སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཚོར་བའི་འཆར་རིས།
སྤེལ་དུས། 2016-06-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  མདའ་ཚང་སྙེམས་གྲོལ།(མཚོ་སྔོན།)

རི་ནས་དེད་པའི་ཕྱེ་ལེབ་འཕྱོར་མོ།།

ལོ་མའི་རུམ་ནས་འཕག་འཕག་བྱས་པས།།

གཤོག་པའི་ཚོན་རིས་ཤར་མོ་ཤར་མོ།།

སེམས་པའི་ནང་གི་ཤ་ལ་ཟུག་བྱུང་།།

 

སྙིང་ལ་འཛུམ་འདྲའི་མཆུ་སྒྲོས་དམར་པོ།།

དུང་ཕྲེང་ནང་གི་རི་མོར་བརྐོས་པས།།

ཚེར་བའི་ཐ་སྙད་གྱེན་དུ་ལངས་ནས།།

སྒྱིད་པའི་ཉྭ་ལ་ལྗིད་ཅིག་ཕབ་སོང་།།

 

མཆིལ་མས་བདས་པའི་མྱི་ཁ་ནག་པོ།།

མི་དང་སྐྲ་ལོའི་སུལ་དུ་བྱེར་འདུག།

རྨི་ལམ་དེ་ཡང་འཆར་མཚམས་བཞག་ནས།།

གླེགས་བམ་སྟེང་ལ་སྨག་རུམ་འཁྲིགས་འདུག།

 

སྙིགས་མའི་ཐ་སྙད་འགའ་ཡི་ལོག་བརྡ།།

གོ་རིམ་འཁྲུག་པའི་ཟོལ་གྱིས་གཤར་བས།།

མིག་ཁར་འཕྱན་པའི་འོད་སྣང་དེ་ཡང་།།

ཝ་བྲོས་རྒྱག་པའི་ཚུལ་དུ་སྣང་སོང་།།

 

སྐྲ་ལོ་ནག་པོའི་མདངས་ཀྱིས་སྐྱེས་ཏེ།།

མགོ་འཕང་ཅུང་ཙམ་མཐོ་རུ་བཀྱགས་པས།།

ཨ་མའི་སྤྱན་བསིལ་སྙིང་ལ་བབས་ནས།།

མི་སྐད་དེ་ཡང་འཇགས་འཇགས་བྱས་སོ།།

 

སེམས་པའི་ནང་གི་ཕྱེ་ལེབ་ཁྲ་བོ།།

ཐོལ་གྱིས་ཐོལ་གྱིས་ལྡང་ཙམ་བྱས་ཚེ།།

གཤོག་པའི་ངོས་ཀྱི་ཐིག་ལེ་སྣུམ་པོ།།

སྣང་སྟོང་རྒྱུ་མའི་དམིགས་པར་འཁྲུལ་སོང་།།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716