སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་གནས་བབས་དང་འཕེལ་ཕྱོགས་སྐོར་རགས་ཙམ་གླེང་བ།
སྤེལ་དུས། 2017-11-21   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  གངས་ཐིག
         [ནང་དོན་གནད་བསྡུས། ] སྙན་ངག་དཔྱད་བརྗོད་ནི་རིག་གཞུང་ཞིབ་འཇུག་གི་བྱ་འགུལ་ཞིག་ཡིན་པས་སྙན་ངག་དཔྱད་ བརྗོད་ཀྱི་ངོ་བོ་དང་འགན་འཁྲི།  རྩ་དོན་དང་ཐབས་ལམ།  ཚད་གཞི་ལ་སོགས་པ་རྨང་བྱེད་དེ་ཀློག་པ་པོའི་སྒྱུ་རྩལ་མྱོང་སྟོབས་ཀྱིས་ཟུར་བརྒྱན་པ་ནི་དངོས་ཡོད་ལ་འགན་འཁུར་བའི་གོ་རྟོགས་ལེགས་ཤོས་ཤིག་ཡིན་ཕྱིན།  བོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་གནས་བབས་ག་འདྲ་ཞིག་ཡིན་ཚུལ་མདོར་བསྟན་ཞིང་།  ལུང་རིགས་དཔྱད་གསུམ་གྱི་སྒོ་ནས་མ་འོངས་པའི་འཕེལ་ཕྱོགས་གང་དུ་གཏོད་དགོས་ཚུལ་རྒྱས་པར་གླེང་ཡོད། 
         [བརྡ་ཆད་གཙོ་བོ། ] སྙན་ངག་གསར་བ།  དཔྱད་བརྗོད། གནས་བབས།  འཕེལ་ཕྱོགས། 
         གླེང་སློང་བ། 
         སྙན་ངག་རང་སྟེང་གི་འཕེལ་ཕྱོགས་ལ་གཞིགས་ན། སྙན་ངག་གསར་རྩོམ་དང་།  སྙན་ངག་དཔྱད་བརྗོད། སྙན་ངག་གཞུང་ལུགས་གསུམ་གྱིས་དུས་སྐབས་ཤིག་གི་སྙན་ངག་བྱུང་འཕེལ་གྱི་ལོ་རྒྱུས་གྲུབ་པ་ཡིན་ཕྱིན།  སྙན་ངག་གི་བྱུང་འཕེལ་ངོགས་ནས་མིའི་རིགས་ཀྱི་སྙན་ངག་དཔྱད་བརྗོད་ཀྱི་རྗེས་ཤུལ་མཐོང་ཐུབ་སྟེ། ནུབ་གླིང་ལ་མཚོན་ན་གནའ་རབས་ཀི་རེ་སིའི་ཨེ་རེད་སི་ཏོད་༼   Aristoteles  ༽  ཀྱི«སྙན་ངག་རིག་པ»དང་།  ཧྥ་རན་སིའི་པུ་བ་ལོའི ༼    Boileau   ༽  «སྙན་ངག་གི་སྒྱུ་རྩལ»འཇར་མན་ཧེ་ཀོར་གྱི«མཛེས་སྡུག་རིག་པ»སོགས་སྙན་ངག་གི་མཐའ་དཔྱོད་དམ་དཔྱད་བརྗོད་མོད་པོ་ཞིག་གིས་ནུབ་གླིང་གི་སྙན་ངག་དང་གཞུང་ལུགས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཤིང་།  དེ་མིན་རྒྱ་ནག་ལ་མཚོན་ནའང་སྔོན་ཆིན་རྒྱལ་རབས་སྔ་མའི་དུས་ནས་སྙན་ངག་དཔྱད་བརྗོད་ཀྱི་སྲོལ་ཚུགས་ཡོད་དེ།  སྙན་ངག་ཕྱོགས་བསྒྲིགས་བམ་པོ་དང་པོ་སྟེ་«སྙན་ངག་གི་མདོ»ཞེས་པའི་དཔྱད་གཏམ་ལྟ་བུས་ཀྱང་སྐབས་དེའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ངེས་པ་ནི་སྙན་ངག་དཔྱད་བརྗོད་ཀྱིས་སྙན་ངག་དང་སྤྱི་ཚོགས་ལ་ཐོན་པའི་ནུས་པ་ཡིན།  རང་རེའི་བོད་ལ་མཚོན་སྙན་ངག་དཔྱད་བརྗོད་ཀྱི་བྱུང་བ་ཤིན་ཏུ་ནས་ཀྱང་འཕྱི་སྟེ།  གཅིག་ཏུ་ན་མེ་ལོང་མའི་གཞུང་ལུགས་ཀྱི་བཀག་རྒྱ་ལས་རྩོམ་ཐབས་གཅིག་ཏུ་ཕྱོགས་པ་དང་། གཉིས་ནས་བསྟོད་རྩོམ་དང་ཐུབ་བསྟན་དགོངས་དོན་དཀྱིལ་སྙིང་བྱེད་པའི་སྲོལ་རྒྱུན་འཕེལ་ཕྱོགས་དམ་འཆིང་བྱས་པ།  གསུམ་ནས་བཙན་པོའི་མི་ཆོས་རིག་གནས་ཀྱི་དཔུང་རྡང་ཆད་ལ་སྤྱི་ཚོགས་ཀྱི་གནས་བབས་དང་འཕེལ་ཕྱོགས་ཀྱིས་ཕྱི་ཕྱོགས་རིག་གནས་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཤོར་བ་སོགས་རྒྱུ་རྐྱེན་དུ་མ་ཞིག་གིས་སྙན་ངག་རྙིང་བར་དཔྱད་བརྗོད་རིག་གཞུང་མ་དར་བར་ལུས་ཤིང་སྙན་ངག་གསར་པའི་དཔྱད་བརྗོད་དར་འཕྱི་བས། བོད་རང་མཚན་པའི་སྙན་ངག་གསར་པའི་དཔྱད་བརྗོད་འཕེལ་མེད་སོར་གནས་སུ་ཡོད་པར་དམིགས་ནས་སྙན་ངག་གསར་བར་གོ་བ་ཇི་ལྟར་ལེན་པ་དང་། མཛེས་དཔྱོད་ཀྱི་ཆ།  ཅི་ཞིག་གསར་དུ་བསྐྲུན་པ་དང་ཇི་ལྟར་གསར་དུ་བསྐྲུན་པའི་ཆ་ནས་སྙན་ངག་གསར་པའི་དཔྱད་བརྗོད་བྱེད་དགོས་ཚུལ་བྱེ་བྲག་ནས་ངོ་སྤྲོད་པར་བྱའོ། ། 
         དང་པོ།  དངོས་ཡོད་ཁྲོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་གནས་བབས། 
         གཅིག སྟོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད། 
         སྙན་ངག་གསར་བའི་དཔྱད་བརྗོད་ནི་ལོ་རབས་བརྒྱད་ཅུའི་དུས་མཇུག་དང་ལོ་རབས་དགུ་ཅུའི་དུས་མགོར་རིམ་གྱིས་དར་ཡོང་བ་ཡིན་ལ་“སྙན་ངག་གསར་རྙིང་དབྱེ་བའི་ཁྱད་ཆོས་དེ། ། ཚིག་རྐང་སྙོམས་མིན་ཙམ་གྱིས་འབྱེད་བྱེད་ན། ། མི་དང་དུད་འགྲོའི་རྩ་བའི་ཁྱད་པར་ཡང་། ། བ་སྤུ་མང་ཉུང་ཙམ་གྱིས་ཅིས་མི་ཆོག”①ཞེས་དོར་ཞི་གདོང་དྲུག་སྙེམས་བློས་སྙན་ངག་གི་དཔྱད་གཏམ་ཐོག་མ་སྤེལ་དེ་སྙན་ངག་གསར་རྙིང་གི་དབྱེ་བ་ནི་ཚིག་རྐང་སྙོམས་མིན་ཙམ་ལས་འདས་པའི་ཕྱིའི་སྒྲིག་གཞི་དང་ནང་བསམ་བློའི་རྟོག་པའི་ཆར་སིམ་དགོས་པའི་འདོད་ཚུལ་ཞིག་ངང་གིས་སྦྱིན་འོང་བ་ཡིན་ལ། རྣམ་པ་ལས་བརྒལ་ཏེ་བརྩམས་ཆོས་རང་ངོས་ཀྱི་བསམ་བློའི་དགོངས་དོན་དང་མཐར་ཐུག་གི་དམིགས་ཡུལ་གྱིས་བསྡུས་པའི་སྤྱིའི་ཁ་གཏོད་ཡུལ་སོགས་བརྗོད་བྱའི་སྲོག་ཏུ་འཛིན་དགོས་པར་སྙམ། དེ་མཚུངས་“ཀྱེ་ཀྱེ་གྲོགས་པོ།  སྙན་ངག་ལ་དགྱེས་པའི་གྲོགས་པོ།  སྙན་ངག་དེ་གར་ཡོད་ཤེས་སམ།  སྙན་ངག་དེ་དཔེ་ལས་མ་འཚོལ། འཚོ་བའི་ཀློང་ན་འདུག་གོདཔེ་ཐོག་གི་བཤད་སྒྲོས་ཙམ་ལ།  སྙན་ངག་དངོས་སུ་མ་སྒོམས། ”③ཞེས་སྙན་ངག་ཁོངས་གཏོགས་ཡིན་པའི་རྩོམ་རིག་སྤྱིའི་ཁ་གཏོད་ཡུལ་མི་ཡིན་པར་གཞི་བྱས་ཏེ། མིའི་ནང་སེམས་རྒྱུད་དང་།  མི་དང་མིའི་བར།  མི་དང་སྤྱི་ཚོགས་བར། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ཐ་དག་ལ་ཕྱོགས་དགོས་པ་དང་། སྙན་ངག་པའི་བསམ་བློའི་གོ་རྟོགས་དང་མིག་དབང་། སྒྱུ་རྩལ་བློ་སྦྱོང་སོགས་བྱིས་བློའི་ཚུལ་བབ་ལས་གྲོལ་ཏེ་གསར་བ་ གསར་རྐྱང་ཞིག་ཏུ་འཕོས་ནས་སྙན་ངག་གསར་བ་ལ་སྔར་མེད་ཀྱི་ཁྱད་ཆོས་མངོན་གསལ་ཞིག་ཡོད་པར་བྱེད་དེ་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་ལ་སོགས་པའི་གྲིབ་རིས་ལས་འགོངས་ཏེ་མིའི་ནང་སེམས་ཀྱི་འཕྲོ་འདུ་ལ་བསྙབ་བཞིན་སྙན་ངག་གི་ཁྱད་གཤིས་མཐའ་དག་རྫོགས་པར་སྐུལ་ཏེ་སྒྱུ་རྩལ་གྱི་མཛེས་པ་ཡོད་རྒུ་རྩལ་གྱིས་གདོན་དགོས།  ཡིན་ནའང་འདས་ཟིན་དང་ད་ལྟའི་སྙན་ངག་དཔྱད་བརྗོད་ཀྱི་གནས་བབས་གང་ལ་བལྟས་ཀྱང་སྙན་ངག་སྤྱི་རྡོག་གི་འགྲེལ་བཤད་ཅིག་དང་ཕྱི་ཡོང་གཞུང་ལུགས་ཀྱི་བརྡ་ཆད་ཁ་ཤས་ཚུར་བསྒྱུར་པ་ཙམ་ལས་བོད་རང་མཚན་པའི་སྙན་ངག་དཔྱད་བརྗོད་ཞིག་ད་ལྟའི་བར་བྱུང་མེད་ལ། 
         སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་སྡེ་དང་དེ་འབྲེལ་གྱི་ཆེད་དེབ་ཀྱང་མེད་པར་རྩོམ་རིག་ལ་མོས་པའི་རྩོམ་པ་པོ་རེ་འགས་སྦྲང་ཆར་དང་གངས་རྒྱན་མེ་ཏོག། ཟླ་ཟེར་སོགས་དུས་དེབ་རེ་འགར་སྤེལ་བའི་སྙན་ངག་གི་ཕྲན་དཔྱད་རེ་མཐོང་རྒྱུ་ཡོད་མོད། དེ་དག་ཀྱང་གསར་རྙིང་དང་མཆེད་ཁུངས་ཀྱི་རྩོད་པ་ཙམ་ལས་དཔྱད་པའི་བགྱི་བ་ཁུར་དུ་བླངས་མེད་པས་སྤྱིའི་ཆ་ནས་བོད་ཀྱི་སྙན་ངག་གསར་བ་དེ་འཕེལ་མེད་སོར་གནས་ཀྱི་དུས་སྐབས་ཤིག་ཏུ་བགས་འཁུམ་ངང་ལུས་ཡོད་དོ། ། 
         སྤྱིར་སྙན་ངག་དཔྱད་བརྗོད་ནི་གཞུང་ལུགས་དངོས་སུ་ལག་ལེན་དུ་གདབ་པ་ཞིག་ཏེ།  དཔྱད་བརྗོད་ཀྱི་ཁ་གཏོད་ཡུལ་ནི་བརྩམས་ཆོས་དང་གཞི་འཛིན་ས་ནི་དེ་འབྲེལ་གྱི་གཞུང་ལུགས་ཡིན་མོད།  ད་ལྟའི་བོད་ཀྱི་སྙན་ངག་གསར་བར་རང་མཚན་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་མེད་པར་མ་ཟད།  སྙན་ངག་རྩོམ་མཁན་མང་བ་ལས་དཔྱད་པ་གཏོང་མཁན་ཉུང་བའི་གནས་ཚུལ་འོག་སྙན་ངག་གསརབའི་དཔྱད་བརྗོད་ལ་ཆེད་ཞུགས་མི་སྣས་སྟོང་བ་སོགས་ཕྱི་ནང་གི་རྐྱེན་གང་མང་ཞིག་མཆིས་པ་མངོན་སུམ་ཚད་མའི་ཡུལ་དུ་སྣང་།  སྙན་ངག་ནི་བསམ་གཞིག་སྔོན་དུ་སོང་བའི་ཚོར་བའི་འདུ་འགོད་ལས་འཕོས་པའི་སྒྱུ་རྩལ་གྱི་ཐབས་འཕྲུལ་ཅིག་ཡིན་ཕྱིར།  སྙན་ངག་རང་སྟེང་ནས་ཁ་གཏོད་ཡུལ་དང་མཐར་ཐུག་གི་དམིགས་ཡུལ་ལྷུན་གྱིས་གྲུབ་ཡོད་པ་ནི་དཔྱད་བརྗོད་ཀྱི་བགྱི་བ་ལྷུར་ལེན་པར་དངོས་ཤུགས་གང་རུང་ནས་ཁ་ཕྱོགས་འདོན་སྤྲོད་བྱས་ཤིང་།  བརྩམས་ཆོས་གང་ཡང་རུང་གསར་རྩོམ་གྱི་གོ་རིམ་འབའ་ཞིག་ཏུ་ངེས་པས།  བརྩམས་ཆོས་རང་ངོས་ནས་ཇི་ལྟར་གསར་དུ་བསྐྲུན་པ་དང་ཅི་ཞིག་གསར་དུ་བསྐྲུན་པའི་ཁྱད་ཆོས་འཛོམས་པ་ཞིག་ཡིན་ནའང་།  ལོ་རབས་བརྒྱད་ཅུའི་དུས་མཇུག་གམ་དགུ་ཅུའི་དུས་མགོ་ནས་སྟོང་ལོ་གཉིས་པའི་བར་སྐབས་ཀྱི་སྟོད་ཀྱི་སྙན་ངག་གསར་བའི་དཔྱད་བརྗོད་ནི་སྙན་ངག་རང་ངོས་ནས་མགོ་རྩོམ་པའི་ཐོག་ མའི་བློ་སྦྱོང་ལས་རིང་དུ་གྱེས་ནས་བརྗོད་བྱ་སྤྱི་བམ་པ་ཞིག་གི་སྟེང་དུ་གནས་ཡོད་པ་དེས་དཔྱད་བརྗོད་རིག་གཞུང་འཚར་ལོངས་བྱུང་བ་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པར་སྙམ་མོ། ། 
         གཉིས།  སྨད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད།  སྟོང་ལོ་གཉིས་པ་ནས་བཟུང་སྙན་ངག་གསར་བའི་དཔྱད་བརྗོད་ཐད་སྔར་མེད་ཀྱི་གསོན་ཤུགས་ཤིག་མཆིས་ཡོད་པ་ནི་སྙན་ངག་གི་ཡོན་ཏན་གོ་དཀའ་སླའི་སྟེང་བཞག་ནས་རྩོད་གཞི་སྤེལ་དེ་བོད་རྩོམ་གསར་པའི་རྩོམ་སྟེགས་སུ་འཁྲིགས་ཆ་དོད་པོ་བཟོས། ༼    གངས་ཞུན་གྱིས་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ།  སྐྱ་བྷས་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན།  དགེ་འདུན་ལྷུན་གྲུབ་དང་རྡོ་རྗེ་རྒྱ་མཚོ་གཉིས་ཀྱིས་ང་ཚོའི་སྙན་ངག་གོ་སླ་བའི་ཕྱོགས་སུ་སོང་ན་འགྲིག སྙན་ངག་གོ་དཀའ་བའི་རྩ་བ་གང་ལ་ཐུག་ཡོད ། ༢༠༠༣ལོར་གངས་འཚོས་སྙན་ངག་གི་ཡོན་ཏན་གང་ནས་ཐོན་པ་ཡིན། ༽  ཞེས་པ་སོགས་དོན་གྱིས་མི་རིགས་གཞན་པའི་རིག་གནས་ནང་འདྲེན་བྱེད་པའི་བརྡབ་གསིག་ལས་བྱུང་བའི་སྲོལ་རྒྱུན་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བ་དང་དེང་རབས་སྒྱུ་རྩལ་གྱི་མཛེས་དཔྱོད་ལྟ་བའི་འགལ་འདུ་ཐེངས་ཤིག་ཅིས་ཀྱང་ཡིན་ངེས་ཏེ།  བོད་རང་མཚན་པའི་སྙན་ངག་གསར་པའི་གཞུང་ལུགས་དང་དཔྱད་བརྗོད་ཀྱི་རྒྱུན་སྲོལ་དང་མ་ལག་གྲུབ་མེད་པས། ཡོད་ཚད་ཕྱི་ཡོང་རིག་གནས་ལ་སློབ་སྦྱོང་བྱེད་པའི་གོམས་སྲོལ་གྱི་དབང་གིས་རྩོམ་པ་པོའི་དཔུང་སྡེར་མི་རིགས་ཁྱད་ཆོས་དང་བདག་བོར་ཟིན་པའི་རིན་ཐང་མ་ལག་རིམ་གྱིས་ཆགས་ཡོང་བ་ཡིན་ཕྱིན།  སྙན་ངག་དཔྱད་བརྗོད་ཀྱི་ངོ་བོ་དང་འགན་འཁྲི།  རྩ་དོན་དང་ཐབས་ལམ།  ཚད་གཞི་ལ་སོགས་པར་རྒྱུས་མངའ་གསལ་ཐག་ཞིག་མེད་ཁར་བརྩམས་ཆོསརང་ངོས་ཀྱི་ཞིབ་འཇུག་ལས་འདས་ནས་སྙན་ངག་ལ་འགན་འཁྲི་ཡོད་མེད་སོགས་སྤྱི་བམ་པ་ཞིག་གི་དོན་བྱ་གཉེར་བས་རྩོམ་རིག་གསར་རྩོམ་བྱ་བར་དུས་རབས་རང་བཞིན་དང་།  མི་རིགས་རང་བཞིན།  རང་ཉིད་རང་བཞིན།  ཐོལ་བརྒལ་རང་བཞིན་བཅས་མངོན་གསལ་ཞིག་མེད་པར་རབ་རིབ་དང་མག་མོག་ཞིག་ཏུ་གྱུར་ཡོད། 
         གང་ལྟར་ལོ་འདི་གའི་སྙན་ངག་དང་དཔྱད་བརྗོད་ལ་ཕྱིར་བལྟ་རེ་བྱས་ན། ན་ཚོད་དང་རིག་གནས་འབྲེལ་འདྲིས་ཀྱིས་བསམ་བློ་གཏོང་ཕྱོགས་དང་སེམས་ཀྱི་ཁ་གཏོད་ཡུལ་མི་འདྲ་བའི་དབང་གིས་སྙན་ངག་གི་མི་རབས་གསུམ་པ་དང་བཞི་བ་ཞེས་པའི་ཚོགས་པ་རེ་འགའ་བྱུང་ཞིང་།  དེ་འབྲེལ་དཔྱད་གླེང་ཀྱང་མང་དུ་བརྡོལ་ནས་སྙན་ངག་དཔྱད་བརྗོད་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཐེབས།  སྙན་ངག་གསར་རྩོམ་གྱི་བརྗོད་གཞི་འདེམས་སྒྲིག་དང་རྩོམ་ཐབས།  སྐད་ཆ་སོགས་རྒྱུན་སྲོལ་རྙིང་བའི་བཀག་རྒྱ་ལས་གྲོལ་ནས་ཆེས་དམའ་རིམ་གྱི་འཚོ་བའི་ཟ་ཟུར་ནས་སྐྱི་གཡའ་བའི་སྤྱི་ཚོགས་ཀྱི་གད་སྙིགས་སུ་ཡོད་པའི་སྨད་འཚོང་མ་དང་ཡུགས་ས་མ།  ཕོ་མོའི་མཚན་མ་སོགས་དོ་སྣང་བྱ་ཡུལ་བྱས་པ་དེས་སྙན་ངག་དཔྱད་བརྗོད་ལ་བརྗོད་གཞི་གསར་བ་ཞིག་གི་གོ་སྐབས་སྤྲད་ཅིང་། “སྙན་ངག་གིས་བདག་ཅག་ལ་སྦྱིན་པའང་སྙན་ངག་པ་ཁོའི་བརྩམས་ཆོས་ཁོ་ན་ཙམ་མིན་པར། ཀློག་མཁན་གྱི་བདག་ཉིད་ལ་གསར་དུ་ཤེས་རྟོགས་སྐྱེ་བའི་ཉམས་ལེན་གྱི་གོ་རིམ་ཞིག་ཏེ། ”③རྩོམ་རིག་བརྩམས་ཆོས་ནི་བརྩམས་ཆོས་རྐྱང་བ་ཞིག་མ་ཡིན་པར་ཀློག་པ་པོ་རེ་རེའི་རྒྱུད་ལ་རྟོག་པ་གསར་བ་འཐོབ་བྱེད་ཀྱི་སྔོན་འགྲོར་ཡོད་པ་ཟད།  རྩོམ་རིག་གི་བསམ་བློའི་དགོངས་དོན་དང་སྐད་ཆ་སོགས་གང་ཡིན་པ་མཐའ་དག་རང་བཞིན་ནམ་སྤྱིར་བཏང་གི་སྐད་ཆ་ལས་འགོངས་ཡོད་ཕྱིར།  ང་ཚོས་ཀྱང་སྤྱིར་བཏང་གི་སྐད་ཆ་ལས་འགོངས་པའི་རྩོམ་རིག་སྐད་ཆ་དང་།  རྩོམ་རིག་གི་སྐད་ཆ་ལས་འགོངས་པའི་སྙན་ངག་གི་སྐད་ཆ་ཞེས་བརྗོད་ཀྱིན་པ་དེ་ཡིས་ཀྱང་སྙན་ངག་གི་སྐད་ཆ་ནི་སྒྱུ་རྩལ་གྱི་མཛེས་པ་འགྲུབ་བྱེད་ཀྱི་མེད་དུ་མི་རུང་བའི་ཐོག་མའི་ཆ་རྐྱེན་ཞིག་ཏུ་ཡོད་ལ།  སྙན་ངག་གི་སྐད་ཆའི་ངོ་བོ་དང་མཛེས་པའི་རྟོག་པ་རང་རྒྱུད་ལ་མ་འཁྲུངས་པར་སྙན་ངག་གི་སྐད་ཆའི་ཁྱབ་ཁོངས་ལས་བརྒལ་བའི་ཡིད་ཁམས་སོགས་རྨོངས་པར་འགྱུར་ཅིང་།  སྙན་ངག་ནི་སྒྱུ་རྩལ་ཁྲོད་ཀྱི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ཡང་རྩེར་གནས་ཡོད་པའང་དོན་གྱིས་སྙན་ངག་གི་མཛེས་པ་སྐད་ཆའི་མཛེས་པ་གཅིག་པུ་མིན་པར་ཡིད་ཁམས་ཀྱིས་བསྐྲུན་པའི་བར་ཐག་གི་མཛེས་པ་སོགས་ཡོད་པ་ཤུགས་ནས་བསྟན་ཡོད་པར་འདོད། ། 
         སྤྱིར་བསམ་གཞིག་གི་བར་སྟོང་དེ་མཛེས་པ་འཁྲུངས་བྱེད་ཅིག་ཏུ་རློམས་པ་ཡིན་ན།  སྙན་ངག་གི་གོ་དཀའ་སླ་དེའང་ཡོན་ཏན་ཡིན་མིན་གྱི་རྩོད་རྙོག་སྤངས་ཏེ་མཛེས་སྡུག་རིག་པའི་བསམ་བློའི་ངོས་ནས་འགྲེལ་བརྒྱབ་ཆོག་པར་འདོད་པས།  སྙན་ངག་དཔྱད་བརྗོད་ནར་སོན་མེད་པའི་དུས་སྐབས་འདི་ཙམ་ལ་སྙན་ངག་བརྩམས་ཆོས་རང་ངོས་ཀྱི་དཔྱད་བརྗོད་གཙོར་བཟུང་ནས་སྙན་ངག་གསར་རྩོམ་དང་དཔྱད་བརྗོད་མཉམ་འཕེལ་བྱ་དགོས་ཤིང་། རིམ་གྱིས་སྙན་ངག་སྤྱིའི་ཆར་ཕྱོགས་དགོས་སྙམ་པ་ནི་ལག་ལེན་བརྒྱུད་སློབ་གསོ་འཐོབ་པའི་རྒྱུད་རིམ་ཞིག་ཡིན་ཏེ།  སྙན་ངག་གིས་བརྗོད་སྐྱོང་དགོས་ལ་དཔྱད་བརྗོད་ཀྱིས་སྙན་ངག་སྐྱོང་དགོས་པར་སེམས།  དེ་བཞིན་སྙན་ངག་དཔྱད་བརྗོད་པ་དག་གིས་ཀྱང་སྙན་ངག་གི་ཕྱི་རྣམ་ཙམ་མིན་པར་ཕྱི་ནང་ཟུང་འདུས་ཀྱིས་སྒྲིག་གཞི་དང་ཡིད་ཁམས་རེ་རེ་ནས་གཏིང་ཟབ་ཏུ་བསྔོག་འདོན་བྱས་པ་ནི་ངལ་རྫིའི་«སྙན་ངག་ཁྲོད་ཀྱི་བསམ་བློའི་གནས་སྟངས» དང་། དཔལ་ལྡན་གྱི«སྙན་ངག་པའི་བློ་སྦྱོང་གླེང་བ»ཞེས་པ། བྱ་གཞུང་དབྱངས་བྷའི«སྙན་ངག་གི་སྐད་ཆའི་མཐར་ཐུག་ལ་དཔྱད་པ»སྐྱབས་ཆེན་བདེ་གྲོལ་གྱི«སྙན་ངག་གི་གསང་མྱུལ་བ་ཞིག་གི་ཟིན་ཐོ»སོགས་ལས་ཅིག་ཅར་མཐོང་ནུས་པས་སྨད་ཀྱི་སྙན་ངག་གསར་བའི་དཔྱད་བརྗོད་ལེགས་ཤོས་དང་འཕེལ་རྒྱས་སུ་བརྩི་ཆོག་པའོ། ། 
         གཉིས་པ།  བོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད་འཕེལ་ཕྱོགས་ལ་རྒྱང་བལྟ་བྱེད་པ། 
         “རྩོམ་རིག་དཔྱད་བརྗོད་ནི་གཟབ་ནན་གྱི་ཚན་རིག་བྱ་འགུལ་ཞིག་ཡིན་པ་ཟད། མཛེས་རྟོག་གི་དཔྱད་འཇོག་ཞིག་དང་དམིགས་བསལ་གྱི་སྤྱི་ཚོགས་དཔྱད་བརྗོད་རིགས་ཤིག་ཀྱང་ཡིན་ཏེ། ”④ གཞུང་ལུགས་དང་ཐབས་ཤེས་གཉིས་འཛོམ་སྒོས་རྩོམ་རིག་སྣང་ཚུལ་ལ་དཔྱད་གླེང་དང་ཉམས་ལེན། དཔྱད་འཇོག་བྱེད་པའི་ཞིབ་འཇུག་འབྲས་བུ་ཞིག་ཡིན་ཕྱིན།  སྙན་ངག་དཔྱད་བརྗོད་ཀྱང་དེ་ལས་མས་འདས་པར་ཚན་རིག་ཞིབ་འཇུག་གི་བྱ་འགུལ་ཁྲོད་སིམ་པའི་སྙན་ངག་གི་སྣང་ཚུལ་མཐའ་དག་ལ་དཔྱད་འཇོག་སྤེལ་པའི་བརྩམས་ཆོས་རྣམ་པར་འདོད་ལ། སྙན་ངག་དཔྱད་བརྗོད་ཀྱི་འགན་འཁྲི་ནི་སྒྱུ་རྩལ་སྣང་ཚུལ་ཁྲོད་ཀྱི་མཛེས་རྟོག་རིན་ཐང་དང་བསམ་བློའི་དགོངས་པ།  དེ་མིན་གསར་རྩོམ་ཐབས་ལམ་དང་ཆོས་ཉིད་ལ་སོགས་པར་དཔྱད་གླེང་བགྱིས་ཏེ་སྒྱུ་རྩལ་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཀློག་པ་པོས་བརྩམས་ཆོས་ཡང་དག་སྒོས་གོ་བ་ལོན་པར་སྐུལ་སྤེལ་བྱེད་དེ་སྒྱུ་རྩལ་མྱོང་རོལ་ནུས་པ་དང་བདེ་ཐང་གི་སྒྱུ་རྩལ་སྤྲོ་སྣང་གསོ་སྐྱོང་གོང་མཐོར་གཏོང་དགོས་པར་འདོད། ། 
         རྩོམ་རིག་དཔྱད་བརྗོད་དང་སྤྱིར་བཏང་གི་བསམ་བློའི་དཔྱད་བརྗོད་མི་འདྲ་སྟེ།  བསམ་བློའི་དཔྱད་བརྗོད་ཀྱི་ཁ་གཏོད་ཡུལ་ནི་སྤྱི་ཚོགས་འཚོ་བ་དང་མི་རྣམས་ཀྱིས་རོལ་གྱིན་པའི་འཚོ་བ། བྱ་བའི་ལས་གནས་ཁྲོད་ཕྱིར་མངོན་པའི་བསམ་བློའི་གནད་དོན་ཡོད་ཚད་ཡིན་ལ། དམིགས་ཡུལ་ཐད་ནས་ཀྱང་མི་རྣམས་ཀྱི་བསམ་པའི་ཤེས་རྟོག་མཐོར་བཏང་ཏེ་བདེན་རྫུན་གསལ་འབྱེད་བྱེད་པ་དང། གསལ་བརྗོད་བྱ་ངེས་ཀྱི་ལྟ་བ་གཅིག་པུར་ཕྱོགས་ཡོངས་ནས་དཔྱད་གཞི་བསྡུ་སྒྲིག་གིས་དཔྱད་བརྗོད་བྱེད་ཆོག་ལ།  རྩོམ་རིག་དཔྱད་བརྗོད་ཀྱི་ཁ་གཏོད་ས་གཙོ་བོ་དེ་རྩོམ་རིག་བརྩམས་ཆོས་ཡིན་ཕྱིན། ༼    བརྩམས་སྒྲུང་།  སྙན་ངག ལྷུག་རྩོམ།  ཟློས་གར།  རི་མོ།  གློག་བརྙན།  ༽  དཔྱད་བརྗོད་དམིགས་ཡུལ་ཀྱང་བསམ་བློའི་དགོངས་གཞི་དང་གསར་རྩོམ་གྱི་རྩོམ་གཤིས།  སྒྱུ་རྩལ་ཁྱད་ཆོས་སོགས་ནས་དཔྱད་གླེང་དང་དཔྱད་འཇོག་བགྱིས་ཏེ་ཀློག་གཟིགས་དང་མྱོང་རོལ་ཆུ་ཚད་མཐོར་གཏོང་བ་དེ་ཡིན།  དཔྱད་བརྗོད་སྐབས་རྩོམ་རིག་བརྩམས་ཆོས་ཀྱི་འབྲེལ་ཡོད་དཔྱད་གཞི་འཚོལ་བསྡུ་བྱ་བ་ལས་ཇི་སྲིད་ཀྱིས་དཔྱད་འཇོག་བྱེད་ཆོག་པ་ཞིག་མ་ཡིན་པར་རྩོམ་རིག་བརྩམས་ཆོས་རང་སྟེང་ནས་འབྱུང་བའི་བརྗོད་པ་དག་དཀྱུས་གཅིག་ཏུ་སྤུངས་ཏེ།  དབྱེ་ཞིབ་རྐྱང་བའི་འཆིང་ཐག་བཤིག་བཞིན་རྩོམ་རིག་བརྩམས་ཆོས་དེ་ཅིའི་ཕྱིར་འདི་ལྟ་བུ་ཡིན་དགོས་པ་དང་།  འདི་ལྟར་བྱེད་ན་ལེགས་མི་ལེགས་སོགས་ཁ་གསལ་དུ་བཏོན་ནས་བརྩམས་ཆོས་ལ་གདེང་འཇོག་ཧྲིལ་བོ་ཞིག་བྱ་དགོས་པ་མ་ཟད།  གདེང་འཇོག་གི་བརྒྱུད་རིམ་སོགས་ངེས་པར་དུ་ཡོད་དགོས།  དེའི་ཕྱིར་བོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད་ལ་མཚོན་ནའང་བརྗོད་བྱ་རྐྱང་བའི་དབྱེ་ཞིབ་ལས་བརྒལ་ཏེ་དཔྱད་བརྗོད་ཀྱི་དམིགས་ཡུལ་གསལ་ཞིང་།  བདེན་དགེ་མཛེས་གསུམ་གྱི་རྩ་དོན་གཞིར་བཅོལ་ནས་སྙན་ངག་པའི་ནང་སེམས་ཀྱི་ཚོར་འདུ་དང་དཔྱོད་ཤེས།  འདུ་ཤེས་འཛིན་སྟངས།  རང་རིག་གི་མྱོང་བ་དང་རང་རིག་གི་ཚོར་བ་སོགས་མངོན་སུམ་དུ་བཀྲལ་ནས་བརྩམས་ཆོས་ཀྱིས་ཅི་ཞིག་གསར་དུ་བསྐྲུན་པ་དང་ཇི་ལྟར་གསར་དུ་བསྐྲུན་པའི་སྐོར་ཀློག་པ་པོའི་སྣང་ངོར་དྲངས་ནས་སྙན་ངག་གསར་པའི་མྱོང་རོལ་ལ་སྣེ་སྟོན་བྱས་ཤིང་།  སྙན་ངག་གསར་པའི་གཞུང་ལུགས་ཀྱི་མ་ལག་འགྲུབ་པར་དགོས་ངེས་ཀྱི་ནུས་པ་གདོན་འོས་སོ། ། 
         གཅིག སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་ངོ་བོ་དང་འགན་འཁྲི། 
         སྙན་ངག་གསར་པའི་ཁྱབ་ཁོངས་སུ་སྣང་ཚོད་རིང་ལུགས་༼   印象主义  ༽  དང་།  འཆར་ཡན་རིང་ལུགས།  ཡིད་བརྙན་རིང་ལུགས།  དངོས་བརྒལ་རིང་ལུགས།  དངོས་ཡོད་རིང་ལུགས་སོགས་སྙན་ངག་གི་ཐབས་རྩལ་སྣ་མང་ཞིག་འབྱུང་བཞིན་ཡོད་པས།  སྙན་ངག་སྒྱུ་རྩལ་གྱི་བློ་སྦྱོང་དམན་པའི་དཔྱད་བརྗོད་པར་དཀའ་ངལ་མང་པོ་ཞིག་དང་འཕྲད་ཀྱིན་ཡོད་པས། སྙན་ངག་གི་རིག་པའི་གཞུང་ལུགས་ངེས་ཅན་ཞིག་གཞིར་བཟུང་སྟེ་སྙན་ངག་གསར་པའི་སྣང་ཚུལ་སྣ་ཚོགས་དང་སྒོས་སུ་བསྟན་བཅོས་དངོས་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་དེ་སྒྱུ་རྩལ་མཛེས་པ་ལྷོད་ཀྱིས་གྲོལ་པའི་ལས་ཀ་ཁྱད་པར་བ་དེ་སྙན་ངག་གསར་པའི་དཔྱད་བརྗོད་དུ་འདོད།  “རྩོམ་རིག་དཔྱད་བརྗོད་དང་རྩོམ་རིག་ལོ་རྒྱུས་གཉིས་ཀས་རྩོམ་པ་པོ་ཞིག་དང་བརྩམས་ཆོས་ཤིགདུས་སྐབས་ཤིག་དང་མི་རིགས་ཤིག་གི་རྩོམ་རིག་གི་རང་གཤིས་གསལ་པོར་སྟོན་དགོས་པ”⑤ནང་བཞིན།  སྙན་ངག་གསར་པའི་དཔྱད་བརྗོད་ལ་མཚོན་ནའང་རང་གཤིས་སུ་གྲུབ་ཡོད་པའི་སྙན་ངག་གི་ཐབས་རྩལ་དང་ཡིད་བརྙན་སྡེབ་སྒྲིག་གི་ཆ།  ཚོར་འདུ་འཕྲོས་སྦྱོར་དང་བརྗོད་གཞི་འདེམ་སྒྲིག སྐད་ཆའི་སྒྱུ་རྩལ་དང་ཡིད་ཁམས་མཛེས་རིག་སོགས་ཀྱི་ཐད་ནས་བརྩམས་ཆོས་དང་འབྲེལ་བའི་རྩོམ་པ་པོ། དུས་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་མི་རིགས་རང་མཚན་པའི་སྙན་ངག་གི་ཁྱད་གཤིས་མཐའ་དག་གསལ་པོར་བསྟན་དེ་སྙན་ངག་རང་སྟེང་གི་མཛེས་པ་སྒོམ་པའི་བདག་ཉིད་ཅན་ཡིན་དགོས་པས།  “དཔྱད་བརྗོད་རེ་འགའ་བའི་དོན་དུ་སྙན་ངག་སྒྱུ་རྩལ་རང་སྟེང་གི་བསམ་གཞིག་ནས་མགོ་རྩོམ་འོས”⑥ཞེས་རྩོམ་རིག་དཔྱད་བརྗོད་གང་ཡང་རུང་དཔྱད་པར་བྱ་བའི་བརྩམས་ཆོས་དཀྱིལ་སྙིང་བྱས་ཏེ་སྒྱུ་རྩལ་ཤེས་རྟོག་གི་རིག་པ་མཐའ་བཞིར་བསྐྱེད་པ་ནི་ཤིན་ཏུ་འགངས་ཆེན་ཞིག་ཏེ། སྙན་ངག་གསར་པའི་དཔྱད་བརྗོད་ཀྱང་གསར་རྩོམ་གྱི་སྣེ་སྟོན་དང་གཞུང་ལུགས་ཀྱི་ཁ་གསབ།  མྱོང་རོལ་གྱི་མཐུན་རྐྱེན་བསྐྲུན་མཁན་དུ་ཅི་ནས་ཐོན་པར་བྱ་དགོས་ལ། “དཔྱད་བརྗོད་ནི་རྩོམ་རིག་སྒྱུ་རྩལ་གྱི་བསྟན་བཅོས་ཀྱི་མཛེས་པའི་ཡོན་ཏན་དང་སྐྱོན་རྣམས་སོ་སོར་འབྱེད་པའི་ཚན་རིག་ཅིག་གོ”⑦ཞེས་སྐྱོན་བཏོན་ཡོན་ཏན་སྦེད་པའི་ཚུལ་གྱིས་མཐའ་གཉིས་སུ་མ་ལྷུང་བར་ཡོངས་ཁྱབ་རིན་ཐང་ངོས་ནས་རྩོམ་རིག་བརྩམས་ཆོས་ལ་ཤན་འབྱེད་དང་གདེང་འཇོག མཆན་འབྲེལ་བཅས་བྱེད་དགོས་ཤིང་།  མཚན་ཉིད་རིག་པའི་ལྟ་བ་དང་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ། མཛེས་རིག་གི་ལྟ་བ་དང་རྩོམ་རིག་གི་ལྟ་བ།  ཆབ་སྲིད་ལྟ་བའི་དགོངས་དོན་གཞིར་བཅོལ་ཏེ་གཞུང་ལུགས་དང་གསར་རྩོམ།  དཔྱད་བརྗོད་གསུམ་ཟུང་འབྲེལ་སྒོས་གོང་སྤེལ་བྱེད་ན་ལེགས་པར་འདུག་ཅིང་།  སྙན་ངག་ནི་རྩོམ་མཁན་རང་ཉིད་ཀྱི་ཚོར་བ་སྣ་ཐིག་ཏུ་བྱས་ཏེ་རྟོག་འཕྲུལ་གྱི་ལས་བགྱི་བའི་རིག་པ་སྣ་འཛོམས་ཤིག་དང་ཡུན་རིང་གི་བློ་སྦྱོང་ལས་འབུས་པའི་རིག་པའི་ཉིང་བཅུད་དུ་ཡོད་ཕྱིར།  ཤེས་བྱ་ཀུན་འདུས་ཀྱི་ཀུན་སློང་ནམ་མཁར་བརྐྱངས་ཤིང་མིའི་གཉུག་གཤིས་རང་བཞིན་ལ་དང་དོད་གཟབ་ནན་བྱས་ཏེ་སྙན་ངག་འབྲི་བའི་དགོས་པ་དང་དམིགས་ཡུལ་ལ་སོགས་པར་བདེན་ཁ་གསལ་ཐག་ཆོད་པ་ཞིག་སྟེར་དགོས་སོ། ། 
         “སྒྱུ་རྩལ་ལྟ་གྲུབ་དེ་ཕྱོགས་གསུམ་དུ་དབྱེ་ཆོག་ཏེ། སྒྱུ་རྩལ་བརྩམས་ཆོས་ནི་རང་བྱུང་ཐོན་རྫས་མ་ཡིན་པར་མིའི་བྱ་འགུལ་ལས་གྲུབ་པ་དང་། གཞི་རྩའི་སྟེང་ནས་མིའི་ཆེད་དུ་བརྩམས་ཤིང་མིའི་དབང་བོར་བརྟེན་མངོན་སུམ་འཇིག་རྟེན་ནས་གྲུབ་པ་མ་ཟད། བརྩམས་ཆོས་རང་སྟེང་ལ་དམིགས་ཡུལ་ཞིག་ཡོད་པ”⑧བཅས་གཞིར་བྱེད་ན་རྩོམ་རིག་བརྩམས་ཆོས་ཡོད་དོ་ཅོག་ལ་འཁུར་ངེས་པའི་འགན་འཁྲི་ཞིག་ཡོད་ལ། འགན་འཁྲི་དེ་ནི་སྒྱུ་རྩལ་ལ་ཁུར་པའི་འགན་འཁྲི་ཞིག་གམ་ཡང་ན་མིའི་རིགས་ལ་ཁུར་པའི་འགན་འཁྲི་ཞིག་ཡིན་ངེས་ཏེ། འདིར་གླེང་བྱའི་བོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད་ལ་མཚོན་ནའང་བརྩམས་ཆོས་ལ་ཁ་ཕྱོགས་པ་དང་སྤྱི་ཚོགས་ལ་ཁ་ཕྱོགས་པ། གཞུང་ལུགས་ལ་ཁ་ཕྱོགས་པ་སོགས་དམིགས་ཡུལ་དང་འགན་འཁྲི་ཡོད་པའི་སྒོ་ནས་རྩོམ་རིག་བསྟན་བཅོས་ལ་རྟོག་དཔྱོད་ཞིབ་འཇུག་དང་དབྱེ་འབྱེད། གདེང་འཇོག་བྱེད་དེ་མཚོན་བྱ་མཚོན་བྱེད་གསལ་པར་བཀྲལ་ཞིང་སྙན་ངག་གསར་པའི་སྐད་ཆའི་སྒྱུ་རྩལ་གྱི་མཛེས་པ། ཕྱིའི་སྒྲིག་གཞིའི་གྲིམ་ལྷོད་དང་ནང་ཡིད་ཁམས་ཀྱི་ཟབ་ཚད།  སྒྱུ་རྩལ་ཀུན་རྟོག་དང་ཚོར་བའི་འདུས་སྦྱོར།  ཚོར་བའི་མྱོང་བ་དང་རྣམ་པའི་གཏན་ཚིགས།  ནང་སེམས་ཀྱི་མྱོང་བ་དང་ཀུན་རྟོགས་འགུགས་ཤུགས་བཅས་ལེགས་པར་དཔྱད་དེ་ཀློག་མཁན་ཕལ་བའི་ལྐོག་གྱུར་རང་བཞིན་གསེད་དཀྲོལ་སྒོས་སྙན་ངག་གསར་པའི་ཐུན་མིན་གསར་བསྐྲུན་གྱི་ཡོན་ཏན་དང་བརྗོད་བྱའི་དགོངས་དོན་ལ་གོ་བ་གཏིང་ཟབ་ཏུ་བསྐྱེད་པར་བྱེད་དགོས་ཤིང་། “མིའི་རིགས་ཀྱི་སྐྱོན་བརྗོད་ལ་དབྱེ་ན་རིགས་ལྔར་དབྱེ་ཆོག་ཏེ་སྙན་ངག་པས་མི་སྲིད་པའི་དོན་དག་དང་ལུགས་མཐུན་མིན་པའི་དོན་དག གནོད་འཚེ་རང་བཞིན་གྱི་དོན་དགདེ་མིན་སྔ་ཕྱི་འགལ་བའི་དོན་དག་དང་ཐབས་རྩལ་གྱི་ཆད་ལྷག”⑨སོགས་ཡིན་པ་ནང་བཞིན་སྙན་ངག་དཔྱད་བརྗོད་ཀྱི་འགན་འཁྲི་དེ་སྤྱི་ཚོགས་དང་བརྩམས་ཆོས་རང་ངོས་གཉིས་སུ་འདུ་བ་ཡིན་ལ།  གཅིག་ནས་སྙན་ངག་གསར་པའི་སྤྱི་ཚོགས་ནུས་པ་རྒྱ་ཆེར་སྤེལ་བ་དང་ཀློག་པ་པོའམ་སྒྱུ་རྩལ་མྱོང་རོལ་མཁན་གྱི་གཟིགས་ཞིབ་རིག་སྟོབས་མཐོ་རུ་གཏོང་བ་དང་།  གཉིས་ནས་ཅི་ཞིག་གསར་དུ་བསྐྲུན་པ་དང་ཇི་ལྟར་གསར་དུ་བསྐྲུན་པའི་སྐོར་དབྱེ་ཞིབ་ཀྱིས་སྙན་ངག་གསར་པའི་གསར་རྩོམ་ལ་སློབ་སྟོན་ནུས་པ་བཏོན་ནས་སྙན་ངག་གསར་པ་དར་རྒྱས་གོང་འཕེལ་དུ་གཏོང་བར་ཕུན་སུམ་ཚོགས་པའི་མཐུན་རྐྱེན་བསྐྲུན་དགོས།  གསུམ་ནས་དགག་བཞག་གི་རྩོད་པ་སྤེལ་ནས་བོད་རང་མཚན་པའི་སྙན་ངག་གསར་པ་དང་དེ་འབྲེལ་དཔྱད་བརྗོད། གཞུང་ལུགས་བཅས་ཀྱི་མ་ལག་འགྲུབ་པར་སྐུལ་སྤེལ་བྱེད་དགོས་སོ། ། 
         གཉིས།  སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་རྩ་དོན་དང་ཐབས་ལམ། 
         “བརྩམས་ཆོས་ཤིག་རྩོམ་རིག་ཏུ་འགྲོ་མིན་དེ་རྩོམ་རིག་ཚད་གཞིའི་གོང་ཐང་གཅོད་དགོས་ལ། བརྩམས་ཆོས་ཤིག་གཟི་བརྗིད་ཡོད་མེད་དེ་རྩོམ་རིག་ཚད་གཞི་གཅིག་པུས་ཁ་ཚོན་གཅོད་ནུས་པ་ཞིག་མ་ཡིན”⑩ཞེས་དཔྱད་བརྗོད་ཀྱི་ལས་བགྱི་བར་གཞུང་ལུགས་ངེས་ཅན་ཞིག་སྲོག་བྱེད་དེ་དཔྱད་པར་བྱ་བའི་ཡུལ་གང་དེའི་འདས་མ་ད་གསུམ་གྱི་དོན་བྱ་མཐའ་དག་ལྷུག་པོར་བསྟན་ཞིང་བརྩམས་ཆོས་དང་འབྲེལ་པའི་ལུང་རིག་དཔྱད་གསུམ་གདམ་གསེས་ཀྱིས་དབྱེ་འབྱེད་དང་གདེང་འཇོག་མ་ནོར་བ་བྱ་རྒྱུ་གཙོར་བཟུང་སྟེ།  མཚན་ཉིད་རིག་པ་དང་སེམས་ཁམས་རིག་པ།  མིའི་རིག་པ་དང་སྤྱི་ཚོགས་རིག་པ།  མཛེས་སྡུག་རིག་པ་དང་མི་རིགས་རིག་པ། དེ་མིན་ཚན་རིག་སོགས་དཔྱད་གཞིར་དྲངས་ཤིང་རྩོམ་རིག་བརྩམས་ཆོས་ཀྱི་བདེན་ཐུབ་རང་བཞིན་དམིགས་འབེན་དུ་བྱེད་དེ་གསར་བརྗེའི་རང་བཞིན་དང་ཚན་རིག་རང་བཞིན་ཟུང་འབྲེལ་གྱིས་རྣམ་པའི་ཆ་དང་སྒྲིག་གཞིའི་ཐད། སེམས་ཁམས་ཀྱི་ཡུལ་དང་མཛེས་པའི་གཏིང་སོགས་རེ་རེ་ནས་དཔྱད་པར་བྱ་བ་ནི་མིག་སྔའི་བོད་ཀྱི་སྙན་ངག་དཔྱད་གསར་པའི་བརྗོད་ཀྱི་རྩ་དོན་དང་ཐབས་ལམ་འབའ་ཞིག་ཏུ་ཡོད་ལ།  “སྒྱུ་རྩལ་ནི་དུས་རབས་ཤིག་དང་མི་རིགས་ཤིག་གི་རྒྱུན་ལྡན་གྱི་འཇིག་རྟེན་ལྟ་བ་དང་ཆོས་ལུགས་ཀྱི་ལངས་ཕྱོགས་དང་མཉམ་དུ་གནས་ཡོད”པས་སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་ལས་ཀར་ཡང་དག་པའི་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་མཛུབ་སྟོན་དགོས་ཤིང་། ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་དང་དཔྱད་བརྗོད་ནུས་པའང་མེད་དུ་མི་རུང་བར་ཕྱི་ནང་གི་སྒྲིག་གཞི་གཉིས་ནས་སྙན་ངག་གསར་པར་དཔྱད་བརྗོད་བྱ་རྒྱུ་དགོས་གལ་ཆེ་བར་སྙམ། རྩོམ་རིག་མིན་པའི་ཕྱི་རོལ་ཁྱབ་ཁོངས་ཁག་གིས་ཀྱང་དུས་སྔ་མོ་ནས་རྩོམ་རིག་གི་གསར་རྩོམ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཤིང་།  རྩོམ་རིག་བྱུང་བའི་ཉིན་དེ་ནས་བཟུང་།  རྩོམ་རིག་དེ་མཚན་ཉིད་རིག་པ།  ཆོས་ལུགས་དང་མཛེས་སྡུག་རིག་པའི་འཕེལ་རྒྱས་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་དེ།  དུས་རབས་ཉི་ཤུ་བ་ནས་སྐད་བརྡ་རིག་པ་དང་སེམས་ཁམས་རིག་པ།  མིའི་རིག་པ།  རྩོམ་རིག་སྐྱོན་བརྗོད་དང་རིག་གནས་སྐྱོན་བརྗོད།  མི་གཤིས་ཞིབ་འཇུག་དང་སྐྱེ་ཁམས་ཞིབ་འཇུག་སོགས་སྔ་ཕྱི་ནས་རྩོམ་རིག་གི་བྱུང་བར་ཤུགས་རྐྱེན་གཏིང་ཟབ་ཐེབས་མྱོང་བས་རྩོམ་རིག་གི་སྤུས་ཀ་དང་འཕེལ་ཕྱོགས་ལ་འགྱུར་ལྡོག་འབྱུང་བཞིན་ཡོད།  ནུབ་གླིང་ནས་ཐོག་མར་རྩོམ་རིག་ལ་འབྲེལ་བ་བྱུང་བའི་རིག་པ་ནི་མཚན་ཉིད་རིག་པ་སྟེ།  བྷོ་ལ་ཐུལ་ལགས་ཀྱིས་སྙན་ངག་ནི་ལོ་རྒྱུས་ལས་མཚན་ཉིད་རིག་པ་དང་ཉེ་བའི་གཏན་ཚིགས་རྣམ་པ་ནས་ཕུགས་བསམ་གྱི་རྒྱལ་ཁབ་འཆར་བཀོད་ཁྲོད་སྙན་ངག་གི་ངོ་བོ་དང་བྱུང་བ།  ནུས་པ་དང་ཕན་ནུས།  དེ་མིན་སྙན་ངག་པའི་ངར་སེམས་ཀྱི་རྣམ་པའི་གནས་སྟངས་སོགས་ལ་དབྱེ་ཞིབ་གཏིང་ཟབ་ཏུ་བྱས་ཤིང་།  འཆར་ཡན་རིང་ལུགས་དང་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ལྟ་བར་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད་པས།  ང་ཚོའི་སྙན་ངག་གསར་བའི་དཔྱད་བརྗོད་པའི་སྡེ་ནས་སྙན་ངག་གསར་བའི་བརྗོད་བྱ་དང་འབྲེལ་བའི་རིག་ཚན་གྱི་མ་ལག་སོ་སོར་ནང་བྱན་ཆུད་པ་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་འདོད། ། 
         “མཐར་གཏུགས་ན་སྙན་ངག་ལ་འཇུག་པར་ཐོག་མར་དེའི་མུ་མཐའ་ཕྱོགས་སུ་བསྐོར་པའི་འདི་སྣང་དག་ལ་འཇུག་པ་དང་། དེ་ནས་སོ་སོའི་ཤེས་རབ་དང་ཀུན་རྟོག་གིས་འདི་སྣང་གི་ན་བུན་དེ་ཡུན་གྱིས་ཡུན་གྱིས་བརྒལ་ཞིང་ཉམས་སུ་མྱོང་དགོས་ཤིང་། དེ་ཡི་ཕྱིས་སུ་རང་རྒྱུད་ལ་འཁྲུངས་པའི་རྟོག་པའི་ཉི་འོད་དེས་འདི་སྣང་གི་ན་བུན་མ་ལུས་པ་བརྟོལ་ཏེ་མཐར་སྙན་ངག་གི་དེ་ཉིད་ཀྱི་ནམ་མཁའ་ཡངས་པོ་ལ་ཀུན་ནས་འཇུག་དགོས་པར་སེམས”པས་སྙན་ངག་གསར་བ་མྱོང་རོལ་དང་དཔྱད་བརྗོད་བྱེད་སྐབས་ཐོག་མར་སྐད་ཆའི་གཏན་ཚིགས་དང་ཡིད་བརྙན་སྡེབ་སྒྲིག་སོགས་ཕྱིའི་རྣམ་པའི་སྒྲིག་གཞི་བཀྲོལ་ཏེ་ཡིད་ཁམས་དང་བརྩེ་བརྗེ།  མཛེས་ཚོར་སོགས་ནང་གི་སྒྲིག་གཞིའི་ཆར་ཕྱོགས་དགོས་པ་ནི་སྙན་ངག་དཔྱད་བརྗོད་ཀྱི་ལས་དང་པོ་བ་ཞིག་ལ་མཚོན་ན་ཐོག་མའི་ཆ་རྐྱེན་དུ་ཡོད་ཅིང་།  དཔེར་ན།  ཡོལ་རས་ཤིག་གི་ཡིབས་སུ་མེ་ཏོག་རྐང་གཅིག་སྦས་ཡོད་པ་ནང་བཞིན་སྙན་ངག་གསར་བའི་མཐར་ཐུག་གི་བརྗོད་བྱ་དེའང་ཡིད་བརྙན་ནམ་སྐད་ཆའི་རྒྱབ་ངོགས་སྐུང་ཡོད་ཕྱིར།  ཀློག་པ་པོའམ་དཔྱད་བརྗོད་པ་གང་ཡང་རུང་ཐོག་མར་སྙན་ངག་གང་དེའི་ཡིད་བརྙན་གྱི་ཡོལ་བ་ཡོངས་སུ་ཕྱེས་ཏེ་མེ་ཏོག་བཞིན་ བཀྲག་མདངས་འཚེར་བའི་སྙན་ངག་གི་མཐར་ཐུག་བརྗོད་བྱར་བསྙབ་དགོས་པས།  སྙན་ངག་དཔྱད་བརྗོད་ཀྱི་ལས་བགྱི་བར་སྒྱུ་རྩལ་གྱི་བློ་སྦྱོང་སྔོན་དུ་སོང་བའི་ཐབས་རྩལ་གྱི་ཤེས་རབ་དགོས་ལ།  རིག་གནས་ཀྱི་ལངས་ཕྱོགས་གསལ་བའི་སྒྱུ་རྩལ་གྱི་རྟོག་པའང་ངེས་པར་དུ་ཡོད་དགོས་སོ། ། 
         གསུམ།  སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་ཚད་གཞི། 
         རྩོམ་རིག་དཔྱད་བརྗོད་སྤྱི་ལ་མཚོན་ནའང་དཔྱད་པར་བྱ་བའི་ཡུལ་དང་དཔྱད་བྱེད་ཀྱི་ཚད་གཞི་ཞིག་ཡོད་དེ། རྩོམ་པ་པོ་དང་བསྟན་བཅོས་ལ་དབྱེ་ཞིབ་དང་གདེང་འཇོག་བྱེད་པར་གཞི་འཛིན་སའི་ཚད་ཐིག་ཞིག་དགོས་ཏེ། གལ་སྲིད་ཤན་འབྱེད་ཀྱི་ཚད་ཐིག་ཞིག་མེད་ཚེ་བཟང་ངན་ལེགས་ཉེས་ཀྱི་དབྱེ་བ་འབྱེད་དཀའ་པར་འགྱུར་པས་སྙན་ངག་གསར་པའི་དཔྱད་བརྗོད་ལའང་དེ་མཐུན་གྱི་མེད་རུང་པའི་ཚད་གཞི་ཉག་གཅིག་ཡོད་ལ།  འདས་པའི་ལོ་ཤས་རིང་གི་བོད་ཀྱི་སྙན་ངག་གསར་པའི་དཔྱོད་བརྗོད་ལ་ཕྱིར་བལྟ་རེ་བྱེད་ཚེ།  ལ་ལས་བདེན་ཐུབ་རང་བཞིན་ཚད་གཞིར་འཛིན་པ་དང་།  ལ་ལས་མཛེས་དཔྱོད་རང་ བཞིན་ཚད་གཞིར་འཛིན་པ།  ལ་ལས་སྔོན་ཐོན་རང་བཞིན་ཚད་གཞི་འཛིན་པ།  ལ་ལས་དགེ་པའི་རང་བཞིན་ཚད་གཞི་འཛིན་པ་གཙོ་བྱས་པའི་དཔྱད་བརྗོད་ཚད་གཞི་སྣ་ཚོགས་ཤིག་མཆིས་ཡོད་ནའང་སྙན་གསར་པའི་དཔྱད་བརྗོད་རྩོམ་པར་གཅིག་མཐུན་གྱི་ཚད་གཞི་ཞིག་ཆགས་མེད་པར་དཔྱད་བརྗོད་པ་རང་སྟེང་ནས་ཚད་གཞི་ག་འདྲ་ཞིག་འཛིན་མིན་ཕྱིར་མངོན་པས།  བོད་ཀྱི་སྙན་ངག་གསར་པའི་དཔྱད་བརྗོད་མ་ལག་དང་གཞུང་ལུགས་འགྲུབ་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་ཞེས་སྨྲ་བ་ངག་གིས་སྤོབས།  “སྙན་ངག་སྒྱུ་རྩལ་རང་སྟེང་གི་ནོར་འཁྲུལ་ལ་དབྱེ་ན་གཉིས་ཡོད་དེ། གཅིག་ནི་སྙན་ངག་སྒྱུ་རྩལ་རང་སྟེང་གི་ནོར་འཁྲུལ་དང་གཅིག་ཤོས་ནི་བལྟས་དབང་གིས་ནོར་འཁྲུལ་བྱུང་བཞེས་པའི་ཤུགས་ལས་ཀྱང་སྒྱུ་རྩལ་བརྩམས་ཆོས་དཔྱད་པར་བྱ་བ་ལ་ཚད་གཞི་ཞིག་ཡོད་ངེས་པ་བསྟན་ཞིང་། ཚད་གཞི་དེས་ད་གཟོད་སྒྱུ་རྩལ་བརྩམས་ཆོས་དེ་རང་སྟེང་གི་ནོར་འཁྲུལ་ཡིན་ནམ་ཡང་ན་སྟེས་དབང་གིས་བྱུང་བའི་ནོར་འཕྲུལ་ཡིན་པ་ཡང་དག་པའི་སྒོ་ནས་དབྱེ་འབྱེད་བྱེད་ནུས་ལ། དཔྱད་པར་བྱ་བའི་ཡུལ་གང་དེའི་ཉེས་སྐྱོན་མཐའ་དག་མངོན་སུམ་དུ་མཐོང་ནུས་པས་དཔྱད་བརྗོད་ཀྱི་ཚད་གཞི་དེ་སྒྱུ་རྩལ་བརྩམས་ཆོས་ཀྱི་བཟང་ངན་ཤན་འབྱེད་བྱེད་པའི་ཐོག་མའི་ཆ་རྐྱེན་དུ་ཡོད། “ཡང་དག་པའི་སྒོ་ནས་སྒྱུ་རྩལ་མཛེས་པ་དང་སྒྱུ་རྩལ་གཟིགས་ཞིབ་ནུས་པའི་གསོ་སྐྱོང་སྐྱོན་བརྗོད་བྱ་བའི་རྨང་གཞི་ནི་ཁྱད་གཤིས་ཀྱི་དོན་སྤྱིའི་སྟེང་དུ་ཡོད”པ་ནང་བཞིན།  སྙན་ངག་གསར་པ་ལྟ་བུར་མཚོན་ན་མཐུན་མིན་གྱི་ཁྱད་གཤིས་དེ་བདེན་དགེ་མཛེས་གསུམ་ནས་མངོན་གྱི་ཡོད་པས་ཐོག་མར་སྒྱུ་རྩལ་རྩོམ་རིག་གི་བདེན་དགེ་མཛེས་གསུམ་གྱི་སྤྱི་མཚན་ཁོང་དུ་ཆུད་པར་བྱེད་དེ། དཔྱད་བརྗོད་ལས་བགྱི་པར་རྩོམ་སྐབས་སྒྱུ་རྩལ་ཀུན་རྟོག་དང་འཆར་ཡན་གྱི་ཆ་ལག་སོགས་རེ་རེ་ནས་བདེན་དགེ་མཛེས་གསུམ་གྱི་ཚད་གཞིའི་ཐིག་ཤིང་ཡང་ལྕིའི་ལྕི་ཚད་འཇལ་དགོས་ཀྱང་། དུས་རབས་མི་འདྲ་བའི་ངོས་ནས་མཛེས་དཔྱོད་ལྟ་བ་མི་འདྲ་བ། བསམ་པའི་གནས་སྟངས་མི་འདྲ་བ།  སྒྱུ་རྩལ་ལྟ་གྲུབ་མི་འདྲ་བ་བཅས་ཀྱིས་དཔྱད་བརྗོད་ཀྱི་ཚད་གཞིར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས་སྙན་ངག་གི་འཕེལ་རྒྱས་དང་འགྲོགས་དཔྱད་བརྗོད་ཀྱང་གོང་དུ་འཕེལ་དགོས་སོ། ། 
         གང་ལྟར་བདེན་དགེ་མཛེས་གསུམ་གྱི་དཔྱད་བརྗོད་ཚད་གཞི་ལས་མཛེས་པ་དང་པོར་བསྔགས་འདོད་ཡོད་དེ། “སྒྱུ་རྩལ་མཛེས་པ་དེ་རང་བྱུང་མཛེས་པ་ལས་ཁྱད་འཕགས་སུ་ཡོད་པ་ནི་མིའི་སེམས་རིག་ལས་ཐོན་པའི་བསྐྱར་ཐོན་མཛེས་པ་ཡིན་ལ།  སེམས་རིག་དང་བརྩམས་ཆོས་གཉིས་རང་བྱུང་དང་རང་བྱུང་སྣང་ཚུལ་ལས་ཇི་ལྟར་མཐོ་བ་དེ་བཞིན།  སྒྱུ་རྩལ་མཛེས་པའང་རང་བྱུང་མཛེས་པ་ལས་དེ་ལྟར་དུ་མཐོ་བ་ཡོད”པས།  ཇི་སྲིད་ཀྱི་ཁམས་སུ་རྫོགས་མེད་ཀྱི་མཛེས་པ་ཞིག་ཡོད་པ་ནི་སྒྱུ་རྩལ་མཛེས་པར་རློམ་ཆོག་ཏེ། རྩོམ་རིག་བརྩམས་ཆོས་ཁྲོད་སྒྱུ་རྩལ་མཛེས་པར་དོ་སྣང་བྱེད་ཡུལ་དུ་འཇོག་དགོས་ཞར་ལ་རྟོགས་ཡོང་ཞིང་། བདེན་པ་དང་དགེ་བ་མཐའ་དག་ཀྱང་མཐར་གཏུགས་ན་མཛེས་པ་ཡིན་གཤིས་སྒྱུ་རྩལ་མཛེས་པ་ཁུངས་སྣེ་བྱེད་དེ་སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་ལས་སྤེལ་པར་བྱའོ། ། 
         མཐའ་སྡོམ་པ། 
         སྙན་ངག་དཔྱད་བརྗོད་ནི་སྒྱུ་རྩལ་བྱ་འགུལ་ཁྲོད་ཆེས་དཀའ་ཚེགས་ཡོད་པའི་ལས་ཤིག་ཡིན་ཕྱིར།  གཟབ་ནན་དང་དཔྱོད་ཤེས་ཀྱི་སྒོ་ནས་དེ་དོན་གྱི་བྱ་ལས་རྫོགས་པར་བྱ་དགོས་ལ། སྒྱུ་རྩལ་ནི་ཟུར་དུ་ཡོད་པ་ཙམ་དང་འཚོ་བའི་ཁ་གསབ་ཙམ་དང་རྒྱན་དོད་ཙམ་མིན་པར་མིའི་རིགས་ཀྱི་གྲུབ་ཆ་དང་རྩ་བའི་ཆ་རྐྱེན་ཞིག་ཏུ་མཐོང་། རང་བདག་མཛད་ཅིང་རང་རྐྱ་འཕེར་བའི་མིའི་ལས་ཀ་ལས་བསྐྲུན་པ་ཡིན། དེ་ཉིད་ཆོས་ལུགས་དང་མཚན་ཉིད་རིག་པའི་བདེན་ལུགས་དང་མི་འདྲ་བའི་ནང་རོལ་གྱི་རིན་ཐང་ཆེས་ཆེར་མངའ་བས།  ང་ཚོས་སྒྱུ་རྩལ་གྱི་ཚད་གཞི་ཁྱེར་ནས་དེའི་ལྕི་ཚད་གཞལ་དགོས་སྐད།  དོན་སྤྱི་ཙམ་དང་ལྐོག་གྱུར་ཞིག་ལས་འདས་ཏེ་གདོས་བཅས་སུ་གྲུབ་པའི་སྙན་ངག་གི་སྒྲིག་གཞིར་ཕྱི་ནང་ཟུང་འདུས་ཀྱིས་དབྱེ་ཞིབ་མཛད་དགོས་པ་ཡིན་ལ། སྙན་ངག་པའི་སྐད་ཅིག་དེ་ཉིད་ཀྱི་ཚོར་བ་ལ་སོགས་ཉམས་སུ་བཞེས་ནས་སྒྱུ་རྩལ་ཀུན་རྟོག་གི་རྣམ་པ་དང་བརྩམས་ཆོས་ཀྱི་དགོངས་དོན་ཇི་བཞིན་དུ་རྟོགས་ཐུབ་པར་འབད་དེ་སྙན་ངག་གསར་པའི་དཔྱད་བརྗོད་ཀྱི་ལམ་ཁ་མ་ནོར་བ་བྱ་རྒྱུ་དེ་ཡིན་ཞིང་།  གཞན་གྱིས་ཁྱོད་ཀྱི་སྙན་ངག་ལ་སྐྱོན་བརྗོད་བྱེད་པར་སྐྲག་ན་གཟབ་ནན་གྱི་ཞུ་དག་གང་ལེགས་བྱ་འོས་ལ།  བླུན་པོས་ད་གཟོད་རང་ཆེ་རང་མཐོང་བྱེད་སྲིད།  བསྟོད་ཚིག་གི་རྗེས་སུ་མི་འབྲང་པར་ཁེངས་སྐྱུང་གིས་སྐྱོན་བརྗོད་དང་ལེན་ བྱས་ཤིང་དཔྱད་བརྗོད་པ་བཟང་པོ་ཞིག་བཙལ་ཏེ་བཀའ་སློབ་ཉན་དགོསགསུངས་པས་སྙན་ངག་གསར་རྩོམ་ལམ་སློང་ཡོང་བར་དཔྱད་བརྗོད་མེད་དུ་མི་རུང་བ་ཡིན་ཚུལ་གསལ་པོར་བསྟན་ཡོད་ཅིང་།  དཔྱད་བརྗོད་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་རྣམ་པ་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་ཕྱིའི་ཆ་རྐྱེན་འགངས་ཆེན་ཞིག་དང་མ་འོངས་པའི་རྩོམ་རིག་འཕེལ་ ཕྱོགས་གང་དུ་གཏོད་ཆོག་པའི་བློ་འབྱེད་མཁན་ཐོག་མར་གྲུབ་པས།  དཔྱད་བརྗོད་ཀྱི་བརྩོན་པ་ལྷུར་ལེན་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་དཔྱད་བརྗོད་ཀྱི་ངོ་བོ་དང་འགན་འཁྲི།  རྩ་དོན་དང་ཐབས་ལམ།  དེ་མིན་ཚད་གཞི་སོགས་ལ་རྒྱུས་ལོན་དང་བྱང་ཆ་ཡོད་དགོས་པར་སེམས།  “རྩོམ་རིག་བརྩམས་ཆོས་ཀྱི་ཤན་འབྱེད་ནུས་པ་ནི་དུས་ཡུན་རིང་བོའི་ཉམས་མྱོང་གསོག་འཇོག་གི་ཆེས་མཐོའི་གྲུབ་འབྲས་ཡིན”⒅གཤིས་བོད་རང་མཚན་པའི་དཔྱད་བརྗོད་དང་དེ་འབྲེལ་གཞུང་ལུགས་འབྱུང་བར་དུས་ཡུན་རིང་བོའི་སྙན་ངག་དཔྱད་བརྗོད་ཀྱི་ཤུལ་ལམ་བརྒྱུད་དགོས་ཤིང་།  ཆེད་སྤྱོད་ཀྱི་ཐ་སྙད་དང་བརྡ་དོན་ལའང་གོ་བ་གཏིང་ཟབ་མོ་ཞིག་ལོན་པར་བྱ་རྒྱུ་ནི་མིག་སྔའི་བོད་ཀྱི་སྙན་ངག་གསར་བའི་དཔྱད་བརྗོད་ཀྱི་ཐོག་མའི་ཆ་རྐྱེན་དུ་གྲུབ་པ་ལགས་ན།  སྙན་ངག་གི་ཡིད་བརྙན་བཞེངས་བསྐྲུན་གྱིས་གྲུབ་པའི་ཡིད་ཁམས་དང་དེའི་ཞར་ལ་འོད་དུ་འཚེར་བའི་མཛེས་པ་མངོན་ཚུལ་གྱི་ཆོས་ཉིད་ཀྱང་གསལ་བོར་རྟོགས་དགོས་ཏེ།  སྒྱུ་རྩལ་བརྩམས་ཆོས་གང་དེ་ཐེངས་གཅིག་བརླག་པས་འཐུས་པ་མིན་པར་སྙན་ངག་ཚོར་བ་དངོས་དེ་རང་རྒྱུད་ལ་འཁྲུངས་པའི་བར་དུ་བཀླག་འོས་པའང་མཐར་གཏུགས་ན་ཀློག་པ་པོ་དང་བརྩམས་ཆོས་རང་ངོས་གཉིས་སུ་འདུས་ཤིང་།  ཀློག་པ་པོའི་སྒྱུ་རྩལ་མྱོང་རོལ་ལམ་གཟིགས་ཞིབ་ཀྱི་ཆུ་ཚད་ཞན་པའམ་སྒྱུ་རྩལ་བརྩམས་ཆོས་རང་ངོས་ནས་རྩོམ་རིག་ཏུ་མེད་དེ་ཡིན་ཕྱིར།  ང་ཚོས་སྐྱབས་ཆེན་བདེ་གྲོལ་དང་ལྗང་བུ་སོགས་ཀྱི་སྙན་ངག་ལ་འགྲེལ་རྒྱག་མི་ཕོད་ཟེར་བའམ་ཡང་ན་ཅི་ཡང་གོ་རྒྱུ་མེད་པ་ཞིག་རེད་ཅེས་པའང་ཀློག་པ་པོའི་སྒྱུ་རྩལ་མྱོང་རོལ་གྱི་ཆུ་ཚད་ ཞན་སོང་བས་ཡིན་ལ།  རྩོམ་པའི་རྣམ་གཞག་གི་ཆོས་ཉིད་ལ་དེ་འདྲའི་གསལ་ཆ་མེད་པས་ལན་ནམ་སྙམ་པས་སྒྱུ་རྩལ་བརྩམས་ཆོས་དཔྱད་པར་བྱ་བ་ལ་ཐོག་མར་རང་ངོས་ནས་སྦྱོང་བརྡར་དང་འབྲེལ་ཡོད་ཤེས་བྱར་དཔེ་ཀློག་གང་མང་བྱ་འོས།  རླབས་ཆེན་གྱི་བརྩམས་ཆོས་ནི་དུས་ཡུན་རིང་བོའི་ཕྱིར་རྟོག་གི་ཞུན་བརྡར་བཟོད་ཐུབ་པ་ཞིག་ཏུ་འདོད་པ་དེ་ཡི་ཤུགས་ནས་ཀྱང་བསྟན་པར་བྱ་བ་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་གཟིགས་ཞིབ་ལས་ཀློག་པ་པོའི་རང་རྒྱུད་ལ་རྟོག་པ་གསར་བ་ཞིག་དྲངས་འོངས་པ་དེ་ཡིན་ལ།  དེ་ལས་ཀྱང་སྒྱུ་རྩལ་རྩོམ་རིག་གི་དཔྱད་བརྗོད་དང་གཞུང་ལུགས་ལ་ཁ་གསབ་ངེས་ཅན་ཞིག་སྟོན་ནུས་པ་གསལ་བོར་བརྗོད་ཡོད་དོ། ། 
         ལུང་ཁུངས་ཡིག་ཆ།  དོར་གདོང་དྲུག་སྙེམས་བློ།  སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས། 
         «སྙན་ངག་དེ་གང་ན་འདུག་ཤེས་སམ» ནོར་སྡེ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༩ལོའི་སྦྲང་ཆར་དེབ་གཉིས་པ།  ཤ།  ༨༠
         «དེང་རབས་སྙན་ངག་རིག་པ། »ལྕགས་རྡོར་རྒྱལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ༡པར་གཞི་དང་པོ་བསྒྲིགས།  ཤ ༢༣༢
         «རྩོམ་རིག་གཞུང་ལུགས་གནད་བསྡུས»རྡོ་རྗེ་རིན་ཆེན་གྱིས་བརྩམས།  མི་རིགས་དཔེ་བསྐྲུན་ཁང་གིས་༡༩༩༨
         ལོའི་ཟླ༡༠པར་པར་དུ་བསྐྲུན།  ཤ ༥༢༣
         «དེང་རབས་སྙན་ངག་རིག་པ། »ལྕགས་རྡོར་རྒྱལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༣ལོའི་ཟླ༡པར་ གཞི་དང་པོ་བསྒྲིགས།  ཤ ༢༢༢
         «论趣味标准»休谟 人民文学出版社1963年 第五册p245
         «文学理论»韦勒克 沃仑著 刘象愚等译 北京三联书店 1984年 p6
         «诗学»亚里士多德 陈中梅译 北京商务印书馆出版 1996 p177
         «美学»第一卷 黑格尔著 朱光潜译 北京商务印书馆出版 2012年9月第17次印刷 p32-33
         «诗学»亚里士多德 陈中梅译 北京商务印书馆出版 1996 p180
         «人的文学»夏志清著 福建教育出版社 2010年1月第1版 p221
         «美学»第一卷 黑格尔著 朱光潜译北京商务印书馆出版 2012年9月第17次印刷 p38
         «诗学»亚里士多德 陈中梅译 北京商务印书馆出版 1996 p180
         «美学»第一卷 黑格尔著 朱光潜译北京商务印书馆出版 2012年9月第17次印刷 P22
         «美学»第一卷 黑格尔著 朱光潜译北京商务印书馆出版 2012年9月第17次印刷 P6
         «语言与神话»恩斯特 卡希尔著 于晓等译 北京三联书店1988年 P136
         «诗的艺术»布瓦洛著 人民文学出版社 2009年2月 P14
         «论崇高»朗吉努斯 马文婷 宫雪译 光明日报出版社 2009年6月p12
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716