སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་སྐྱོར་དོན་ལ་བྲེལ། ལྷ་རྗེའི་ལས་ལ་བསྟོད།
སྤེལ་དུས། 2017-12-15   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ།  མིག་དམར།
 —— ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་དུ་གཅེས་སེམས་བཅངས་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།
          དཔྱིད་རླུང་ངང་གིས་ལྡང་བས་ས་མཐོ་རིམ་གྱིས་དྲོས། དགོངས་དོན་བློ་ལ་ངེས་ནས་དམངས་ལ་ཕན་བདེ་སྐྲུན། ཉེ་ཆར་ཧུའུ་པེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་རྒན་གསོ་ཁང་དུ“ལྷོ་ཁར་བརྩེ་སེམས་འཆང་། འོས་འགན་སྨན་བཅོས་བྱེད”ཅེས་པའི་བྱེད་སྒོ་སྤེལ་བར་ལྷོ་ཁའི་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ།
          ཐེངས་འདིའི་འོས་འགན་སྨན་བཅོས་བྱེད་སྒོ་ཡག་པོ་ཞིག་སྤེལ་ཆེད། ཧུའུ་པེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་ལན་ཧུང་མའེ་ཡིས་འོས་འགན་སྨན་བཅོས་བྱེད་སྒོ་མ་སྤེལ་གོང་གི་ཉིན་གཉིས་པར་སྣེ་གདོང་ཆུས་ཀྱི་རྒན་གསོ་ཁང་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་ཡོང་བ་དང་། རྒན་གསོ་ཁང་དུ་ད་ཡོད་རྒན་རྒོན་57ཡོད་པའི་ནང་གི་ལོ་ན་མཐོ་ཤོས་92ཡིན་པ་དང་ཁྲག་ཤེད་མཐོ་བའི་ནད་དང་། ཁྲག་རྩའི་ནད། རུས་ཚིགས་ཀྱི་ནད། དབུགས་ལམ་གྱི་ནད། མིག་ནད་ཕོག་མཁན་བཅས་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་རེད།
          འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བའི་ཉིན་དེར་ཧུའུ་པེའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་11གིས་ནད་བརྟག་སྨན་བཅོས་ཡོ་ཆས་དང་སྨན་རྫས་འཁྱེར་ནས་རྒན་གསོ་ཁང་དུ་ཡོང་བ་དང་། སོ་སོའི་ལས་བགོས་གཞིར་བཟུང་གཟུགས་པོ་བརྟག་དཔྱད་ཚོགས་ཆུང་གིས་ཁྲག་ཤེད་མཐོ་བའི་ནད་དང་། ཁྲག་རྩའི་ནད། རུས་ཚིགས་ཀྱི་ནད། དབུགས་ལམ་གྱི་ནད། མིག་ནད་ཕོག་མཁན་བཅས་ལ་སྨན་བཅོས་བྱ་རྒྱུའི་འགན་འཁུར་བ་དང་། ཞིབ་དཔྱད་ཚོགས་ཆུང་གིས་རྒན་གསོ་ཁང་གི་རྒན་རྒོན་ཚང་མར་སྐབས་བསྟུན་ངང་ཁྲག་མངར་བརྟག་དཔྱད་བྱ་རྒྱུའི་འགན་འཁུར་ཞིང་། བོད་སྐྱོར་སྨན་བཅོས་རུ་ཁག་གིས་ད་དུང་སྒོར་2600ལྷག་ཙམ་རི་བའི་སྨན་རྫས་གྲ་སྒྲིག་བྱས་ཏེ་རྒན་རྒོན་ཚོར་རིན་མེད་ངང་སྤྲད་པ་རེད། རྒན་གསོ་ཁང་གི་ལས་དོན་མི་སྣའི་རོགས་རམ་འོག་འོས་འགན་སྨན་བཅོས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་རེད།
          བྱེད་སྒོ་སྤེལ་བའི་ཉིན་དེར་ཧུའུ་པེའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཚོས་རྒན་གསོ་ཁང་གི་རྒན་རྒོན་ཚང་མར་ཞལ་ཏོག་བཏང་བ་དང་སྦྲགས་སྣེ་གདོང་ཆུས་ཀྱི་རྒན་གསོ་ཁང་ལ་རང་མོས་ངང་ཞལ་འདེབས་སྒོར་2500བརྒྱབ་པ་རེད།
          བྱེད་སྒོ་མ་སྤེལ་གོང་གི་ཉིན་དེའི་སྔ་དྲོར་ཝུའུ་ཧན་གྲོང་ཁྱེར་གྱིས་མངགས་གཏོང་བྱས་པའི་བོད་སྐྱོར་སྨན་པ་4ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་སྨན་ཁང་དུ་འདུས་འདྲིལ་གཅོང་ནད་ཕོག་མཁན་ལ་རིན་མེད་ངང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བར་ཡོང་བ་རེད།
          སྨྱུག་འཛིན་པས་སྨན་ཁང་གི“འོས་འགན་སྨན་བཅོས་ཀྱི་བརྟག་དཔྱད་ཁང”དུ་ཝུའུ་ཧན་གྲོང་ཁྱེར་ཧན་ཁོའུ་སྨན་ཁང་གི་རུས་ནད་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཁྲེན་ཏེ་མིན་གྱིས་ནད་པར་ནད་ཐོག་སྨན་བཅོས་ཀྱི་བརྟག་དཔྱད་བྱེད་བཞིན་ཡོད་པ་མཐོང་བྱུང་། ཁོང་གིས་ནད་པའི་ནད་གཞི་ཕོག་ཚུལ་དང་ན་ཚ་གཏོང་ཚུལ་སྐོར་སྐད་ཆ་ཞིབ་ཕྲ་དྲིས་ནས་ནད་པར་སྨན་བཅོས་ཀྱི་སྨན་ཐོ་སྤྲད་པ་དང་ཆབས་ཅིག སྨན་གཏོང་སྟངས་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་བཤད་ཀྱང་བྱས་པ་རེད།
          ཉིན་དེའི་སྔ་དྲོར་ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་4ཡིས་འདུས་འདྲིལ་གཅོང་ནད་ཕོག་མཁན་21ལ་རིན་མེད་ངང་འོས་འགན་སྨན་བཅོས་བྱས་པ་དང་ཆབས་ཅིག དོན་དངོས་གཞིར་བཟུང་ནད་པར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྨན་བཅོས་ཇུས་གཞི་ཡང་བཟོས་པ་རེད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་ལས་འདུས་འདྲིལ་གཅོང་ནད་ལས་རྣམ་པར་རྒྱལ་བའི་ནད་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད་ལ། སྣེ་གདོང་ཆུས་ཀྱི་འདུས་འདྲིལ་གཅོང་ནད་འགོ་ཚུལ་སྔར་བས་གསལ་རྟོགས་ཐུབ་སྟེ་འདུས་འདྲིལ་གཅོང་ནད་ཀྱི་གནོད་འཚེ་ཆུང་དུ་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད།
          ད་ཐེངས་ཝུའུ་ཧན་གྲོང་ཁྱེར་གྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ལ་རོགས་རམ་བྱེད་མཁན་སྨན་བཅོས་རིགས་གཅིག་མཁས་ཅན་4ཡི་ནང་དབུགས་ལམ་ཚན་ཁག་དང་པགས་ནད་ཚན་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་ཡོད་ལ། རུས་པའི་ཕྱི་བཅོས་ཚན་ཁག་དང་ཞིབ་བཤེར་ཚན་ཁག་གི་རིགས་གཅིག་མཁས་ཅན་ཡང་ཡོད་ཅིང་། ཁོང་ཚོས་སྣེ་གདོང་ཆུས་སུ་ལོ་3ལས་ཀ་བྱས་ཏེ་ནང་སའི་སྔོན་ཐོན་གྱི་སྨན་བཅོས་འཕྲོད་བསྟེན་གྱི་དོ་དམ་ཉམས་མྱོང་དང་ཚན་རིག་དང་མཐུན་པའི་སྨན་བཅོས་ལག་རྩལ་བོད་ཀྱི་སྨན་པར་བསླབ་རྒྱུ་མ་ཟད། “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”བྱ་ཐབས་སྤྱད་དེ་སྣེ་གདོང་ཆུས་སུ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

འདི་ནི་ཧུའུ་པེ་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྒན་གསོ་ཁང་གི་རྒན་རྒོན་ཚོ་མཉམ་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།

 འདི་ནི་ཧུའུ་པེ་སྨན་བཅོས་རུ་ཁག་གི་ཆེད་ལས་མཁས་ཅན་གྱིས་རྒན་རྒན་ཚོར་ཁྲག་ཤེད་ལྟ་བཞིན་པ།

འདི་ནི་ཧུའུ་པེ་སྨན་བཅོས་རུ་ཁག་གི་ཆེད་ལས་མཁས་ཅན་གྱིས་རྒན་རྒན་ཚོའི་ཁྲག་མངར་ལ་ལྟ་བཞིན་པ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716