སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྐྱོ་སྣང་ཕ་སྐད་དུ་བབས་པ།
སྤེལ་དུས། 2016-07-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ་།   རྩོམ་པ་པོ།  རོང་བོ་དགེ་འདུན་ལྷུན་གྲུབ་།རྨ་ལྷོ།

 དེ་རིང་ཞོགས་པར་མལ་ལས་ལྡང་དུས།

སྐྱ་ཀ་ཞིག་གིས་ཅག་ཅག་བྱས་ཏེ།

རྣམ་རྟོག་ཨེན་ཙམ་འཁྲུགས་མདོག་བྱས་ཀྱང་།

སྙིང་བོ་མེད་ལ་དོགས་བློ་ཅི་ཡོད།

བྱིས་པའི་ཞོ་གཉེར་གདོང་ནས་དག་ཅིང་།

གཞོན་པའི་དཔུང་ཤ་ཡལ་བར་ཕྱོགས་ནས།

རྒས་པའི་སྤུ་ཁ་གཟེངས་ནས་ཡོང་ཚེ།

སྐྱོ་ཡང་སྐྱོ་ལ་སྐྲག་ཀྱང་སྐྲག་འོང་།

སྲིད་པ་འཁོར་བའི་ཐང་ཆེན་འདི་ན།

ལ་ལ་མདུང་འཛིན་ལ་ལ་གྲི་འཛིན།

རིགས་མི་གཅིག་པའི་མགྲོན་པོ་མང་བོ།

འདུ་བ་མང་ལ་བྲལ་བ་མང་ཨང་།

ང་ནི་ས་ཡི་རྩི་ཏོག་ཙམ་མོ།

རླུང་བུ་གཡུག་ཚེ་འདར་བ་མང་ཞིང་།

བ་མོ་ཆགས་དུས་མགོ་བོ་སྒུར་ནས།

ཉམ་ཆུང་རང་མདོག་གཞི་ནས་བསྟན་འོང་།

རྟེན་འབྲེལ་སྟོན་པའི་དུས་ཀྱི་འགྱུར་ལྡོག།

འགྱུར་བ་མེད་ལ་བསྒྱུར་ཐབས་དཀའ་བས།

རྨི་ལམ་འདྲ་བའི་མི་ཚེ་འདི་ལ།

ཐོབ་པ་མང་ལ་ཤོར་པ་མང་བ།

རྣམ་ཤེས་ནགས་ཀྱི་སྤྲེའུ་འདྲ་བོ།

དྲན་ཤེས་ཀྱོ་བ་རྣོན་པོས་མ་ཐུབ།

གཏད་སོ་མེད་ལ་སྡོད་ལོང་མེད་པར།

དགོས་མེད་གསོག་པའི་མགྲོན་པོ་ཡིན་འདུག།

བྱར་མེད་འཛིན་མེད་སྟོང་བའི་ངང་ལས།

ཅི་ཡང་སྣང་ལ་ཅི་ཡང་ཤར་ཚེ།

སྲིད་པའི་ལྕེ་དམར་རྐང་ལ་རྡེབ་བཞིན།

མི་ཚེ་དེ་ག་རང་དུ་ཟད་སོང་།

ད་ཡང་དགུན་གྱི་གྲང་རླུང་འོང་།

ལུས་ཀྱི་བ་སྤུ་གཞོགས་ཉལ་བྱས་འགྲོ།

གྱོན་པ་མཐུག་ཙམ་རྒྱབ་ལ་གོན་ནས།

ཇི་ལྟ་ཇི་ལྟར་འདུག་དགོས་བསམ་ཨང་།

 རྨི་ལམ་འཛིན་པ།

སྨུག་པས་རི་ལུང་བཏུམས་པའི་ཞོགས་པ།

སྐྱོ་བ་སྣོན་པའི་འཇིག་རྟེན་བྱེད་པོ།

ཟིན་མེད་ཚེ་ཡི་བལ་སྐུད་ཕྲ་མོ།

མེ་ལོང་ངོས་སུ་ཟིལ་བ་ཐོར་འདྲ།

དྲན་དྲན་འདྲ་བའི་མཛའ་བཤེས་མང་བོ།

བྱིའུ་བཞིན་དུ་རང་སར་འཕུར་ཅིང་།

ཐོས་འདོད་ཆེ་བའི་སྙིང་གཏམ་གང་མང་།

ཡུལ་གྱིས་བསྐལ་པའི་ས་རུ་ལུས་ཡོད།

བྱིས་པའི་འཚོ་བ་ཞེ་ལ་བཞག་ན།

དགོང་གའི་སྐར་མ་འཛིན་འདོད་ཆེ་ཡང་།

ལུས་ཀྱི་གྲིབ་སོ་ཚུར་ལ་འགུགས་དུས།

འཕྲུལ་བའི་མེ་ཏོག་དབྱིངས་སུ་བཏང་འགྲོ།

སྤྲིན་པ་འདི་ཡང་ལུས་ཀྱི་གོས་ཡིན།

གཙང་བོ་འདི་ཡང་བརྩེ་བའི་སྲོག་ཡིན།

ས་གཞི་འདི་ཡང་སྐྱོང་བའི་གཉེན་ཡིན།

ཞེས་པའི་ལས་འཕྲོ་ད་དུང་མང་ཨང་།

ལམ་ཕྲན་སྐྱ་མོའི་ཕ་གིའི་སྣེ་ན།

བོར་བའི་ལུས་པོ་རྗེས་སུ་བསྐྱུར་ཅིང་།

བསགས་པའི་ལས་རླུང་སྒོམ་དུ་བྱེད་པའི།

བར་དོའི་མགྲོན་རྣམས་གང་དུ་ཆས་སམ།

དེ་རིང་སྐྱི་ལ་སང་ཡང་སྐྱོ་བའི།

འདུ་བྱེད་ལུས་རྙི་ཐག་གཟེབ་ཏུ།

འགུལ་ཙམ་ཉིད་ནས་ཞེས་དེ་འོངས་པས།

གང་ལ་སེམས་ཀྱི་རྟེན་ཕུར་བྱ་དགོས།

རྟེན་འབྲེལ་སྟོན་པའི་གླེགས་བམ་གསེབ་ཏུ།

ང་ཡང་སྟོང་ལ་ཁྱེད་ཀྱང་སྟོང་ཡང་།

ཆགས་སྡང་ཚ་བ་འཁོར་བའི་ཐང་ཆེན།

ཁྱེད་ཀྱིས་བགྲོད་དཀའ་ངས་ཀྱང་བགྲོད་དཀའ།

བདག་གི་འཆར་ཡན།

ཡང་བའི་སེམས་ལ་རླུང་སྤུར་ནས།

མིག་གི་ཆུ་རིས་ཡོམ་པའི་ཚེ།

ཡིད་ལ་འགུལ་བའི་ལྗོན་པ་ནི།

ལོ་མ་ཞིག་གི་འཕུར་ས་ཡིན།

གྱ་གྱུའི་ཤུགས་ལྡན་གཙང་བོ་ཞིག།

བྱེ་ཐང་བརྒལ་ནས་དུབ་པའི་ཚེ།

ངག་གི་སྐྱོ་དབྱངས་གསིལ་བ་ནི།

རྣམ་ཤེས་གང་གི་འོད་ཟེར་རོ།

མི་སྨྲའི་བརྟུལ་ཞུགས་བཟུང་བ་ཡི།

མེ་ཏོག་ལྟ་བུའི་རལ་གྲི་གང་།

ཡིད་ལ་བསྣུན་པའི་བརྡ་ཐབས་སུ།

དཀོན་མཆོག་འབོད་པའི་ཕོ་ཉར་བཏང་།

གློ་བ་ཟིལ་བས་དཀར་བ་དང།

གདོང་ལ་དྲི་མས་ནོངས་བྱས་པའི།

སྐྱིད་ཆུའི་འགྲམ་གྱི་ཚངས་མགུར་ཞིག།

ཤེལ་ཕོར་གཏིང་ལ་ལྕེབས་ཏེ་ཐལ།

བདག་གི་མགྲིན་པ་འདར་བ་དང་།

ཁོང་གི་སྙིང་ཡང་འདར་བ་འདིས།

ཕ་གིའི་རྩིག་ངོས་ནག་པོ་ལ།

སངས་རྒྱས་སྟོང་གི་བྱིན་རླབས་འབྱུག།

ཞབས་གདུབ་ཕུད་པའི་རྗེ་བཙུན་མ།

ལམ་གྱི་དཀར་ནག་མཚམས་སུ་ནི།

ཡོན་པོའི་སྤྱན་ལ་འཐེང་བོའི་འགྲོས།

མཉམ་དུ་བསྡེབས་ནས་རྫི་གསང་དོད།

ཨེ་མ་ལུས་ཀྱི་རྩ་འདི་དང་།

རླུང་གི་བྱེད་ནུས་བསམ་མི་ཁྱབ་།

བསམ་མི་ཁྱབ་པའི་ངང་ཉིད་ལས།

ཡིད་ཀྱི་འཆར་སྣང་བསམ་མི་ཁྱབ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716