སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤེལ་དུས། 2015-12-16   ཡོང་ཁུངས། གསར་འགྱུར་དྲ་བ།   རྩོམ་པ་པོ།  
༢༠༡༦ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་གྲོང་ཁྱེར་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  ཟླ་༡༢ཚེས་༡༤ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་༢༠༡༦ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། གྲོང་ཁྱེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། 《ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་མཚན་སྙན་གཟེངས་བསྟོད་བཅས་ཀྱི་ལམ་ལུགས་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》《ཕྲུ་གུ་གཉིས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། འཆར་ལྡན་བུ་བཙའི་ཞབས་ཞུ་དོ་དམ་དང་སྒྱུར་བཅོས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

  ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བཅག་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱས་པར་བརྟེན་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་། བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་པ། འདི་ལོའི་དམིགས་ཚད་ལས་འགན་གཙོ་བོ་བསྒྲུབས་པ་བཅས"ལོ་ལྔ་ཚན་བཅུ་གཉིས་པའི"འཆར་འགོད་རྒྱལ་ཁའི་ངང་ལེགས་བསྒྲུབས་དང་ཐུགས་གྲ་ལེགས་འགྲིག་བྱུང་ཡོད་ལ། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་གི་འཕེལ་རྒྱས་བདེ་བླག་ངང་འགོ་འཛུགས་རྒྱུ་དང་༢༠༢༠ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

  ཚོགས་འདུའི་ཐོག་བསྟན་དོན། ༢༠༡༦ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཕམ་ཐག་གཅོད་པའི་འགོ་ཚུགས་ལོ་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དཔལ་འབྱོར་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས། "ཕྱོགས་ལྔ་གཞི་གཅིག"གི་སྤྱིའི་བཀོད་སྒྲིག་དང"ཕྱོགས་ཡོངས་ནས་བཞིའི"འཐབ་ཇུས་བཀོད་སྒྲིག་གི་བླང་བྱར་གཞིགས་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས། བརྟན་ཐོག་ཡར་བརྩོན་གྱི་སྤྱིའི་བླང་བྱ་མཐའ་འཁྱོངས། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག་བཅས་མཐའ་འཁྱོངས། སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་གནད་འཁེལ། བྱེ་བྲག་སྲིད་ཇུས་སྟབས་བསྟུན། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་གནད་འཁེལ་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལག་བསྟར། དཔལ་འབྱོར་ལུགས་མཐུན་གྱི་བར་མཐོངས་ཁྲོད་འཁོར་སྐྱོད་ཐུབ་རྒྱུ་རྒྱུན་འཁྱོངས། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན། སྤྱིའི་དགོས་མཁོ་འོས་འཚམ་ངང་རྒྱ་ཆེར་གཏོང་བ། མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཆོད་མཐོར་གཏོང་། མ་འཇོག་གི་ཕན་འབྲས་མཐོར་གཏོང་། འཕེལ་རྒྱས་ཀྱི་ནུས་པ་གསར་པ་མགྱོགས་མྱུར་སྐྱེད་སྲིང་། སྲོལ་རྒྱུན་གྱི་ཅུང་ལེགས་པའི་ལེགས་ཆ་སྒྱུར་བཀོད་དང་། རིམ་སྤོར། རྒྱུན་སྲིང་ངང་འཕར་བའི་སྒུལ་ཤུགས་ཆེར་གཏོང་། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ"ལོ་ལྔ་ཚན་བཅུ་གསུམ་པའི"འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱ་ཆེད་འགོ་ཡག་པོ་འཛུགས་དགོས།

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ༢༠༡༦ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགག་རྩའི་གནས་དམ་འཛིན་བྱས་ཏེ་ཚར་གཅོད་དམག་འཐབ་ཡག་པོ་རྒྱག་དགོས། གསར་གཏོད་སྐུལ་འདེད་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཁེ་ལས་ཀྱི་དྲག་རྒྱལ་ཞན་ཕམ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པ། ས་ཁང་བདག་ཁོངས་ལྷག་མང་བའི་གནད་དོན་ཐག་གཅོད་དང་ཞིང་པ་ལས་མི་གྲོང་མི་ཅན་དུ་འགྱུར་མགྱོགས་སུ་བཏང་ནས་གྲོང་མི་གསར་པའི་འདོད་པ་སྐོང་རྒྱུ་འགོ་འཛུགས་སར་བྱེད་པའི་སྡོད་ཁང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་དགོས་མཁོ་རྒྱ་ཆེར་བཏང་ནས་ས་ཁང་བདག་ཁོངས་ཐོན་ལས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བ་བྱེད་དགོས་པ། ནུས་ལྡན་མཁོ་སྤྲོད་བྱེད་ཚད་རྒྱ་ཆེར་གཏོང་བ་དང་ནུས་ལྡན་མ་འཇོག་བྱེད་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དངུལ་རྩའི་ཉེན་ཁ་འགོག་པ་དང་སེལ་ནས་མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་མའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས་པ། སྒྱུར་བཅོས་ཟབ་ཏུ་བཏང་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་བཟང་སྒྲིག་བཅས་མུ་མཐུད་ཟབ་ཏུ་གཏོང་དགོས་པ། མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་པ། "རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་བཅས་བྱེད་དགོས།

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུ་དེ་ནི་དེང་རབས་ཅན་དུ་འགྱུར་རྒྱུའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱང་ཡིན། "ཞིང་གསུམ"ལས་དོན་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་ཡོངས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་གྲོང་ཁྱེར་ལས་དོན་ཡག་པོ་སྒྲུབ་རྒྱུར་དེ་བས་མཐོང་ཆེན་བྱེད་དགོས།

  ཚོགས་འདུའི་ཐོག་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་དང་། གཟི་བརྗིད་མཚན་སྙན། གཟེངས་བསྟོད་བཅས་ཀྱི་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་ལྕག་འདེབས་དང་བྱ་དགའ་སྤྲོད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན། མི་ཞིག་གིས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་བྱས་རྗེས་བཞག་པ་དེ་ནི་བླ་ན་མེད་པའི་བསམ་པའི་ཉམས་འགྱུར་ཞིག་ཡིན་པས་གཟི་བརྗིད་མཚན་སྙན་སྤྲོད་དགོས་པ་མ་ཟད། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་བརྩི་འཇོག་ཐོབ་པ་བྱེད་དགོས།

  ཚོགས་འདུའི་ཐོག་བསྟན་དོན། ས་གནས་ཏང་ཨུད་ཀྱི་ལམ་ལུགས་ནི་ང་ཚོའི་ཏང་གི་སྲིད་སྐྱོང་རྒྱལ་སྐྱོང་གི་རྩ་འཛུགས་ལམ་ལུགས་ཀྱི་རྨང་གཞི་གལ་ཆེན་ཡིན། ལམ་ལུགས་དེ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཡིན། ཞིང་གྲོང་རྫོང་བཅས་རིམ་གསུམ་ས་གནས་ཏང་ཨུད་ས་ཁུལ་དེ་རང་གི་འགོ་ཁྲིད་སྲོག་ཤིང་དུ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་ཏང་གི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འགག་རྩའི་གནས་བབ་བཟུང་ཡོད་པ་མ་ཟད། འགན་འཁྲི་ཆེན་པོ་ཡང་འཁུར་ཡོད།

  ཚོགས་འདུའི་ཐོག་ང་ཚོའི་ཏང་གིས་མི་འབོར་དང་འཆར་ལྡན་བུ་བཙའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་འབོར་དང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཐབས་ཇུས་མཐའ་འཁྱོངས་ཀྱིས་འཆར་ལྡན་བུ་བཙའི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ཕྲུ་གུ་གཉིས་ཀྱི་ཁྱོན་ཡོངས་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། འཆར་ལྡན་བུ་བཙའི་ཞབས་ཞུ་དོ་དམ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ནི་མི་འབོར་དོ་སྙོམས་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ཞིང་། དེ་མི་འབོར་གྱི་གྲུབ་ཆ་ལེགས་སྒྲིག་དང་། ངལ་རྩོལ་ནུས་ཤུགས་མང་དུ་གཏོང་རྒྱུ། མི་འབོར་ན་རྒས་ཅན་གྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་རྒྱུ། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་དེ་བས་ལེགས་པའི་སྒོ་ནས་དོན་འཁྱོལ་བྱ་རྒྱུ། ཁྱིམ་ཚང་བདེ་སྐྱིད་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད། 

  ཁ་བྱང་ཕྱི་མོ། ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
(རྩོམ་འགན་པ། དབང་འདུས།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070