སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ་ཏམ་བུ་རའི་རྒྱུད་མངས་ཞེས་པའི་སྒྱུ་རྩལ་ཁྱད་ཆོས་རགས་ཙམ་བརྗོད་པ།
སྤེལ་དུས། 2017-11-16   ཡོང་ཁུངས། ཟླ་ཟེར།   རྩོམ་པ་པོ།  ལྷ་རྒྱལ་ཚེ་རིང་།
          རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ་ཏམ་བུ་རའི་རྒྱུད་མངས་ཞེས་པའི་སྒྱུ་རྩལ་ཁྱད་ཆོས་རགས་ཙམ་བརྗོད་པ། 
          གཅིག རྩོམ་པ་པོའི་ལོ་རྒྱུས་མདོར་བསྟན་པ།
          ཀུན་གཟིགས་ལྔ་བ་ཆེན་པོ་བློ་བཟང་རྒྱ་མཚོ་མཆོག་ནི། ཡར་ལུང་འཕྱོངས་རྒྱས་ཡུལ་དུ་ཟ་ཧོར་གྱི་རིགས་ལས་ཡབ་མི་དབང་བདུད་འདུལ་རབ་བརྟན་དང་། ཡུམ་ཡར་འབྲོག་ཁྲི་དཔོན་གྱི་སྲས་མོ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བའི་མེ་སྦྲུལ་ཏེ་སྤྱི་ལོ 1617ལོར་སྐུ་འཁྲུངས། དགུང་ལོ་དྲུག་པ་ཆུ་བྱི་སྟེ་སྤྱི་ལོ 1622 ལོར་འབྲས་སྤུངས་སུ་གདན་དྲངས། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་གཙུག་ཕུད་བཞེས།མཚན་བློ་བཟང་རྒྱ་མཚོར་གསོལ། གླིང་སྨད་པ་དཀོན་ཆོག་ཆོས་འཕེལ་བསྟེན་ནས་བསྡུས་ཚད་ནས་བཟུང་པོད་ཆེནརྣམས་ཚེགས་མེད་དུ་མཁྱེན།པཎ་ཆེན་རིན་པོ་ཆེ་ལས་དབང་ལུང་མན་ངག་མང་དུ་གསན། སྨོན་འགྲོ་པཎྜི་ཏ་ཚེ་དབང་དོན་གྲུབ་ཡབ་སྲས་ལས་སྙན་ངག་དང་། སྒྲ། སྡེབ་སྦྱོར་སོགས་མཐར་ཕྱིན་པར་སྦྱངས། སྒྲ་ཡི་རི་མོ་ཡོངས་རྫོགས་རྒྱུགས་འཕྲོད་པའི་ཀུན་བཤད་ཀྱི་མཚན་ལ་འཇམ་དབྱངས་དགའ་བའི་བཤེས་གཉེན་ཞེས་བཏགས། སྡུམ་པོ་དོན་གྲུབ་དབང་རྒྱལ་དང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལས་སྐར་ནག་དབྱངས་འཆར་རྩིས་སོགས་གསན་ཏེ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར། དགུང་ལོ་ཉེར་གཉིས་པ་རབ་བྱུང་བཅུ་གཅིག་པའི་ས་སྟག་སྟེ། སྤྱི་ལོ་ 1638 ལོར་པཎ་ཆེན་རིན་པོ་ཆེར་བླ་ཆེན་གྱི་སྡོམ་རྒྱུན་ལས་བསྙེན་པར་རྫོགས། མཚན་ངག་གི་དབང་ཕྱུག་ཅེས་གསར་དུ་བསྣན་པའོ། །
          དགུང་ལོ་ཉེར་དྲུག་པེ་ཆུ་རྟ་སྟེ་སྤྱི་ལོར་ 1642 ལོར་གུ་ཤཱི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁྲི་སྐོར་བཅུ་གསུམ་མཆོད་གཞིས་སུ་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་གཞི་ཚུགས། དམར་པོ་རི་ལ་ཕོ་བྲོང་ཆེན་པོ་པོ་ཏཱ་ལ་བཞེངས། དགུང་ལོ་སོ་དྲུག་པ་ཆུ་འབྲུག་སྟེ་སྤྱི་ལོ 1652ལོར་འཇམ་དབྱངས་གོང་མ་ཤུན་ཊི་རྒྱལ་བོའི་བཀའ་བཞིན་པེ་ཅིན་དུ་ཕེབས། གོང་མས་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་པའི་གོ་མིང་དང་འཇའ་ས་གསེར་ཐམ་གནང་།གསེར་ཐམ་གྱི་ངོས་སུ་ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ག་ཞེས་རྒྱ་ཧོར་བོད་གསུམ་གྱི་ཡི་གེ་ཤན་སྦྱམ་དུ་བཀོད་ཡོད། ཆུ་སྦྲུལ་ལོར་རྒྱ་ནག་ནས་བོད་དུ་ཕེབས། གོང་དཀར་བཤད་སྒྲུབ་གླིང་ལེགས་པར་བཏབ།
          སྤྱིར་རྗེ་འདིས་པཎ་ཆེན་བློ་བཟང་ཆོས་རྒྱན་དང་། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བ། དབུ་མཛད་བསོད་ནམས་མཆོག་གྲུབ། ཟུར་ཆེན་ཆོས་དབྱིངས་རང་གྲོལ། རིག་འཛིན་གཏེར་བདག་གླིང་བ། སྨན་ལུང་པ་བློ་མཆོག་རྡོ་རྗེ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་བོ་བསྟེན་ནས་གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བཞེས་པར་མཛད། དབུས་གཙང་ཁམས་སོགས་ཀྱི་ཡུལ་དུ་ཆོས་སྡེ་གསར་བཞེངས་བགྲང་གིས་མི་ལང་། རབ་བྱུང་བསྙེན་རྫོགས་འབོགས་པའི་དགེ་སློང་ནི་ས་ཆེན་པོའི་རྡུལ་ལྟ་བུར་སྣང་། གསུང་རྩོམ་རང་ཉིདཀྱི་རྣམ་ཐར་དང་། བླ་མའི་རྣམ་ཐར། སྙན་ངག་གི་འགྲེལ་བ། གྱོལ་རབས་དེབ་ཐེར། མཚན་ཉིད་ཀྱི་ཡིག་ཆ། ལམ་རིམ་སོགས་ཕྱི་ནང་པོད་ཆེན་སུམ་ཅུ་བཞུགས་པ་དང་། རྡོ་རྗེ་ཕྲེང་བ་སོགས་དང་རྒྱུད་སྡེ་བཞིའི་དབང་ལུང་འཆད་སྤེ་ལ་གནང་བ་སོགས་ཆུ་བོ་གངྒཱའི་ཤར་ཕྱོགས་ཀྱི་བླ་ཆེན་དང་མི་ཆེན་ཕལ་མོ་ཆེ་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་སྣང་། གསར་ཕྱོགས་ལ་འཇམས་དབྱངས་མཁྱེན་བརྩེ་དང་། རྙིང་་ལུགས་ལ་བྱང་པ་བཀྲས་སྟོབས་ཀྱི་ལུགས་ཁོ་ན་ཐུགས་རྩིས་སུ་མཛད། འཁོར་ལོ་གསུམ་གྱི་ཕྱག་རྗེས། ཕྱི་ནང་གསང་གསུམ་གྱི་མཛད་པ་དང་རྣམ་ཐར་བསམ་གྱིས་མི་ཁྱབ། དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྟེ་སྤྱི་ལོ 1682 ལོར་སྐུ་གཤེགས་སོ། ། མདོར་ན། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ནི་གངས་ཅན་བོད་ཀྱི་བསྟན་སྲིད་ལ་མཛད་འཕྲིན་བླ་ན་མཐོ་བ་བཞག་པ་དང་། ནང་བསྟན་རིག་གནས་དང་རྩོམ་རིག་སྒྱུ་རྩལ་ལ་ཉམས་པ་མེད་པའི་མཛད་རྗེས་བཞག་གོ །
          གཉིས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་ཏམ་བུ་རའི་རྒྱུད་མངས་དང་དེའི་བརྗོད་དོན།
          ན་མོ་ཨཱ་རྱ་མཉྫུ་ཤྲི་ཡེ། མཁའ་ཁྱབ་དོན་དམ་ཆོས་སྐུ་ལྷ་ཡི་ལམ། །བཅུ་དྲུག་བདེ་ཆེན་མཚན་བཟང་དབང་བོའི་གཞུ། །གཉིས་མེད་གཉིས་སུ་འཆར་བའི་སྒྱུ་དྲའི་གར། །སྟོན་མཛད་འཇམ་མགོན་ཟུར་ཕུད་ལྔ་བར་འདུད། །ཆུ་སྐྱེས་འདབ་བརྒྱ་རྒོད་པའི་ཟེའུ་འབྲུའི་རྩེར། །རབ་གསལ་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་སྟེང་། །གུར་ཀུམ་རྡུལ་མང་བརྩེགས་པའི་ལྷུན་པོ་ནི། །ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པ་བཞིན། །བཅུ་དྲུག་ལང་ཚོ་དར་བའི་འཇོ་སྒེག་ཅན། །རྒྱལ་སྲས་གཞོན་ནུར་སྟོན་འདི་རིང་བོ་ནས། །རྣམ་འདྲེན་ཀུན་གྱི་ཡབ་ཅེས་རྒན་པོའི་མཚན། ། འཆང་བའི་གཏམ་འདི་ཐོལ་གྱིས་སྒྲིབ་པ་བཞིན། །མཚམས་སྤྲིན་གངས་ཀྱི་རི་བོ་པདྨ་རག ། མདངས་དབྱིབས་གཟུགས་སྐུའི་བཀོད་པ་བྱེ་བའི་ཚོགས། །མཐའ་མེད་འཁོར་བའི་རྒྱ་མཚོ་མ་བསྐམས་བར། །གྲངས་་མེད་འགྲོ་བའི་དོན་དུ་བསྟན་ལས་ཅི། །མིག་གི་བདུད་རྩིར་སྤྱོད་པའི་མཛེས་སྡུག་སྐུ། །ཕུན་ཚོགས་མཚན་དཔེའི་རི་མོ་བཀྲ་བ་གང་། །མཐོང་ཐོས་དྲན་དང་རེག་པས་རྣམ་གྲོལ་བ། །འདི་ཀོ་སྐལ་བཟང་གདུལ་བྱའི་བསོད་རྣམས་དཔྱིད། །དེ་དོན་རྟོགས་པའི་བློ་གྲོས་ཆེས་ཕྲ་རྣམས། །སྣ་ཚོགས་རིན་ཆེན་ཕྲེང་བའི་དོ་ཤལ་དང་། པཉྩལི་ཀའི་དར་གྱི་ཤམ་ཐབས་ལ། །བསྔགས་བརྗོད་དར་དིར་སྒྲོག་པ་ངལ་བའི་གནས། །སྲིད་ཞིའི་རྒུད་པ་མིག་སྨན་ལྟར་གནག་པ། །མཐར་བྱེད་ནཱ་དའི་སྒྲ་དབྱངས་རྟ་ལྗང་ཅན། །རྒོལ་ངན་སྨྲ་བའི་ཀུ་མུད་ཟུམ་པ་དང་། །དཔྱོད་ལྡན་བློ་གྲོས་པད་དཀར་འཛུམ་གྱིས་བསུ། །དམ་པའི་ཆོས་ཀྱི་རྒྱུད་མངས་འཁྲོལ་བའི་གླུ། སྐལ་བཟང་རྣ་བར་འཇེབས་པ་ཚངས་པའི་གསུང་། །ཆེས་ཆེར་རྨོངས་པའི་འགྲོ་ལ་བྲག་ཅའི་སྒྲ། །མིབཟད་བདུད་སྡེའི་སྙིང་ལ་ཚེར་མ་བཞིན། །ཆུ་ཀླུང་གཅིག་པ་སྣག་ཁྲག་བདུད་རྩི་སོགས། །སྣ་ཚོགས་དུ་མར་སྣང་ཞིང་དོན་བྱེད་པ། །ཀུན་རྫོབ་འཁྲུལ་བའི་ཆོས་ཀུན་དོན་དམ་དབྱིངས། །མ་རྙེད་དབུ་མའི་ལམ་བཟང་སྟོན་པ་བཞིན། །སྐད་ཅིག་ཙམ་ལ་རྒྱ་ཆེན་ཤེས་བྱའི་མཐའ། །འཇལ་ནུས་ཟས་ཡངས་ཐུགས་ཀྱི་རྒྱ་མཚོ་ཆེར། །གྲངས་མེད་ཆོས་ཀྱི་རི་བོང་འཛིན་པའི་གཟུགས། །མི་འཆར་ལྐོག་ཏུ་གྱུར་དེ་དག་རེ། །ཕུལ་བྱུང་ཐུགས་རྗེའི་ལངྐའི་དག་པོའི་གཟུགས། བློ་ལྡན་སྙིང་གི་རིན་ཆེན་རྩིག་ངོས་ལ། །ཤར་ཚེ་ལྔ་རིག་ཧ་ནུ་མན་གང་། །དགའ་བའི་ཟློས་གར་སྒྱུར་ལ་ཅི་ཡང་བྲེལ། །ཆོས་བརྒྱད་འབོད་སྒྲོགས་འཕྲུལ་གྱིས་ཉེར་དྲངས་པའི། དམ་པའི་ཆོས་ཀྱི་སི་ཏཱ་འདོར་བྱས་ནས། །འདིར་སྣང་རི་དྭགས་སྙེག་ལ་མགོན་ཁྱོད་ཀྱིས། །མི་ཕན་བྱང་བསྟན་ཕུག་པར་ཉི་གཟེར་བཞིན། ། གཏན་གྱི་སྐྱབས་སུ་གསོལ་ན་སྨོས་ཅི་འཚལ། །ཅུང་ཟད་དྲན་པས་ཕན་བདེའི་ལེགས་ཚོགས་རྣམས། །སྩོལ་མཛད་འདོད་པའི་རེ་སྐོང་དབང་གི་རྒྱལ། །སྔོན་མེད་ཡིད་བཞིན་ནོར་བུ་གཞན་ན་སུ། །འགྲོ་བའི་དབང་བོར་འཚམ་པའི་འཕྲིན་ལས་ཀྱི། །ཕ་མཐའ་ཀུན་གསལ་བུ་མོའི་འགྲམ་པ་ལ། །འཇལ་བྱེད་འཛད་པ་མེད་པའི་ཞགས་པ་ཡིས། །སྲིད་དང་ཞི་བའི་དངོས་ཀུན་གཅིག་ཏུ་བཅིངས། །ཕྲ་ཞིབ་རྣམ་པར་དཔྱོད་པའི་མཁྱེན་པའི་སྤྱན། །དཀྱུས་རིང་ཟུར་གྱིས་འཕངས་པའི་ཉག་ཕྲན་གྱིས། །མཐའ་མེད་ཁེངས་ལྡན་ཤེས་བྱ་ལུས་ཕྲ་མ། །ཀུན་ཡིདགའ་བའི་འཛུམ་དང་བཅས་ཏེ་བསུ། །བརྩེ་ཆེན་དཔྱིད་ཀྱི་དཔལ་མོའི་མངལ་ཡངས་ནས། ལྷག་བསམ་ཆུ་འཛིན་གསར་བའི་ལང་ལོང་ཅན། །རླབས་ཆེན་སྤྱོད་པ་མཆོག་གི་ཆར་རྒྱུན་གྱིས།ཕན་དང་བདེ་བའི་མྱུ་གུ་གཡུར་དུ་ཟ། །དབང་ཕྱུག་མིག་ལས་སྦར་བའི་མེ་དཔུང་གིས། །ཉག་ཕྲན་བདག་པོ་བཅོམ་པ་ངེས་པར་རྫུན། །བདེན་ན་ཁྱོད་ཀྱི་ནུས་མཐུའི་ཐོག་མདའ་ཡིས། ། ནག་པོའི་ཕྱོགས་རྣམ་ས་ཅིག་ཅར་བཅོམ་མིན་ནམ། །ཁྱོད་དང་མ་ལ་ཡར་སྐྱེས་ལྗོན་པ་གཉིས། །མི་ཤེས་ཚ་གདུང་འཇོམས་ལ་མཚུངས་ན་ཡང་། །མགོན་ཁྱོད་ཉེས་པའི་སྐྱོན་བྲལ་ངག་གི་ལྷ། །ཙན་དན་ཤིང་དེ་གདུག་པའི་སྦྲུལ་གྱིས་འཁྲིལ། །ཨེ་མ་ངོ་མཚར་མཁའ་ལ་ཉི་ཟླ་ཟུང་། །ཆོས་བཟང་ལྷ་ཡི་མདུན་སར་མིག་སྟོང་ཅན། །གྲངས་མེད་རྐང་འཐུང་ཁྲོད་ན་ཡོངས་འདུའི་ལྗོན། །རྒྱལ་སྲས་འཕགས་ཚོགས་དབུས་་ན་འཇམདབྱངས་ཁྱོད། ། མཆོག་དམན་ཀུན་ལ་ཉེ་དང་རིང་མེད་པར། །གསོལ་བ་བཏབ་པ་ཙམ་གྱིས་འབོ་་པའི་དོན། །ལྷུན་གྲུབ་རེ་བ་མ་ལུས་སྐོང་བྱེད་པའི། །ཡིད་བཞིན་ནོར་བུ་ཀླུ་དབང་གཙུག་ན་མཛེས། །རྣམ་པར་འབྱེད་པའི་ཤེས་རབ་རལ་གྲི་ཡིས། །མི་ཤེས་རྨོངས་པའི་དྲ་བ་བཅད་པ་དང་། །ལྷན་ཅིག་འཁོར་བ་སྡུག་བསྔལ་ཀུན་གྱི་རྒྱ། །དྲལ་ཏེ་འགྲོ་རྣམས་བདེ་བ་ཆེན་པོར་འཁྲིད། །གང་གི་གསང་གསུམ་བྱིན་རླབས་བདུད་རྩིའིརྒྱུན། །སྐྱེ་དགུའི་ཡིད་ཀྱི་ཡོལ་གོར་འཁྱིལ་བ་ན། །བཤེས་ལྡན་དད་པའི་བསྟོད་བསྔགས་ཟིལ་མངར་ཆུ། །མགོན་
ཁྱོད་ཐུག་ས་ཀྱི་པདྨའི་ཟེའུ་འབྲུར་འབབ། །མཐའ་བྲལ་རླབས་ཆེན་མཛད་པ་མཆོག་གི་ནོར། །ཕྱུར་བུར་སྤུངས་པ་གཅིག་ཏུ་ཤོང་བའི་སྣོད། །སྤྲུལ་ལ་འཇིག་རྟེན་མེས་པོ་ངལ་གྱུར་ན། །སྲིད་གསུམ་འདི་ཡང་ད་དུང་ཆུང་ངུར་ཁུམས། །ཆོས་ཕུང་རྒྱ་མཚོར་ཤར་བའི་པུསྟི་ཀ། །ཕྲག་གོང་ཨཏྤལ་འདབ་སྟེང་མངོན་ཆགས་པ། །བལྟ་ཕྱིར་ལྷུན་པོས་ཉི་ཟླའི་སྒྲོན་མེ་ཟུང་། །བཏེགས་ནས་ངལ་མེད་ལྟ་བར་ཆས་པ་བཞིན། །ཐབས་ཤེས་ཟུང་འཇུག་རྒྱུད་ལས་དྲངས་པའི་མདས། ། གཏི་མུག་སྙིང་ག་ཕུག་པའི་ཁྲག་གི་རྒྱུན།  
          འགྲོ་ལ་རྗེས་ཆགས་དམར་བའི་འོད་གཟི་ལ། །ཐུན་མཚམས་མདངས་སུ་བྱེད་པོས་བཏེགས་སམ་སྙམ། །རྒོད་མ་ཁ་ལ་འགྲན་བཟོད་ཞབས་སེན་གྱིས། །འཇམ་མཉེན་ཆུ་སྐྱེས་འདབ་མ་སྲེག་གོ་ཞེས། །རི་བོང་འཛིན་དེ་ཚ་བའི་གདུང་སེལ་སླད། །མཁའ་ལས་བབས་ནས་སྟན་དུ་འོང་བ་བཞིན། །ཆོས་ཀུན་མཁྱེན་ཡང་སློབ་པ་འཕགས་པའི་ཚུལ། །དྲང་བོའི་སྐུ་ཡང་འཁྱོག་པོའི་འགྱིང་བག་ཅན། །ཞི་ཞིང་དུལ་ཡང་བདུད་སྡེའི་ཚོགས་ལ་ཁྲོ། །ཀུན་ལ་བརྩེ་ཡང་སྐལ་ལྡན་རྗེས་སུ་འཛིན། །མགོན་ཁྱོད་ཐུགས་རྗེའི་ཟེགས་མ་མ་འདྲེས་པའི། །ལུས་ཅན་རྣམས་ལ་འཇུག་ས་རྫུན་གཏམ་སྟེ། །ཙནྡྲ་གོ་མི་མཁས་པའི་མཐར་སོན་ཡང་། །ད་དུང་སྐྱེ་དགུ་ཕལ་ཆེར་རྣམ་པར་རྨོངས། ། འགྲོ་ཀུན་འཛུམ་གྱིས་བསུ་བའི་ཞལ་ཁྱིམ་ལ། །གུར་ཀུམ་གསར་བའི་མདངས་ལ་དམར་འོད་ཅན། ། འཁོར་བའི་རོ་ལ་འཚོལ་བའིསྤྱན་གྱི་དཀྱུས། །སྲིད་དང་ཞི་བའི་མཐའ་ལས་རྣམ་པར་བརྒལ། །ཡིད་འོང་གདུབ་སིལ་འཁྲོལ་བའི་སྙན་པོའི་སྒྲ། །རྣ་བའི་བདུད་རྩིར་བྱེད་པའི་འོད་དཀར་ཅན། །ཡིད་བཞིན་འོ་མའི་རྒྱ་མཚོ་འཁྱིལ་བའི་དབུས། །རྩེད་འཇོར་རོལ་བའི་འདབ་ཆགས་ངང་བ་སུ། །རྒྱལ་བ་རྣམས་ཀྱི་མཁྱེན་པའི་ཕུང་བོ་དང་། །ཁྱོད་ཀྱི་རྣམ་པར་ཡངས་པའི་བློ་གྲོས་གཉིས། །འཇིག་རྟེན་མེས་པོས་སྲང་ལ་བཏེགས་པ་ན། །ལྕི་དང་ཡང་བའི་གོ་སྐབས་མེད་འདི་མཚར། །དཔལ་ལྡན་སྟོབས་བཅུའི་རྩལ་འཆང་འདྲེན་པ་ཀུན། །ཀུན་དགའི་ལེགས་བཤད་སྤེལ་ཕྱིར་རྒྱལ་བའི་སྲས། །སྲས་བཅས་རྣམས་ཀྱི་གཙུག་ན་མཐོ་བའི་ལྷ། །ལྷ་མཆོག་འཇམ་དཔལ་དབྱངས་ཞེས་གྲགས་པ་འབར། །ངག་གི་དབང་བོ་དབང་ཕྱུག་བརྒྱད་ལྡན་པ། །ཐམས་ཅད་མཁྱེན་དེ་མཁྱེན་བརྩེ་ནུས་པའི་དཔྱིད། །སྒྲིབ་གཉིས་ལས་བྲལ་ལས་ཅན་འགྲོ་བའི་མགོན། །མཆོག་གི་དངོས་གྲུབ་དངོས་སུ་སྩོལ་ལ་མཁས། །མཚམས་སྤྲིན་མདངས་འཛིན་འཛིན་མ་ཡོངས་ཀྱི་རྒྱན། །རྒྱན་ཕྲེང་གིས་མཛེས་མཛེས་སྡུག་གཞོན་ནུའི་གཟུགས། །གཟུགས་སྐུ་ངོ་མཚར་མཚར་སྡུག་འཛིན་པའི་མགོན། །མགོན་པོ་འཇམ་དབྱངས་དབྱངས་བདུན་ལེགས་བཤད་འཁྲོལ། །དུང་དུང་ཡིད་ཀྱིས་རྟག་ཏུ་ལྷར་བསྟེན་ན། །བརྟན་བརྟན་སྙིང་གི་པད་མཚོར་ལེགས་ཞུགས་ནས། །འགྲིག་འགྲིག་གསུང་གི་སྣང་བ་ལེགས་སྩོལ་ ཞིང་། །ཡང་ཡང་ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་མཛད། །ལྡེམ་ལྡེམ་པདྨའི་འདབ་མ་རྒྱས་པའི་དབུས། །དཀར་དཀར་ཆུ་ཤེལ་དབང་བོའི་དཀྱིལ་འཁོར་སྟེང་། །མཛེས་མཛེས་གཅིག་ཏུ་བསྡུས་པའི་མཚན་དཔེའི་སྐུ། །གསལ་གསལ་ཀུན་རྟོག་པིར་གྱིས་ཅི་ཡང་འབྲི། །ཕ་མཐའ་མི་མངོན་ཚང་ཚིང་རྣམ་པར་འཁྲིགས། །ཁ་དོག་རབ་དཀར་ཁ་བའི་རེག་བྱས་གདུངས། །ཚ་གྲང་མི་སྙོམས་ཐ་ག་པ་ཡི་ཡུལ། །ཋ་ཀ་ར་ལ་འཐོབ་བྱར་འཛིན་པ་རྣམས། །མི་ཤེས་རྨོངས་པའི་མུན་པས་ཉེར་བསྒྲིབས་པས། །མུ་མེད་སྡུག་བསྔལ་རྒྱ་མཚོའི་རྒྱུ་སྒྲུབ་པར། །མེ་ཏོག་བཅུད་ལ་བུང་བ་ལྟར་འཁོར་བའི། །མ་ལུས་འགྲོ་བ་དྲོངས་ཤིག་འཇམ་དཔལ་དབྱངས། །ཀ་མ་ལ་ལྟར་འཇམ་ མཉེན་གཟུགས་ཀྱི་སྐུའི། །ཁ་དོག་རྣམ་པར་བཀྲ་བའི་བཀོད་པ་དང་། །ག་བུར་ངད་ལྟར་གདུང་སེལ་ཐུགས་རྗེའི་ཕྱག ། ང་རྒྱལ་ཅན་གྱི་འགྲོ་བའི་གཙུག་ན་ཁྱོངས། །ཅ་ཅོ་ལེགས་པར་བཤད་པའི་དབྱངས་སྙན་པོ། །ཆ་ཤས་རེས་ཀྱང་ཡིད་དང་རྣ་བ་ལ། །ཇ་དཀར་བཏུང་བས་རིག་པའི་མདངས་གསལ་ལྟར། །ཉ་རྒྱས་ཟླ་ལྟར་བློ་གྲོས་འཕེལ་བར་མཛོད། ཏ་ལའི་གླེགས་བམ་རྒྱ་གར་མཁས་པའི་གཞུང་། །ཐ་ན་ཆུང་ངུའི་དཀའ་གནད་ཙམ་ལ་ཡང། །ད་ལྟ་ཐོགས་མེད་སྨྲ་བའི་སྤོབ་ས་པ་མཆོག ། ནཱ་གཱ་རྫུ་ནའི་རྣམ་དཔྱོད་ལྟར་མཚུངས་མཛོད། །པ་སངས་ལྟར་དཀར་མཁས་པའི་བྱ་བ་ཀུན། །ཕ་རོལ་རྒོལ་བ་ཟིལ་གྱིས་གནོན་ནུས་པ། །བ་གླང་དབུས་ན་ཁྱུ་མཆོག་ཇི་བཞིན་དུ། །མ་ལུས་ཤེས་ལྡན་རྣམས་ཀྱི་མགོན་དུ་མཛོད། །ཙ་ན་ཡིན་ཀྱང་དངོས་སུ་ཞལ་བསྟན་ནས། །ཚ་ཟེར་སྤྱན་དང་པདྨ་ཇི་བཞིན་དུ། །ཛ་ཡའི་གསུང་རབ་ཀུན་ལ་ལྟ་བའི་མིག །ཝ་ལེར་གསལ་བའི་ཤེས་རབ་གསལ་བར་མཛོད། །ཞ་ཡིག་ལྟར་འཁྱིལ་འཁོར་བའི་རྒྱ་མཚོའི་ནང་། །ཟ་བྱེད་ཉོན་མོངས་ཆུ་སྲིན་གདུག་པས་གཅེས། །འ་འུར་མི་བཟད་སྡུག་བསྔལ་ལྡན་པ་རྣམས། །ཡ་མཚན་དག་པའི་ཞིང་དུ་ཁྱོད་ཀྱིས་དྲོངས། ། ར་བ་མེད་པའི་ཕུག་པའི་བླུན་སྒོམ་དང་། །ལ་ལུང་འཁྱམ་པའི་རྟོག་གེ་ཁ་བཤད་མཁན། །ཤ་ཁྲག་སྡུག་ལ་རོལ་བའི་ཀླ་ཀློའི་སྡེ། །ས་ཡི་རྡུལ་ལྟར་ཁྱབ་རྣམས་རྗེས་སུ་ཟུངས། །ཧ་ཅང་དུས་ངན་སྙིགས་མའི་མཐར་ཐུག་འདིར། །ཨ་དོན་སྐྱེ་མེད་རྟོགས་པ་ཉིན་དཀར་ཙམ། །ཧ་ལའི་དུག་འདྲའི་གནས་ངན་ལེན་གྱི་རྒྱུ། ། ཨ་མྲའི་འབྲས་ལྟར་མྱོང་རྣམས་རྗེས་བརྩེར་མཛོད། ། དེ་ལྟར་དུས་གསུམ་རྒྱལ་བ་ཀུན་གྱི་ཡབ། །རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་ངག་གི་ལྷ། །དྲན་པས་རྣམ་འདྲེན་རིན་ཆེན་གླིང་མཆོག་ཏུ། །འཁྲིད་པའི་དེད་དཔོན་བརྟན་པའི་འཁོར་ལོ་དགོངས། །མི་་འཕྲོག་དད་པའི་ཤིང་རྟས་རབ་དྲངས་པའི། །ཤུགས་དྲག་སྨོན་ལམ་དཀྱིལ་འཁོར་རྟ་ལྗང་ཅན། །སྙན་འགྱུར་ཚིག་གི་མཁའ་ལ་ཉེར་འཕགས་ན། །ཐུགས་རྗེའི་པད་དཀར་འདབ་མ་འཛུམ་ལས་ཅི། །བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །ཉོན་མོངས་དུག་གསུམ་དྲག་པོའི་ནད་ཀྱིས་གཙེས། །གནས་ངན་ལེན་པའི་རྒྱུ་ཡི་ཁུར་ཆེན་བླངས། །བླང་དང་དོར་བྱར་ལྟ་བའི་བློ་མིག་ལྡོངས། །མངོན་མཐོ་ངེས་ལེཊ་ལམ་ལས་རྒྱབ་ཀྱིས་ཕྱོགས། །མི་བཟད་ངན་སོང་གཡང་སར་གོམ་པ་འཕྱན། །དགེ་བའི་ལས་ཀྱི་འཁར་བའི་རྟེན་དང་བྲལ། །ཉམ་ཐག་སྙིང་རྗེའི་གནས་སུ་གྱུར་རྣམས་ལ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་མི་འཛིན་ན། །གཏན་གྱི་སྐྱབས་གནས་དམ་པ་སུ་ལ་རེ། །བདག་གཞན་བརྗེ་བའི་བྱང་ཆུབ་སེམས་ལྡན་པའི། །སྙན་པའི་གཏམ་ཡང་མིང་གི་ལྷག་མར་ཟད། །ཆེས་ཆེར་སྙིགས་མ་ལྔ་ཡིས་ཉེར་སྦགས་པས། ། ཧ་ཅང་གདུལ་བར་དཀའ་ཞེས་བཏང་སྙོམས་སུ། །འཇོག་ན་བགྲོད་པར་དཀའ་བའི་ཆུ་བོ་ལ། །མི་ཕན་གྲུ་དང་ཟ་བས་ཅི་ཞིག་བྱེད། །འགྲོ་བའི་ཁམས་དང་བསམ་པ་བགོ་ལ་ཉལ། །ཇི་བཞིན་རྟོགས་ནས་རྗེས་སུ་འཛིན་པ་ལ། །རྨད་བྱུང་མཁྱེན་པའི་ཡོན་ཏན་མཐའ་ཡས་པ། །རྒྱལ་སྲས་དམ་པ་ཁྱོད་ལ་ལྷག་མར་མངའ། །འགྲོ་བ་ཀུན་ལ་རང་གི་བུ་གཅིག་ལྟར། །རྣམ་ཕར་བརྩེ་བས་ཅུང་ཟད་ཙམ་དུ་ཡང་། །ཡལ་བར་མི་འདོར་སྙིང་རྗེ་ཆེན་པོ་ནི། །རྗེ་བཙུན་ཁྱོད་ཀྱི་རྒྱུད་ལ་རྟག་ཏུ་ལྡན། །གཞན་ལ་ཕན་ན་དམྱལ་བའི་མེ་དོང་དུ། །འཇུག་པ་མཚོ་དང་རྫིང་བུར་ངང་བ་ལྟར། །དགའ་ཞིང་སྤྲོ་བའི་ནུས་ལྡན་ལྷག་པའི་སེམས། །འཕགས་ཆེན་དམ་པའི་ཡུལ་ལས་གཞན་དུ་ཅི། །སྐྱེ་དགུའི་མགོན་སྐྱབས་དངུལ་དང་གཉེན་གྱུར་པའི། །ཡོན་ཏན་ཀུན་ཚང་དམ་པ་ཁྱེད་ནོམས་ཀྱིས། །འགྲོ་རྣམས་ཡལ་བར་འདོར་ན་སྐྱབས་གནས་མཆོག །གསུང་རབ་་མང་ བར་བཤད་པ་རྫུན་དུ་བས། །དེ་ཕྱིར་ཤུགས་རྗེ་ཆེན་པོའི་ཞགས་པ་ཡིས། །ལུས་ཅན་མཐའ་དག་མི་གནས་མྱང་འདསབམཆོག ། རང་གཞན་དོན་གཉིས་གྲུབ་པའི་གཏན་བདེའི་གཞིར། །ཁྲིད་ཅིག་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས། །ལུགས་གཉིས་ཨུཏྤལ་འཁྲིགས་པ་རྫིང་བུ་ལ། །རྨོངས་པའི་གླང་ཆེན་རྒྱུ་བའི་གོམ་སྟབས་ཀྱིས། །ཕན་བདེའི་ཡལ་འདབ་འདམ་ལྟར་རྫི་བ་ལ། །དྲན་འཛིན་ལྕགས་ཀྱུས་ཐུལ་ཞིག་འཇམ་དཔལ་དབྱངས། །མེ་ཏོག་མདའ་ཡིས་དགེ་བའི་སེམས་ཀྱི་སྙིང་། །མངོན་པར་ཕུག་པའི་རི་དྭགས་ཤ་ར་ཁྱུ། །ཕུལ་བྱུང་བྱིན་རླབས་དཔྱད་ཀྱིས་རབ་ཕྲལ་ནས། །ལོག་སྤྱོད་ཟུག་རྔུ་ཆོམས་ཤིག་འཇམ་དཔལ་དབྱངས། །སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང། །སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་གཞུང་། །སྐར་རྩིས་བཅུ་ཕྲག་རིག་པའི་གནས་རྣམས་ཀུན། །འཆད་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་དཔལ་དབྱངས། །མཐའ་ཀླས་གཙུག་ལག་མངོན་པར་འཁྱིལ་བའི་ཆུ། །ལོག་རྟོག་ཉེས་བཤད་རྙོག་མའི་ལང་ལོང་ཅན། །རིགས་ལམ་ནོར་བུ་ཀེ་ཏ་ཀས་དྲུའས་པའི། །རྩོད་པའི་རྣམ་དཔྱོད་སྩོལ་ཅིག་འཁྲོམ་དཔལ་དབྱངས། །ཕྱི་ནང་གསང་བའི་གཞུང་ལུགས་མ་ལུས་པ། །ཉུང་དུ་སྤེལ་དང་རྒྱ་ཆེན་སྙིང་པོར་བསྡུ། །མ་ཚང་ཁ་འགེངས་ཤབ་དཀྲུགས་སྡེབ་པ་སོགས། །རྩོམ་པའི་རྣམ་དཔྱོད་སྩོལ་ཅིག་འཇམ་་དཔལ་དབྱངས། །བློ་གྲོས་དྲི་མ་མེད་པའི་ཨཱ་དརྴར། །ཅུང་ཟད་ཙམ་ལ་གསུང་རབ་བྱེ་བ་འི་གཟུགས། །ཐོགས་མེད་འཆད་པའི་འཛིན་དང་མི་བརྗེད་པའི། །གཟུགས་ཀྱི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །ཕྱོགས་རེས་མི་ངོམས་ལེགས་པར་བཤད་པའི་ཚིག ། ལུས་ཕྲའི་འགྲམ་པའི་ཆང་གི་ཐིགས་པས་ཀྱ་ར་། །ཡོན་ཏན་ཀུ་ལ་ཡི་ཁ་འབྱེད་པའི། །ཐོས་པའི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །སྡེ་སྣོད་གསུམ་དང་རྡོ་རྗེའི་རྣལ་འབྱོརཤོགས། །ཟབ་མོའི་ལམ་རྣམས་རྒྱུད་ལྡན་བླ་མ་ཡི། །མན་ངག་ཇི་བཞིན་ཉམས་སུ་རབ་ལེན་པའི། །སྒོམ་པའི་དངོས་གྲུབ་སྩོལ་ཅིག་འཇམ་དཔལ་དབྱངས། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་ཕ་མཆོག ། དབྱར་གྱི་ལྗོན་པའི་ལོ་འདབ་ལྟར་རྒྱས་ཤིང་། །སེམས་ཅན་མཐའ་དག་སྐྱིད་པའི་གྲིབ་བསིལ་ལ། །ཡུན་རིང་འཚོ་ཞིང་སྤྱོད་ཅིག་འཇམ་དཔལ་དབྱངས། །གསོལ་འདེབས་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། །དུས་གསུམ་དགེ་བའི་སྒྲ་དབྱངས་སྙན་པོ་ཅན། །འགྲོ་རྣམས་ཡིད་ཀྱི་གདུང་སེལ་བདུད་རྩིའི་བཅུད། །རྒྱལ་ཀུན་མཆོད་པའི་རོལ་མོས་མཉེས་གྱུར་ཅིག །
          ཅེས་འཕགས་པ་འཇམ་དཔལ་དབྱངས་ལ་བསྟོད་པ་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་ཏམྦུ་རའི་རྒྱུད་མངས་ཞེས་བྱ་བ་འདི་ནི་དགའ་ཞིང་ཆོས་རྗེ་རྒྱ་ཡག་རབ་འབྱམས་པ་གྲགས་པ་རྒྱལ་མཚན་དང་། ཟུང་ཆོས་རབ་འབྱམས་པ་འཕྲིན་ལས་སོགས་ཀྱིས་བསྐུལ་ངོར།སློབ་དཔོན་དཎྚིའི་གཞུང་ལུགས་ལ་སྦྱངས་ནས་ཅུང་ཟད་ཤེས་པ་ལ་བརྟེན། སྙན་ངག་མཁན་པོར་རློམ་པ། ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུཏྭི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། མིང་གཞན་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ། ཚངས་སྲས་བཞད་པའི་རྡོ་རྗེར་འབོད་པའི་ལྡོམ་བུ་པས། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་ཀྱི་ཉིན། རྒྱ་ནག་གི་སའི་ཆ་རི་བོ་རྩེ་ལྔ་དང་ལེ་བར་བདུན་བརྒྱས་བར་ཆོད་པའི་ཕོ་བྲང་པེ་ཅིང་གི་ཉེ་འདབས་སུ་ཇ་སྦྱོར་གསུམ་གྱི་ཡུན་ལ་གྲུབ་པར་སྦྱར་བའོ། །
          གསུམ། རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་ཏམ་བུ་རའི་རྒྱུད་མངས་ཀྱི་བསམ་བློའི་ནང་དོན།
          དེ་ཡང“རྗེ་བཙུན་འཇམ་པའི་དབྱངས་ནི་འཇམ་དཔལ་གྱི་ཞིང་མདོར། བསྐལ་བ་འདིའི་སྔོན་རོལ་ཏུ་འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་བྱ་བར་འཁོར་བསྒྱུར་ནམ་མཁའི་སྐྱེ་བ་བཞེས་ཚེ་སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་དྲུང་དུ་སེམས་བསྐྱེད་པ་དང་།གཞན་ཡང་སངས་རྒྱས་རིན་ཆེན་སྙིང་པོའི་སྤྱན་སྔར་སེམས་བསྐྱེད་ཅིང་ཞིང་སྦྱོང་བའི་སྨོན་ལམ་ཆེན་པོ་བཏབ་པར། སངས་རྒྱས་དེ་ཉིད་ཀྱིས་སངས་རྒྱས་ཀུན་ཏུ་གཟིགས་པ་ཞེས་བྱ་བར་ལུང་བསྟན། དེ་ནས་བྱ་དཀའ་ལ་གྲངས་མེད་པའི་སྤྱོད་པ་ཉམས་སུ་བླངས་པའི་ཚེ་ཇི་ལྟར་མཛད་པ་ནི། འཇམ་དཔལ་རྣམ་རོལ་དང་། འཇམ་དཔལ་གནས་པའི་མདོ། བྱམས་པ་སེང་གེ་སྒྲའི་ལེའུ། བློ་གྲོས་བཟང་མོས་ཞུས་པ། བློ་གྲོས་རབ་གསལ་གྱིས་ཞུས་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ། འཇམ་དཔལ་རྩ་རྒྱུད་སོགས་མདོ་རྒྱུད་མང་པོར་རྒྱ་ཆེ་བར་གསུངས་པ་ལྟར་རོ། །བདག་ཅག་གི་སྟོན་པ་སྔོན་ཚོང་དཔོན་གྱི་བུ་དྲི་མེད་དཔུང་བར་གྱུར་པ་ན་འཇམ་དཔལ་ཆོས་སྨྲ་བ་ཡེ་ཤེས་རྒྱལ་བོར་གྱུར་པས་བྱང་ཆུབ་ཏུ་སེམས་ཐོག་མར་བསྐྱེད་དུ་བཅུག་པས། སྟོན་པས་ཀྱང་འཇམ་དཔལ་ནི་ངའི་སློབ་དཔོན་ཡིན་ཞེས་གསུངས་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་དང་པོར་སེམས་བསྐྱེད་པ། བར་དུ་ཚོགས་གསོག་པ། ཐ་མར་ཆོས་འཁོར་བསྐོར་བའི་གནས་སྐབས་ཐམས་ཅད་དུ་སློབ་དཔོན་ལྟ་བུའི་མཛད་པ་མཛད་པས་ན་རྒྱལ་བ་ཀུན་གྱི་ཡབ་ཏུ་བསྔགས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་སུ་མ་སྐྱེས་དགྲས་ཕ་བསད་པ་དང་། གཞན་ཞིག་གིས་མ་བསད་པ་ལ་འདིའི་སྤྲུལ་བས་དགྲ་བཅོམ་པ་ཐོབ་པར་བྱས་པ་དང་། མཉན་ཡོད་དུ་མུ་གེ་བྱུང་ཚེ་བདུད་ཀྱི་གནོད་པ་ཚར་བཅད་པ་དང་། གཅེར་བུ་མའི་བུ་གང་པོས་ཟླ་བ་གསུམ་གྱི་རིང་ལ་ཆོས་བསྟན་པས་མ་སྨིན་པ་འདིའི་སྤྲུལ་བས་དེའི་འཁོར་ལྔ་བརྒྱ་དང་བཅས་པ་སྐད་ཅིག་ལ་ཐེག་ཆེན་གྱི་བདེན་པ་ལ་བཀོད་པ་དང་། འཇམ་དཔལ་གཤིན་རྗེ་གཤེད་དུ་སྤྲུལ་ཏེ་གཤིན་རྗེ་ཡབ་ཡུམ་འཁོར་བཅས་བསྟན་སྲུང་དུ་བཀོད་པ་སོགས་བགྲང་དུ་མེད། མཐར་འཚང་རྒྱ་བའི་ཞིང་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཡང་དག་བསགས། དེའི་དྲུང་ན་བདེ་བ་ཅན་གྱི་སྣོད་བཅུད་ནི་ཆུ་ཐིགས་ཕྲ་མོ་དང་མཚུངས་ཏེ། དེར་འཇམ་དཔལ་མ་གཏོགས་པའི་སངས་རྒྱས་གང་གིས་ཀྱང་རྔོ་མི་ཐོགས་པར་གསུངས།
          མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྷའི་བཞིན་ལག་ཏུ་ཤར་བ་ཡིན་པས། འདི་ལ་བརྟེན་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་རབ་འཕེལ་བ་དང་། ཁྱད་པར་དུ་རྣམ་པར་ཐར་བའི་སྒོ་གསུམ་ལ་སོགས་པའི་མཁྱེན་རབ་རྒྱུད་ལ་སྐྱེ་སླ་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཟབ་གསལ་མྱུར་བའི་ཤེས་རབ་ཀྱིས་སྤོང་བར་འགྱུར་བ་སོགས་ཀྱི་ཕན་ཡོན་འཇམ་དཔལ་གྱི་ཞིང་མདོ་སོགས་ལས་རྒྱས་པར་གསུངས་པ་ལྟར་ཏེ། མཁས་པ་དང་གྲུབ་པའི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་ལྷ་འདིའི་འཕྲིན་ལས་ལས་བྱུང་བ་དང་འབྱུང་བ་དང་། བོད་ཀྱི་འཇམ་དབྱངས་རྣམ་གསུམ་དང་། ས་སྐྱའི་རིན་ཆེན་བདུན་བརྒྱུད། དགེ་ལྡན་གཙང་བ་བདུན་བརྒྱུད། །ཁྱད་པར་དུ་རྗེ་བླ་མ་བློ་བཟང་གྲགས་པ། མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱང་ལྷ་འདིའི་ཆེ་བ་ཁོ་ན་ལས་བྱོན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་དངོས་གྲུབ་ཐམས་ཅད་ལྷ་འདི་བས་ལྷག་པ་ཞིག་ལས་འབྱུང་བ་ཡང་མེད་ཅེས་ཤེས་པར་བྱའོ། །འཇིག་རྟེན་འདིའི་དབང་དུ་བྱས་ན་གདུལ་བྱའི་ཞིང་ཁམས་མང་ན་ཡང་གྲགས་ཆེ་ནི་རི་བོ་རྩེ་ལྔ་སྟེ། དེ་ལའང་གནས་དང་གནས་འདྲ་ཡོད་ཅིང་། བྱང་ཕྱོགས་ཤམ་བྷ་ལའི་རིགས་ལྡན་རིམ་བྱོན་ཀྱང་འཇམ་དཔལ་གྱི་སྤྲུལ་བར་གསུངས། ལྷ་འདི་ལ་ཞི་བ་དང་ཁྲོ་བོ། ཞི་མ་ཁྲོའི་དཀྱིལ་འཁོར་དང་ལས་ཚོགས་རབ་འབྱམས་བཞུགས་སོ། །
          རྗེ་བཙུན་འཇམ་དབྱངས་ཀྱི་བསྟོད་པ་ཏམ་བུ་རའི་རྒྱུད་མངས་ཀྱི་བསམ་་བློའི་ནང་དོན་ནི། འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་མོས་གུས་དང་བསྔགས་བརྗོད་དང་། སྙན་ངག་མཁན་གྱིས་ལེགས་ཉེས་བླང་དོར་ལ་ཀུན་ནས་རྨོངས་པའི་ཉམ་ཐག་འགྲོ་བ་རྣམས་ལ་སྙིང་རྗེས་གཟིགས་ནས་རྗེས་སུ་འཛིན་པར་གསོལ་བ་དང་། སྙིང་ཐག་པ་ནས་ཁོད་ཉིད་ལ་འཆད་རྩོད་རྩོམ་གསུམ་གྱི་རྣམ་དཔྱོད་དང་ཐོས་བསམ་སྒོམ་གསུམ་སོགས་དངོས་གྲུབ་སྩོལ་བའི་སྨོན་འདུན་དང་རེ་འདོད་ཞུས་པ་དེ་ཡིན་ནོ། །
བཞི། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་ཏམ་བུ་རའི་རྒྱུད་མངས་ཀྱི་སྒྱུ་རྩལ་ཁྱད་ཆོས།
          དེ་ཡང་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནི་རྒྱ་གར་ཤར་ལྷོ་གཉིས་ཀྱི་སྙན་ངག་གི་རྩོམ་ལུགས་ལ་ཀུན་ནས་མངའ་བརྙེས་པ་དང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་རྩལ་དང་རྩོམ་གཤིས་རྣམ་པར་ཆགས་པའི་སྙན་ངག་མཁན་ཕུལ་དུ་ཕྱིན་པ་ཞིག་ཡིན་ཕྱིར། ཁོང་ཉིད་ཀྱི་སྙན་ངག་ལ་རྨད་དུ་བྱུང་བའི་སྒྱུ་རྩལ་ཁྱད་ཆོས་འདི་དག་ལྡན་པ་ཡིན་ཏེ།
          ༡ རབ་རྟོག་དང་ཉམས་ལྡན་སོགས་སྙན་ངག་གི་རྒྱན་གྱིས་ལེགས་་པར་བརྒྱན་པས་ན། རྟོག་པ་འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་ཁྱད་ཆོས་ཡོངས་སུ་རྫོགས་པ་དང་།
          ༢ ཟིལ་ཆེ་ལ་བརྗིད་ཆགས་པའི་ཚིག་སྦྱོར་གྱིས་ནི་བློ་སྤོབས་ལྡན་ལ་རང་དབང་ཐོབ་པའི་རྨད་བྱུང་བསམ་བློ་མཚོན་པར་མཛད་པ་དང་།
          ༣ སྙན་ངག་ལ་སྒེག་པ་དང་དཔའ་བ་སོགས་ཉམས་འགྱུར་གྱིས་ཀུན་ནས་ཁེངས་པས་ན། ཡིད་ལ་མཛེས་སྡུག་གི་ཉམས་སྣང་དང་བདེན་སྟོབས་ཀྱི་ཟིལ་ཤུགས་སྐྱེད་པ་དང་།
          ༤ སྙན་དག་གི་བྱ་དཀའ་བའི་རྒྱན་ཏེ་ཀ་མད་དང་སྒྲ་རྒྱན་ལ་ཉེ་བར་སྦྱར་ནས་སྙན་ངག་གི་སྒྱུ་རྩལ་དང་། བརྗོད་དོན་ལེགས་པར་བསྟན་པའོ། །
༢༠༠༥ལོའི་དེབ་བཞི་བ་ལས།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716