་སྐུལ་རིང་ལུགས་འགོག་རྒོལ་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་རིགས་ཚུད་ཡོད་པ་དང་། གསོན་ཉམས་དོད་པའི་ཁྲིམས་སྐྱོང་སློབ་གསོའི་གཅིག་བསྡུས་བྱེད་སྒོ་ཉིད་འཁྲུག་ཆ་རབ་ཏུ་དོད་པའི་འོག་ཏུ་ཚགས་སུ་ཚུད་པ་སྤེལ་ཞིང་། མི་དམངས་ཀྱི་ཁྲོད་དུ་བག་ལ་ཞ་བའི་སྟོབ་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བཙན་པོ་ཞིག་བཞེངས་སྐྲུན་བྱས་པའོ།
  ལྗོངས་ཁྲིམས་འཛིན་ཐིང་ནི་ད་ཐེངས་ཀྱི་བྱེད་སྒོའི་སྒྲིག་འཛུགས་ཚན་པ་ཡིན་ཞིང་། ལྗོངས་ཁྲིམས་འཛིན་ཐིང་གི་ཏང་ཨུད་ཀྱི་ཨུ་ཡོན་དང་སྐོར་གཟིགས་གཅིག་ལྕོགས་འཇམ་དབྱངས་རིན་ཆེན་ནས་ངོ་སྤྲོད་གནང་བར།“འདི་ལྟའི་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་ཞིག་སྒྲིག་འཛུགས་བྱེད་པའི་དགོས་པ་ནི། ལས་ཁུངས་ཁག་གི་ལས་དོན་དང་མང་ཚོགས་ཀྱི་འཚོ་བའི་དོན་དངོས་གཉིས་ཟུང་འབྲེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཁྲིམས་སྲོལ་དང་བཅའ་ཁྲིམས་ཁག་མང་ཚོགས་ཀྱི་ཉེ་སར་བཅར་བའི་ཐབས་ལམ་ལ་བརྟེན་ནས། དྲིལ་སྒྲོག་ཚགས་སུ་ཚུད་པ་དང་། འགྲེལ་བརྗོད་སྔར་བས་ཁ་གསལ། མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་གང་མང་ཡོང་བ། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་གོ་རྟོགས་གོང་མཐོར་གཏོང་ཆེད་དུ་ཡིན”ཞེས་གསུངས།
  “ལེ་དབར་སྟོང་གི་ཆུ་རགས་ཀྱང་། གྲོག་ཚང་ཆུང་ངུས་བརླགས་ཞེས་གྲགས”ཞེས་པ་ལྟར། རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་སྒེར་མི་རེ་ངོ་རེའི་ཕྲག་ཐོག་ཏུ་བབས་པའི་བཤོལ་ཐབས་མེད་པའི་འགན་འཁྲི་ཡིན་ཞིང་། འགན་འཁྲི་ཆུང་ངུ་ཅི་འདྲ་ཞིག་ཡིན་ཡང་རྒྱལ་ཁབ་ཀྱི་ངོས་ནས་གལ་ཆེའི་སྟོབས་ཤུགས་རེ་རེར་གྱུར་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་སྤྱི་དམངས་རེ་རེའི་གལ་ཆེའི་འོས་འགན་ཀྱང་ཡིན་པར་བརྟེན། སྤྱི་དམངས་རང་རང་སོ་སོ་ནས་རང་འཁྲིའི་འོས་འགན་ཁུར་དུ་བླངས་ཚེ། ད་གཟོད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི“གྲོག་ཚང”ཆུང་ངུ་ཡང་གནས་པའི་སྐབས་མ་མཆིས་སོ།།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716