སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མདོ་ཁམས་ནང་ཆེན་རྒྱལ་རབས་ཐོག་མར་ཇི་ལྟར་བྱུང་ཚུལ་སྐོར་རགས་ཙམ་དཔྱད་པ།
སྤེལ་དུས། 2017-12-14   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  ཁྱུང་པོ་བསོད་ནམས་སྟོབས་རྒྱལ།
          དང་པོ། ནང་ཆེན་ཞེས་པའི་མིང་གི་ཐོགས་དོན།
          ནང་ཆེན་པའི་ཐ་སྙད་འདིའི་བྱུང་ཚུལ་ཐད་ལ་མཁས་པ་རྣམ་པའི་དགོངས་བཞེད་མི་མཐུན་ཡང་དེ་དག་གུང་དུ་སྒྲིལ་ན།
          གཅིག  བླ་མ་དབང་ཆེན་ནམ་ཀརྨ་ཕྲིན་ལས་གྱིས་མཛད་པའི་དེབ་ཐེར་ཡ་རབས་རྣ་རྒྱན་དུ་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོས་འཇམ་པའི་དབྱངས་ཚངས་པ་ཆེན་པོའི་ནང་བློན་ཡོངས་ཀྱི་ཆེ་བ་གནང་སྟེ་ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་ཐོབ། དྲང་ཞིང་ལྕི་བའི་སྣ་ཞགས་ཀྱི་ཉེས་ཚོགས་འདམ་བུའི་ཚལ་ཕྱེ་མར་འཐགས་པ། ལུགས་གཉིས་ཀྱི་ཕྲིན་ལས་རྣམ་པར་དཀར་བའི་གཉིས་འཐུང་འབྲུ་རྗེ་ནང་ཆེན་པ་ཞེས་གྲགས་པ་གསལ་བ་བྱུང་།༼༡༽ཞེས་འབྲུའི་གདུང་རྒྱུད་ལས་མཆེད་པའི་ཏྲེ་བོ་སྤྱི་ཕུད་འཁོར་ལོ་བཟང་པོས་གོང་མའི་ནང་བློན་ཆེན་པོའི་འགན་བཞེས་པར་རྟེན་ནང་ཆེན་ཞེས་པའི་ཐ་སྙད་དེ་ཐོག་མ་བྱུང་བ་འདོད་ལ། མིང་དེ་རྒྱུན་མ་ཆད་པར་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་གྱིས་སྐུ་འབུམ་དགོན་དུ་ཆོས་སྲིད་ཟུང་གི་ཁ་ལོ་བསྒྱུར་བའི་མངའ་ཁོངས་ལའང་ནང་ཆེན་ཞེས་ཐོགས་པར་འདོད། འདིར་དམིགས་སུ་ཞུ་བར་ཆེན་པོ་ལ་འོས་ལས་ཚན་བཅུ་གསུམ་ཐོབ་ཅེས་པའི་ཚིག་དུམ་ལ་གཞིག་ཚེ་གོང་དུ་དྲངས་པའི་ཚིག་ལ་ནོར་འཛོལ་ཡོད་པར་མངོན་གསལ་དོད་དེ། ལས་ཚན་བཅུ་གསུམ་ནི་སྤྱི་ལོ་༡༢༦༧ལོར་འགྲོ་མགོན་ཆོས་འཕགས་རྒྱ་ནག་ཕྱི་མར་ཞབས་སོར་བཀྱགས་ཁར་གསར་དུ་གཏན་འབེབས་བྱས་པ་ཞིག་ཡིན་ཏེ། གོང་མའི་ནང་བློན་གྲགས་པའི་ཀྱེ་ཧུས་འཁོར་ལོ་བཟང་པོ་ཞེས་པ་ནི་ཏྲེ་བོ་ཨ་ཀླུ་ནས་ཡར་རྩིས་པའི་མི་རབས་སུམ་ཅུ་ཙམ་སོང་ཞིང་།༼༢༽དེ་ལྟར་རྩིས་ཚེ་མ་མཐའ་ཡང་སྤྱི་ལོ་སྔོན་གྱི་མི་ཡིན་དགོས་པས་དེ་དུས་ནས་བཟུང་ནང་ཆེན་ཞེས་པའི་ཐ་སྙད་ཡོད་པ་མ་ཚད་དེའི་དོན་ནི་བློན་གྱི་ཆོ་ལོ་ཡིན་ཚུལ་བརྗོད་པ་ནི་ཅུང་ཐལ་དྲགས་སོང་། བོད་ཀྱི་ལོ་རྒྱུས་ཡོངས་སུ་རྒྱ་ནག་ལ་ཐོག་དང་པོ་འབྲེལ་བ་འགོ་བཙུགས་མཁན་ནི་ཆོས་རྒྱལ་སྲོང་བཙན་སྒོམ་པ་ཡིན་འདོད་ལ། དེའི་ཡར་སྔོན་དུ་རྒྱ་ནག་དང་བོད་བར་ཆབ་སྲིད་ཀྱི་འབྲེལ་བ་ཡོད་རབས་ལོ་རྒྱུས་ཐོག་བཀོད་པ་གཏན་ནས་མ་མཐོང་། དོན་ངོ་མ་ཞེ་ན་ཤོར་ཕུ་གསེར་ཕྲེང་དང་ཡ་རབས་རྣ་རྒྱན། ཁམས་སྟོད་ལོ་རྒྱུས་སོགས་སུ་མི་རབས་དག་གི་མིང་ཙམ་མམ། ཡང་ན་མི་རབས་ཀྱི་གྲངས་ཀ་ཙམ་མ་གཏོགས་དུས་ཚོད་ནམ་ཙམ་བྱུང་ཚུལ་སུ་ལའང་གསལ་ཁ་མེད་ལ། གོང་མ་ཞེས་པ་མ་གཏོགས་རྒྱ་ནག་གི་རྒྱལ་རབས་གང་དང་གོང་མའི་མིང་སོགས་འཁོད་མེད་སྟབས། ཀརྨ་འཕྲིན་ལས་ཀྱིས་དེབ་ཐེར་ཡ་རབས་རྣ་རྒྱན་དུ་བཀོད་པའི་ནང་ཆེན་ཞེས་པའི་ཐ་སྙད་ཀྱི་བྱུང་ཚུལ་གྱི་དགོངས་བཞེད་དེ་རབ་རུབ་ཙམ་ལས་གསལ་ཁ་ཆེན་པོ་མེད་པར་སྣང་། མ་གཞི་ནང་བློན་ཆེན་པོའི་ལས་གནས་སམ་ཡང་ན་ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་ཐོབ་པ་ཙམ་གྱིས་ནང་ཆེན་ཞེས་པའི་མིང་འདི་ཐོགས་ཟེར་བ་ནི་རྡོ་ཆག་བཙན་སྒྲིག་གི་སྣང་བ་སྟེར་ཞིང་། ང་ཚོ་བོད་ལ་མཚོན་ན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བོད་འགྲེང་མགོ་ནག་གི་རྗེ་མེད་པར་རྗེ་དང་། དུད་རྔོག་ཆགས་བླ་མེད་པར་བླ་བྱས་ཏེ་བོད་ཀ་གཡག་དྲུག་གི་བདག་པོར་བྱོན་སྐབས། རྒྱལ་པོའི་ཆབ་སྲིད་ཀྱི་བཀའ་ལ་གཏོགས་བློན་པོ་ལྷོ་རྔེགས་ནས་བཟུང་། ཁྲི་དར་མར་འུ་དུམ་བཙན་པོའི་སྐུ་རིང་དུ་བློན་ཆེན་པོ་དབའས་རྒྱ་ཏོ་རེ་སྟག་སྙའི་བར་བློན་ཆེན་གསེར་རི་ཕྲེང་ལྟར་བྱོན་པ་དག་གི་ཆོ་ལོ་སྨོས་སྐབས་གུང་བློན་དང་ནང་བློན། བཀའ་བློན། ཕྱི་བློན། བློན་ཆེན་པོ་སོགས་ཟེར་བ་མ་གཏོགས་ནང་ཆེན་ཞེས་ཟེར་སྲོལ་མེད་ལ། ཏུན་ཧོང་གཏེར་ཡིག་སོགས་ལོ་རྒྱུས་དེབ་ཐེར་རྙིང་གྲས་ཁག་ཏུའང་དེ་ལྟར་ནང་བློན་གྱི་དོད་དུ་ནང་ཆེན་ཞེས་བརྗོད་པ་མ་མཐོང་།
          གཉིས། ཁམས་སྟོད་ལོ་རྒྱུས་ཐོར་བསྡུས་ཀྱི་སྨད་ཆ་རུ་“འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ཧོར་དུ་ཕྱི་མར་ཕེབས་སྐབས། ནང་ཆེན་གྱི་གྲ་སྒྲིགས་ཏེ་བྱོན་དུས་གཏན་འབེབས་གནང་བ་འདི་ལྟར། (དེ་ལ་ལས་ཚན་བཅུ་གསུམ་ནི། གདུང་རབས་ཡ་ར་ཁ་རྒྱན་ལས། ཞལ་ལས་བྱུང་བ་ཕྱི་ནང་ལས་ཚན་ནི། གསོལ་གཟིམས་མཆོད་གསུམ། མཇལ་ཡིག་མཛོད་གསུམ། ཐབས་འདྲེན་གདན་གསུམ། སྐྱ་རྟ་མཛོ་ཁྱི་བཞི། )ཆེན་པོ་ལ་འོས་ལས་ཚན་བཅུ་གསུམ་སྟེ། འདི་རྣམས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ་དཔལ་ལྡན་འགྲོ་མགོན་འཕགས་པའི་སྐུ་རིང་ལ་དར་བ་དང་། ལས་ཚན་བཅུ་གསུམ་པོ་འཛོམས་པ་ལ་ནང་ཆེན་ཞེས་མིང་བཏགས་ཤིང་། ལས་ཚན་བཅུ་གསུམ་པོའི་འགོ་དཔོན་ལ་ནང་ཆེན་དཔོན་ཞེས་ཤེས་པ་བྱ།༼༣༽ཞེས་པེ་ཅིན་ནས་དཔར་བའི་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཅེས་པའི་ཡིག་ཆར་གཞི་བཟུང་སྟེ། ཆེན་པོ་ལ་འོས་པའི་ལས་ཚན་བཅུ་གསུམ་འཛོམས་པར་ནང་ཆེན་ཞེས་ཐོགས་ཚུལ་འདོད་ཀྱང་། གདུང་རབས་ཡ་ར་ཁ་རྒྱན་དུ་དྲངས་པའི་ལས་ཚན་བཅུ་གསུམ་པོ་རྣམ་གྲངས་མང་པ་ཙམ་མ་གཏོགས་དེ་འདྲའི་འགྲུབ་པ་དཀའ་བའི་ལས་ཚན་མིན་ཞིང་། གོང་དུ་དྲངས་པའི་ལས་ཚན་བཅུ་གསུམ་པོ་འཛོམས་པར་ནང་ཆེན་ཞེས་པའི་མིང་དུ་གདགས་སུ་འོས་ན། ས་སྐྱའི་གདུང་རབས་སྐབས་སུ་བོད་ཡུལ་ཆོལ་ཁ་གསུམ་དུ་རྒྱལ་པོ་དང་དཔོན་ཁག་མང་བ་དང་། ལྷག་པར་མདོ་ཁམས་ཕྱོགས་སུ་ནང་ཆེན་རྒྱལ་རབས་ལས་སྔ་བའི་གླིང་ཚང་དཔོན་སོགས་དར་ཞིང་རྒྱས་པར་གོང་གི་ལས་ཚན་བཅུ་གསུམ་ཚང་ཡོད་པ་སྨོས་མ་དགོས་པས་དེ་དག་ལ་ཅིའི་ཕྱིར་ནང་ཆེན་ཞེས་པའི་མིང་དེ་མ་བྱུང་སོགས་དྲི་བའམ་སོམ་ཉི་མང་། མ་གཞིར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་དུ་ཕེབས་ཐེངས་གཉིས་པའི་དུས་ནི་སྤྱི་ལོ་༡༢༦༧ལོར་ཡིན་ཏེ། འཕགས་པ་དགུང་གྲངས་སོ་གསུམ་ཐོག་གོང་མས་གསེར་ཡིག་པ་མངགས་ཏེ་སླར་རྒྱལ་པོའི་ཕོ་བྲང་དུ་ཟབ་རྒྱས་ངང་གདན་ཞུས་གནང་། ལོ་དེར་འགྲོ་མགོན་འཕགས་པས་བོད་ལ་ལས་ཚན་བཅུ་གསུམ་གྱི་སྒྲིག་གཞི་གསར་དུ་བཙུགས་པ་ཡིན།
          གསུམ། ནང་ཆེན་ཞེས་པའི་ཐ་སྙད་དེ་ལོ་རྒྱུས་ཐོག་བཀོད་སྔ་ཤོས་ནི་སོ་རག་གསེར་ཕྲེང་ཡིན། དེ་ནི་དུས་རབས་བཅོ་ལྔའི་ནང་སོ་རག་བྱ་བྲལ་བས་བརྩམས་ཤིང་། སོ་རག་བྱ་བྲལ་གྱིས་དགོངས་སྙིང་ལ་ནང་ཆེན་ནི། བླ་མ་གོང་མ་རྣམས་ཀྱི་བཞུགས་གནས་ནང་སོ་ཆེན་མོ་ཡིན་པས་ནང་ཆེན་པ་ཟེར་བ་ཡིན།༼༤༽ཞེས་སྤྱི་ལོ་༡༢༣༦ལོར་བླ་མ་ཏི་ཤྲཱི་རས་པ་དཀར་པོ་དགོངས་རྫོགས་པར་གདུང་འབུམ་དང་དགོན་པ། གཟིམ་ཁང་སོགས་བཏབ་པར་མ་ཟད། མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༢༤༨ཧོར་སེ་ཆེན་རྒྱལ་པོའི་བུ་ཧོས་པེ་ལེར་གྲགས་པ་མདོ་སྨད་དུ་བྱོན་པའི་གོ་སྐབས་དང་བསྟུན་ཏེ། སྤྱན་སྔ་རས་པ་དཀར་པོ་དང་གོང་སྒམ་ཨའུ་སོགས་བླ་སློབ་དུ་མ་མཇལ་དུ་ཕེབས་ཞིང་། སྐུ་འབུམ་ཆེན་མོའི་དོན་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པར་གོང་མས་དེ་ལྟར་རུང་བའི་བཀའ་ལུང་བསྩོལ། དེ་རྗེས་སྤྱན་སྔ་རས་པ་དཀར་པོའི་ཕ་ཡུལ་མི་ཉག་ནས་ཤིང་བཟོ་དང་རྡོ་བཟོ་སོགས་བཟོ་རྩལ་བྱང་ཆུབ་པའི་ལག་རྩལ་པ་མང་པོ་གདན་དུ་དྲངས་ཏེ། ལྷ་ཁང་ནང་སོ་ཆེན་མོ་ཀ་བ་ཉི་ཤུ་རྩ་ལྔ(དེབ་ཐེར་ལ་ལར་ཀ་བ་བརྒྱ་དང་ཉི་ཤུ་རྩ་ལྔ་ཞེས་ཆེ་བསྟོད་བྱས་ཀྱང་སོ་རག་གསེར་ཕྲེང་དང་ཤོར་ཕུ་གསེར་ཕྲེང་སོགས་སུ་རྩ་ལྔ་ཞེས་འཁོད་འདུག)རྩེག་རིམ་གསུམ་ཅན་ཞིག་བཞེངས་པ་དང་། ལྷ་ཁང་ཐོག་བྱ་འདབ་གསེར་གྱི་གཉྫི་རར་ཁྱམས་སྐོར་དང་གསེར་མདོག་གི་རྒྱ་ཕེབས་ཀླད་ཡོངས་སུ་ཁེབས་པ། རྩེག་རིམ་གསུམ་གར་བཀའ་རྒྱུད་དང་རྒྱུད་སྡེའི་ལྷ་རིས་ཀྱི་རྣམ་པར་བརྒྱན་པ་སོགས་འགྲན་ཟླ་བྲལ་བཞེངས་ཏེ། འབའ་རོམ་བཀའ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་བཙུགས། གནས་ཚུལ་དེ་འདྲའི་འོག་ཏུ་ད་གཟོད་ནང་སོ་ཆེན་མོའམ་ནང་ཆེན་ཞེས་པའི་མིང་དེ་བྱུང་བ་མ་ཟད་ཀུན་ཏུ་གྲགས་པར་སྙམ། སོ་རག་གསེར་ཕྲེང་ནི་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་ལོ་རྒྱུས་སྔ་ཤོས་ཡིན་ལ། ད་རག་བར་ཧ་ལམ་བགྲང་བྱ་ལྔ་བརྒྱ་དང་བཞི་བཅུ་ལྷག་འགོར་བས་བཤད་རྒྱུན་གྱི་ཁུངས་ཡོད་པ། འབའ་རོམ་གསེར་ཕྲེང་དང་ཤོ་ཕུར་གསེར་ཕྲེང་སོགས་སྒྲུབ་བརྒྱུད་འབའ་རོམ་པའི་གྲུབ་བརྙེས་གོང་མ་རྣམས་ཀྱི་རྣམ་ཐར་སོགས་ལས་ཀྱང་གོང་གི་དགོངས་པ་མཐུན་མོད། ལ་ལ་ཞིག་གིས་ནང་སོ་ཆེན་མོ་ཞེས་པ་གནས་ཁང་ཆེན་པོ་ཞིག་གི་མིང་ཡིན་ལ་དེར་ནང་ཆེན་ཞེས་མིང་བྱུང་བར་རྒྱུ་མཚན་མེད་ཅེས་སོ་བྲག་བྱ་བྲལ་སོགས་ཀྱི་དགོངས་བཞེད་ལ་མི་འཐད་པའི་ཚུལ་བསྟན་པ་མ་ཟད། ལྷོ་རོང་ཆོས་འབྱུང་དུ་འཁོད་པའི་ཏྲེ་བོ་རབ་ཁའི་བརྒྱུད་པ་ད་ལྟའི་བར་ནང་ཆེན་བ་མིང་དུ་ཐོགས་པ་ནས་བསྟན་པའི་ཞབས་ཏོག་རྒྱ་ཆེན་པོ་མཛད་ཅིང་ཡོད་ཅེས་པའི་ལུང་ཚིག་ཁེར་རྒྱུག་ཅིག་ལ་ཚད་མ་བཟུང་བར་བསམ་བློ་ཅུང་གུ་དོག་པོའི་སྣང་བ་སྟེར་ཏེ། ཁྱོད་ཀྱིས་ཚད་མར་འཛིན་པའི་ལུང་ཚིག་དེའི་ནང་དུ་འཁོད་པའི་ཏྲེ་བོ་རབ་ཁ་ཞེས་པ་ནི་ཏྲེ་བོ་ཨ་ཀླུ་ཞེས་པ་ཕ་བུ་འགའ་ཟུར་མང་རྩི་ཆུའི་འགྲམ་དུ་གནས་སྤོས་སའི་ཡུལ་དེ་ཡིན་དགོས་ལ། ཡུལ་དེར་དེང་སང་ཡང་ཏྲེ་བོ་རབ་ཁ་ཞེས་མིང་ཐོག་གནས་ཤིང་། མིང་དེ་ནི་གཡར་མིང་ཞིག་སྟེ་ཏྲེ་བོ་ཨ་ཀླུ་ཕ་བུ་དག་ཐོག་མར་དཀར་མཛེས་བྲག་མགོའི་ཏྲེ་བོ་རབ་ཁ་ནས་ཡོང་བ་ཡིན་ཕྱིར་ཕ་ཡུལ་གྱི་མིང་དེ་ཁྱིམ་གཞིས་གསར་བར་བཏགས་པར་སྙམ། དོན་དུ་ཏྲེ་བོ་རབ་ཁ་ནི་སྐུ་འབུམ་རྩ་དང་ཉེ་བའི་གནས་ཡིན་པས་དེར་འཚོ་བའི་མི་རྣམས་ལ་ནང་ཆེན་པ་ཞེས་འབོད་པར་ཡ་མཚར་དོན་ཅི་མེད་དེ། ནང་ཆེན་ཞེས་པ་དེ་ཐོག་མར་སྐུ་འབུམ་རྩར་བཞེངས་པའི་ནང་སོ་ཆེན་མོའི་མིང་ཙམ་དང་། དེ་ལྟ་བུའི་ནང་སོ་ཆེན་མོ་དེ་ཡུལ་དེར་སྔར་བྱུང་མ་མྱོང་བས་ཀུན་ལ་གྲགས་ཏེ་རིམ་བཞིན་མིང་དེའི་བཀོལ་རྒྱ་བསྐྱེད་དེ། ལོ་རྒྱུས་ཀྱི་འཕེལ་གྲིབ་དང་བསྟུན་ནས་གོང་སྒོམ་པ་ཨའུས་བདག་ཏུ་བཟུང་བའི་གནས་དྲུག་ཁྲི་བསྐོར་གྱི་མངའ་འབངས་འཁོར་གཞིས་ཡོངས་ཀྱི་མིང་དང་། དེ་རྗེས་ནམ་མཁའ་བཟང་པོས་ཡ་གསུམ་སྟོད་ཀྱི་དཔོན་གྱི་བདག་བཟུང་པ་ནས་ཡ་གསུམ་གྱི་སྟོད་མ་བཅས་པའི་ཡུལ་གྲུ་ཆེན་མོར་ནང་ཆེན་ཞེས་ཟེར། ཡ་གསུམ་སྟོད་མར་སོག་དམག་གིས་བཅོམ་པ་ནས་བཟུང་ནང་ཆེན་ཞེས་པའི་མིང་དེའང་ཡུལ་དེར་ཉམས་པར་གྱུར། ནང་ཆེན་རྒྱལ་རབས་བཅོ་བརྒྱད་པ་རྡོ་རྗེ་ཚེ་དབང་ལ་ཆིན་གོང་མས་ཆན་ཧོས་ཏེ་སྟོང་དཔོན་གྱི་ཆོ་ལོ་བསྩལ་བ་ནས་བཟུང་དེང་གི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྡེ་སྤྱིའི་མིང་ལ་ནང་ཆེན་དང་དེའི་དཔོན་ལ་ནང་ཆེན་དཔོན་ནམ་རྒྱལ་པོ་ཟེར། ད་ལྟ་ཡུལ་ཤུལ་ཁུལ་གྱི་རྫོང་གཅིག་ཁོ་ནའི་མིང་དུ་འབོད། དེ་ལྟར་ལོ་རྒྱུས་ཀྱི་འཕེལ་རིམ་ཆེན་མོའི་ཁྲོད་ལོ་རྒྱུས་ཐོག་གི་ས་མིང་དག་གི་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཀྱང་འགྱུར་བ་ཆེན་པོ་འགྲོ་བཞིན་དེ་ཤེས་རྒྱུ་གལ། ཡང་གཅིག་བཤད་ན་ནང་སོའི་མིང་ཡུལ་ལ་ཐོགས་པ་མང་ཏེ། བོད་ཀྱི་ལོ་རྒྱུས་ཁྲོད་ མིང་དེ་ཐོག་མར་གཟིམ་ཁང་བཀོལ་བ་དང་དེ་ནས་རིམ་བཞིན་ཕོ་བྲང་སྤྱི་དང་གཞུག་ནས་ཡུལ་སྡེ་སྤྱིའི་མིང་དུ་ཁྱབ་པར་སྙམ།
          གཉིས་པ། གུང་སྒོམ་ཨའུ་དང་ཏྲེ་བོ་ཨ་ཀླུ།
          གུང་སྒོམ་ཨའུ་ནི་ནང་ཆེན་རྒྱལ་རབས་དང་པོར་ཡིན་པ་བརྗོད་ཅིང་། ནང་ཆེན་རྒྱལ་པོའི་ལོ་རྒྱུས་གླེང་སྐབས་མི་ཆེན་འདི་ནས་གླེང་སློང་དགོས་མོད། འོན་ཀྱང་། སྤྱི་ལོ་༡༩༦༥ལོར་བརྩམས་པའི་དེབ་ཐེར་ཡ་རབས་རྣ་རྒྱན་དུ་ནང་ཆེན་རྒྱལ་རབས་བརྗོད་པར་སྔ་དར་བར་དར་ཕྱིར་དར་བཅས་དུས་རིམ་གསུམ་དུ་བགོས་པ་དང་། སྔ་དར་ནི་འབྲུ་སྤྱི་ཕུད་འཁོར་ལོ་བཟང་པོ་ནས་རིམ་བཞིན་བརྒྱུད་པའི་གདུང་རབས་ལྔ་བཅུ་པ་ལྕེ་དར་སེངྒེའི་སྲས་ཏྲེ་བོ་ཨ་ཀླུའི་བར་དང་། ཨ་ཀླུ་ནས་བཟུང་ནང་ཆེན་ཞེས་པའི་མཚན་སྙན་དོན་ལྡན་དབུ་བརྙེས་ཚུལ་དེ་བཀོད་འདུག དེ་ལྟར་ནང་ཆེན་རྒྱལ་རབས་ནི་ཏྲེ་བོ་ཨ་ཀླུ་ཡིན་པ་དང་དེའི་སྲས་ཨ་ཡུལ་དང་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་སོགས་སྤུན་མཆེད་བདུན་བྱུང་ཚུལ་བཀོད་འདུག དཔྱད་གཞི་དེར་གཞིར་བཟུང་སྟེ་བྲིས་པའི་ཁམས་སྟོད་ལོ་རྒྱུས་དང་། མདོ་ཁམས་དགེ་འབྲོང་གི་ལོ་རྒྱུས། ནང་ཆེན་རྒྱལ་རབས་དང་དཔོན་ཁག་རྣམས་ཀྱི་བྱུང་བ་སོགས་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་དེབ་ཐེར་ཚང་མའི་ནང་དུ་ཏྲེ་བོ་ཨ་ཀླུ་ནི་ནང་ཆེན་རྒྱལ་པོ་དང་པོ་ཡིན་ཚུལ་བརྗོད་པ་ཚད། ནང་ཆེན་རྒྱལ་རབས་ནི་ཏྲེ་བོ་ནས་ཡར་རྒྱུད་པའི་འབྲུ་ཡི་རྗེས་རབས་ཡིན་པར་ཚད་མར་བཟུང་སྟེ་འབྲུ་རྗེ་ནང་ཆེན་ཞེས་གསལ་བཤད་བྱས་འདུག གོང་གི་དེབ་ཐེར་དེ་དག་གི་ཤན་ཞུགས་ཐེབས་ཏེ་ཕྱི་རབས་པས་ནང་ཆེན་རྒྱལ་པོ་དང་པོ་ཏྲེ་བོ་ཨ་ཀླུ་ཡིན་མིན་ཐད་ལ་འཕྱང་མོ་གཏན་ནས་ཉུག་མ་མྱོང་ཞིང་། དོན་དུ་དེང་སང་ཡོངས་གྲགས་ལའང་དེ་བཞིན་ཆགས་ཏེ་རྩོད་མེད་གྱུར། ནང་ཆེན་རྒྱལ་རབས་ཇི་ལྟར་དབུ་རྙེད་ཚུལ་ཐད་ཀྱི་ཡིག་ཆ་སྔ་ཤོས་ནི་སོ་རག་གསེར་ཕྲེང་དང་ཤོར་ཕུ་གསེར་ཕྲེང་གཉིས་ཡིན། ང་ཚོས་ནང་ཆེན་རྒྱལ་རབས་ཇི་ལྟར་དབུ་བརྙེས་ཚུལ་ཐད་ལ་ཞིབ་འཇུག་བྱ་ཚེ། ཡིག་ཆ་འདི་གཉིས་ནི་དཔྱད་གཞིའི་གལ་ཆེན་དུ་འཛིན་དགོས་པར་མ་ཟད། དཔྱད་གཞིའི་ཡིག་ཆ་གལ་ཆེན་དག་རྨང་གཞི་བྱས་ཐོག་ད་གཟོད་རྒྱལ་རབས་ཀྱི་བྱུང་འཕེལ་ཞིབ་ཀྱིས་བརྗོད་དགོས། འོན་ཀྱང་། གོང་གི་དཔྱད་གཞིའི་ཡིག་ཆ་གཉིས་པོའི་ནང་དུ་ཨ་ཀླུས་གནས་དྲུག་ཁྲི་སྐོར་གྱི་དཔོན་བཞེས་ཚུལ་སྐོར་གཏན་ནས་བརྗོད་མེད་ལ། དེ་ལས་ལྡོག་ཏེ་གུང་སྒོམ་ཨའུས་གནས་དྲུག་ཁྲི་སྐོར་གྱི་དཔོན་བྱས་པའི་སྐོར་བཀོད་ཡོད་དེ། སོ་རག་གསེར་ཕྲེང་དུ་དེ་ནས་སེ་ཆེན་རྒྱལ་པོ་ལ་རྒྱལ་བུ་གོ་བེ་ལར་གྲགས་པའི་དུས་སུ་མདོ་སྨད་དུ་ཕེབས་པ་ལ། རས་པ་དཀར་པོ་དང་གུང་སྒོམ་ཨའུ་ལ་སོགས་དཔོན་སློབ་རྣམས་མཇལ་དུ་བྱོན་ཞིང་། སྐུ་འབུམ་ཆེན་མོ་བཞེངས་པའི་དོན་དུ་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས། གུང་སྒོམ་ཨའུ་གནས་དྲུག་ཁྲི་སྐོར་གྱི་དཔོན་དུ་བསྐོས་ཞིང་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་གནང་། ༼5༽ཞེས་དང་། ཤོར་ཕུ་གསེར་ཕྲེང་དུ་ཧོར་སེ་ཆེན་རྒྱལ་པོའི་རྒྱལ་བུ་གོ་པེ་ལར་གྲགས་པའི་དུས་ཟླ་རྒྱུད་དུ་དམག་དྲང་ནས་མདོ་སྨད་དུ་བྱོན། རས་པ་དཀར་པོ་དཔོན་སློབ་དང་གུང་པ་ཨའུ་སོགས་མཇལ་དུ་ཕེབས་ཞིང་། སྐུ་འབུམ་ཆེན་མོའི་དོན་དུ་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས་རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་གུང་བསྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས།༼6༽ཞེས་ཧོར་རྒྱལ་པོས་ཏི་ཤྲཱི་རས་པ་དཀར་པོ་སྐུ་གྲོངས་པར་སྐུ་འབུམ་རྩར་གཙུག་ལག་ཁང་བཞེངས་ཆོག་པའི་བཀའ་ལུང་བསྩོལ་བར་མ་ཟད། སྤྱན་སྔ་རས་པ་དཀར་པོ་ལྷ་ཆོས་ཀྱི་ཕྱོགས་ཏེ་སྐུ་འབུམ་རྩ་གཙོས་པའི་དགོན་སྡེ་དང་འབའ་རོམ་སྒོམ་སྡེ་གཙོས་པའི་གྲུབ་མཐའ་ཁག་གི་སློབ་དཔོན་དང་གུང་སྒོམ་ཨའུ་ནི་མི་ཆོས་ཀྱི་ཕྱོགས་ཏེ་གནས་དྲུག་ཁྲི་སྐོར་གྱི་དཔོན་པོར་བསྐོས། འོ་ན། སོག་རག་གསེར་ཕྲེང་སོགས་སུ་བཀོད་པའི་གུང་སྒོམ་ཨའུ་དང་དེབ་ཐེར་ཡ་རབས་རྣ་རྒྱན་སོགས་སུ་བཀོད་པའི་ཏྲེ་བོ་ཨ་ཀླུ་གཉིས་ཀྱི་འབྲེལ་བ་ཅི་འདྲ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་ཡིག་ཆ་རྙིང་དག་ཏུ་ནང་ཆེན་གནས་དྲུག་ཁྲི་སྐོར་གྱི་དཔོན་གུང་སྒོམ་ཨའུ་ཡིན་ཚུལ་འཁོད་ཀྱང་། ཕྱི་རབས་པས་ཅིའི་ཕྱིར་དགོངས་པ་དེ་བཞིན་དུ་མ་བྲིས་པར་ཏྲེ་བོ་ཨ་ཀླུ་ཡིན་ཚུལ་བྲིས་པ་ཡིན། གནད་དོན་དེ་ནི་ནང་ཆེན་རྒྱལ་པོ་ཐོག་མའམ་གནས་དྲུག་ཁྲི་སྐོར་གྱི་དཔོན་གྱི་འགན་དབང་སུས་བཞེད་པར་དཔྱད་གཞི་གལ་ཆེན་ཞིག་ཡིན། ལ་ལ་ཞིག་གིས་གུང་སྒོམ་ཨའུ་དང་ཏྲེ་བོ་ཨ་ཀླུ་གཉིས་མི་གཅིག་ལ་འཁྲུལ་ནས་མིང་དེ་གཉིས་ཅི་བདེར་བྲིས་པ་དང་།༼7༽འགའ་ཡིས་ནང་ཆེན་རྒྱལ་རབས་ཀྱི་གདུང་རྒྱུད་ཆེ་བ་བརྗོད་པའམ་ལོ་རྒྱུས་ཡུན་རིང་འཐེན་པའི་ཕྱིར་གུང་སྒོམ་ཨའུ་དེ་ཏྲེ་བོ་ཨ་ཀླུར་དམིགས་ཀྱིས་བསྒྱུར་བ་ཨེ་ཡིན་སྙམ་ཏེ། དེ་ལ་ཡ་མཚར་དོན་མེད་དེ་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་གདུང་ཁུངས་གོང་མ་ལྷ་སྟེ་གནམ་རིམ་པ་བཅུ་གསུམ་ནས་ཐོན་ཚུལ་བཤད་པ་དང་། ས་སྐྱའི་གདུང་ཁུངས་འཁོན་རིགས་ལྷ་ལས་མཆེད་ཚུལ་བསྟན་པ་བཞིན་ནང་ཆེན་རྒྱལ་པོའི་གདུང་ཁུངས་ཏྲེ་བོ་དང་དེ་ནས་ཡར་དེད་ན་ཆེ་བཙན་འགྲན་མེད་འབྲུའམ་འབྲུ་བྱས་པ་ལག་རྗེས་ཅན་གྱི་གདུང་རིགས་ལས་བྱུང་བར་འདོད། དོན་ངོ་མར་བཤད་ན། ཏྲེ་བོ་ཨ་ཀླུ་ནི་དཀར་མཛེས་ཏྲེ་བོའི་མི་ཡིན་ཞིང་། བར་ཞིག་ནས་མནའ་མ་ཆུང་བ་ཁྲིད་དེ་དེང་ནང་ཆེན་ས་ཆར་ཟུར་མང་ཞེས་པ་གནས་གཞིས་བཅས། ཁོང་ལ་ཆོས་ཀྱི་རྒྱལ་མཚན་སོགས་སྲས་བདུན་འཁྲུངས་པ་དང་། སྲས་རྣམས་ཀྱིས་ནང་ཆེན་ས་ཆར་ཆོས་སྲིད་གཉིས་ཀྱི་ཁ་ལོ་བསྒྱུར་ཏེ་ཏྲེ་བོའི་གདུང་རྒྱུད་རྒྱུན་བཟུང་བྱས་པ་ཡིན་ཏེ། ཤོར་ཕུ་གསེར་ཕྲེང་དུ་ཀྱེ་ཧུས་འཁོར་ལོ་བཟང་པོའི་རྒྱ་ནག་རྒྱལ་པོའི་ནང་བློན་བྱས། འཁོར་ལོ་བཟང་པོའི་སྲས་ནོར་བུ་ཞེས་བྱ་བ་བྱུང་། དེ་ནས་རྒྱལ་རབས་སུམ་ཅུ་ན་ཏྲེ་བོ་ཨ་ཀླུ་བྱུང་། དེས་འབེ་བཟའ་དཀར་མོ་ཁབ་ཏུ་བཞེས་པ་ལ་ཏྲེ་བོ་སོགས་སྐུ་མཆེད་བདུན་བྱུང་༼8༽ཞེས་དང་། ཡང་། ཨ་ཀླུས་ཆེ་ཆུན་གཉིས་བཞག་པའི་ཆེན་མ་མཛོ་རོག་བཟའི་བུ་རྡོ་རྗེ་འཕགས། རྡོ་རྗེ་བརྟེན་གཉིས་ཏྲེ་རབ་་ཁ་ན་ཡོད། ཆུན་མ་འབེ་བཟའ་དཀར་མོ་ལ་བུ་སྐྱ་དཔོན་ལེགས། བྱ་ཡུལ་བ། ཨ་ཡུལ་བ། ཏྲེ་བོ་ཆོས་རྒྱལ་མཚན། ཚོང་དཔོན་ཁམས་ཐར། བཀྲ་ཤིས་དཔལ། བྱང་རྒྱལ་བ་དང་བདུན། སྲས་ཨ་ཡུལ་གྱི་རྒྱལ་སྲིད་ཀྱི་མཛད་པ་རྒྱ་ཆེ། ༼9༽ ཞེས་ཨ་ཀླུ་ནི་ནང་ཆེན་རྒྱལ་རབས་གཉིས་པ་ཨ་ཡུ་དང་ས་སྐྱ་བས་ནང་ཆེན་ནང་གི་ཁྲི་ལ་བཞུགས་དགོས་པའི་བཀའ་ཤོག་ཐོབ་མཁན་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་ཡབ་ཡིན་ལ་རུས་ཏྲེ་བོ་ཡིན་ཚུལ་གསལ་བོར་བཀོད་ཡོད། དེབ་ཐེར་ཡ་རབས་རྣ་རྒྱན་ལས། དེའི་སྲས་ལྕེ་དར་སེངྒེ། འདིས་གླིང་འགོག་བཟའ་ཨ་རྡོ་བསུས་ཤིང་སྲས་ཏྲེ་ཧོ་ཨ་ལུ་འཁྲུངས། དེའི་བཙུན་མོ་ཆེ་བ་མཛོ་རོགས་བཟའ་ཡུམ་སྲས་ཀྱིས་ཏྲེ་རབ་ཁ་བཟུང་། ཆུང་བ་འབེ་བཟའ་དཀར་མོ་ལ་སྲས་བདུན་འཁྲུངས་པ། སྐྱ་དཔོན་ལེགས། བྱ་ཡུལ་བ། ཨ་ཡུལ་བ། ཏྲེ་ཧོ་ཆོས་ཀྱི་ཆོས་རྒྱལ་མཚན། ཚོང་དཔོན་ནམ་ཐར། བཀྲ་ཤིས་དཔལ། བྱང་རྒྱ་བ་བཅས་བདུན་ནོ། ” ༼10༽ ཞེས་པ་ནི་ཨ་ཀླུར་ཨ་ལུ་ཞེས་བསྒྱུར་བ་མ་གཏོགས་ཤོར་ཕུ་གསེར་ཕྲེང་དུ་འཁོད་པའི་ནང་དོན་དང་གཅིག་གོ དེས་ན་ཏྲེ་བོ་ཨ་ཀླུས་དུས་རབས་བཅུ་གསུམ་པར་ཆུན་མ་འབེ་བཟའ་དཀར་མོ་དང་འགྲོགས་ནས། མདོ་ཁམས་ནང་ཆེན་དུ་ཁྱིམ་གཞིས་སྤོས་ཏེ་སྲས་བདུན་འཁྲུངས་པ་ལས་ཏྲེ་བོ་ཨ་ཡུལ་དང་མཆེད་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱིས་ནང་ཆེན་གྱི་ཆོས་སྲིད་ལས་ཀའི་ལས་འཁྲི་འཁུར་བ་མ་གཏོགས། ཡབ་ཨ་ཀླུས་གནས་དྲུག་ཁྲི་སྐོར་གྱི་དཔོན་འགན་མ་བཞེས་པ་ནི་ཡིག་ཆ་ཁག་ལས་གསལ། འོ་ན། དོན་དངོས་གནས་དྲུག་ཁྲི་སྐོར་རམ་ནང་ཆེན་གྱི་རྒྱལ་རབས་དང་པོ་སུས་འགན་བཞེས་པ་ཡིན་ཞེ་ན། དེ་ནི་གུང་སྒོམ་ཨའུ་ཡིན་ཏེ། སོ་རག་གསེར་ཕྲེང་དུ། གུང་སྒོམ་ཨའུ་ནི་རུས་གུང་པ་ཡིན་ཞིང་། རས་པ་དཀར་པོའི་སྐུ་ཚེ་སྨད་ལ་ཧོར་ཁྲིམས་བོད་ལ་འཇགས་པའི་དུས་སུ་སྐུ་འབུམ་རྩ་ཡི་སྒོམ་མཛད་དེ། དེ་ནས་གནས་དྲུག་ཁྲི་སྐོར་ཡང་སུ་བཅུག་ཅིང་། ཁྲི་དཔོན་གྱི་(སྟག་མགོ་ནོར་བུ་གསུམ་ས་སོགས་འདི་དུས་ཐོབ་)ལས་ཀ་བཟུང་ནས་བསྟན་པའི་ཞབས་ཏོག་མཛད་དོ། ཅེས་དང་། ཤོར་ཕུ་གསེར་ཕྲེང་དུ་གུང་སྒོམ་ཨའུ་ནི། རས་དཀར་ལས་གདམ་ངག་ཐམས་ཅད་རྫོགས་པར་ཞུས། གནས་དྲུག་ཁྲི་སྐོར་གྱི་ལས་ཀ་བཟུང་། རྒྱལ་སྲིད་ཀྱི་མཛད་པ་རྒྱ་ཆེ། དྲུག་ཅུ་ཐམས་པ་ལ་གཤེགས། ཞེས་ཨའུ་ཡི་རུས་ནི་གུང་པ་ཡིན་པ་དང་། སྐུ་ཚེ་སྨད་ལ་སྤྱན་སྔ་རས་པ་དཀར་པོའི་མདུན་དུ་གདམ་ངག་ཐམས་ཅད་ཞུས་ནས་སྐུ་འབུམ་རྩར་སྒོམ་པ་མཛད་པའི་ཆ་ནས་སྒོམ་པ་ཞེས་བྱེད་ལས་ཀྱི་སྒོ་ནས་བཏགས། གནས་དྲུག་ཁྲི་སྐོར་གྱི་དཔོན་གྱི་འགན་བཞེས་ཏེ་བསྟན་སྲིད་ཀྱི་ཞབས་ཏོག་རྒྱ་ཆེན་མཛད། དེ་བཞིན་ནང་ཆེན་རྫོང་སྲིད་གྲོས་རིག་གནས་ལོ་རྒྱུས་གཞུང་དོན་ཁང་གིས་བསྒྲིགས་པའི་ནང་ཆེན་རྒྱལ་རབས་དང་དཔོན་ཁག་རྣམས་ཀྱི་བྱུང་བ་ཞེས་པའི་དེབ་ཐེར་ནང་དུ་གང་ལ་དཔྱད་ཅིང་གུང་ཇི་ལྟར་བསྒྲིགས་ཀྱང་ཏྲེ་བོ་ཨ་ཀླུ་ནང་ཆེན་པོའི་རྒྱལ་རབས་དང་པོར་བགྲང་བ་ལ་འགྲིག་པོ་ཞིག་མི་འདུག་པས། གུང་སྒོམ་ཨའུ་དང་ཏྲེ་བོ་ཨ་ཀླུ་གཉིས་གང་ཟག་གཅིག་ཡིན་པར་འཁྲུལ་པ་ཡིན་ནམ་སྙམ་མོ། ཞེས་ཏྲེ་བོ་ཨ་ཀླུ་ནང་ཆེན་རྒྱལ་རབས་དང་པོ་མིན་ཚུལ་དེ་ལོ་རྒྱུས་ཐོག་ཏུ་བྱུང་བའི་གནས་ཚུལ་དུ་མའི་རྒྱུ་མཚན་དྲངས་པ་དེའང་དོན་དུ་ཁེལ་བར་སྙམ།
          དགེ་འབྲོང་གི་བྱུང་བ་བརྗོད་པའི་དེབ་ཐེར་དུ་ཏྲེ་བོ་ཨ་ཀླུ་ལ། གོང་པ་ཨའུ་འམ། གུང་སྒོམ་ཨའུ། གུ་གུང་པ་ཨའུ་ཞེས་ཅི་རིགས་བྲིས་པ་དང་། ཏྲེ་བོ་ཨ་ཀླུ་དང་གུང་པ་ཨའུ་གཉིས་གང་ཟག་གཅིག་གམ་ཐ་དད་མིན་རྩད་མ་ཆོད་པའི་གཏམ་སྣ་ཚོགས་སྣང་ཡང་། གུ་གུང་ཞེས་པ་ནི་སྔ་དུས་རྒྱལ་ནག་གོང་མའི་སྐབས་ཀྱི་གོ་མིང་ཞིག་སྟེ། བོད་ཀྱི་སྲིད་འཛིན་མི་སྣ་ལ་གུང་གི་ཆོ་ལོ་བྱིན་ཚུལ་རྒྱལ་རབས་རྣམས་སུ་གསལ་བ་བཞིན། ཏྲེ་བོ་ཨ་ཀླུ་ལའང་ཧོར་སེ་ཆེན་རྒྱལ་པོ་ཡབ་སྲས་ཀྱིས་གུ་གུང་ཞེས་པའི་གོ་མིང་བསྩལ་བས་གུ་གུང་ཨའུ་འམ་ཨ་ཀླུར་འབོད་པར་མངོན། དེས་ན་ཏྲེ་བོ་ཨ་ཀླུ་འམ་ཨ་ལུ། གོང་པ་ཨའུ་ཅི་རིགས་བྲིས་པ་རྣམས་ནི་དོན་གཅིག་མིང་ཁྱེར་སོ་ཙམ་དུ་མཐོང་ངོ་། ཞེས་མཆན་བཏབ་འདུག དེ་ནི་ཏྲེ་བོ་ཨ་ཀླུ་དང་གུང་སྒོམ་ཨའུ་གཉིས་གང་ཟག་གཅིག་ལ་མིང་གཉིས་སུ་བཏགས་པ་དང་། གུང་སྒོམ་ཨའུ་ལ་མཚམས་རེར་གུ་གུང་ཨའུ་ཟེར་ཚུལ་བརྗོད་པར་མ་ཟད། གུ་གུང་ནི་དཔོན་གྱི་ཆོ་ལོའི་མིང་ཞིག་ཡིན་ཚུལ་གསལ་བོར་བྲིས་འདུག རྩོམ་པོས་དེ་ལྟར་བྲིས་པའི་རྩ་བའི་དམིགས་ཡུལ་ལམ་བརྒྱ་བཤད་ཚིག་གི་རྩ་བ་ནི་ནང་ཆེན་རྒྱལ་རབས་དང་པོ་དེ་ཏྲེ་བོ་གདུང་རྒྱུད་ལས་མཆེད་པར་འདོད། ཁོང་གིས་ཨ་ཀླུ་དང་ཨའུ་གཉིས་མི་གཅིག་ལ་མིང་གཉིས་སུ་བཞེས་ཚུལ་དེ་རང་ཉིད་སེམས་ཀྱི་འཆར་སྒོ་ཙམ་མ་གཏོགས་ལུང་རིགས་གང་གི་རྒྱབ་རྟེན་ཆེར་མེད་ཁར། གུང་སྒོམ་ཞེས་པའི་ཐ་སྙད་དེ་གུ་གུང་ཞེས་པར་བསྒྱུར་ཏེ་འགྲེལ་ཚུལ་གསར་བ་ཞིག་བསྣན་འདུག[③] ༼11༽ གུང་སྒོམ་ཞེས་པ་མ་གཏོགས་གུ་གུང་ཞེས་བྲིས་ཚུལ་སོ་རག་གསེར་ཕྲེང་དང་ཤོར་ཕུ་གསེར་ཕྲེང་། དེ་བཞིན་སོ་རག་སེང་གེ་འབུམ་གྱིས་བརྩམས་པའི་འབའ་རོམ་གསེར་ཕྲེང་གི་རྣམ་ཐར་མདོར་བསྡུས་རིན་ཆེན་རྒྱན་ཕྲེང་སོགས་ལས་མ་མཐོང་ཞིང་། ཉེ་བར་ཕྲན་གྱི་ལག་ཏུ་སོན་པའི་དེབ་ཐེར་ཡ་རབས་རྣ་རྒྱན་དང་དེབ་ཐེར་གཞན་དག་ལས་ཀྱང་མ་མཐོང་། ཕྲན་གྱིས་བསམས་པར་ནང་ཆེན་རྒྱལ་རབས་དབུ་ཚུགས་པ་ནི་དུས་རབས་བཅུ་གསུམ་ནང་གི་དངོས་བྱུང་ལོ་རྒྱུས་ཤིག་ཡིན་པ་དང་། སོ་རག་གསེར་ཕྲེང་ནི་དུས་རབས་བཅོ་ལྔའི་སྨད་ཙམ་དུ་སོ་རག་བྱ་བྲལ་གྱིས་བརྩམས་པས། དེ་གཉིས་བར་དུ་བགྲང་བྱ་ཉིས་བརྒྱ་ལྷག་ཙམ་ལས་ཧེ་བག་མེད་ཕྱིར་ལོ་རྒྱུས་ཀྱི་བདེན་ཁ་ཆེ་བ་དང་། མ་མཐའ་ཡང་ཉེ་རབས་བྲིས་པའི་དེབ་ཐེར་ལས་ཀྱང་བདེན་ལུགས་ཆེ་བར་སྙམ་ནས་དཔྱད་རྩོམ་འདིའི་དཔྱད་གཞི་གལ་ཆེན་བཟུང་ཡོད། མ་ཚད། ནང་ཆེན་རྒྱལ་རབས་དང་འབྲེལ་བའི་ལོ་རྒྱུས་དེབ་ཐེར་ཤོར་ཕུ་གསེར་ཕྲེང་དང་ཡ་རབས་རྣ་རྒྱན། འབའ་རོམ་གསེར་ཕྲེང་རྒྱས་འབྲིང་བསྡུས་གསུམ། ཉེ་ཆར་བྲིས་པའི་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་དེབ་ཕྲེང་གང་ཞིག་ཀྱང་། རྗོད་བྱེད་ཚིག་གི་བཀོལ་ཚུལ་མི་རིགས་པ་དང་། ནང་དོན་རྒྱས་བསྡུས་རིམ་པ་ཙམ་མ་གཏོགས་ཆུ་བོ་ཀུན་གྱི་འགོ་ཁུངས་གངས་རི་ཇི་བཞིན་དེབ་ཐེར་ཡོངས་ཀྱི་ཁུངས་ལུང་ནི་སོ་རག་གསེར་ཕྲེང་ཡིན་པ་དང་། དེབ་ཐེར་གང་ཞིག་གི་དགོངས་པ་ནི་སོ་རག་གསེར་ཕྲེང་ལས་བརྒལ་ཐུབ་མེད། དེ་བས་སོ་རག་གསེར་ཕྲེང་ལས་ལོགས་སུ་སྨྲ་བ་དག་ནི་ལུང་གིས་མ་ཟིན་པའི་སྐྱོན་དང་རིགས་པས་མ་ཆོད་པའི་སྐྱོན་དུ་འགྲོ་བར་སྙམ། གཞན་ཡང་གུང་ཞེས་པ་ནི་དཔོན་གྱི་ཆོ་ལོ་ཡིན་པ་དང་། ཆོ་ལོ་དེ་བོད་ཀྱི་སྲིད་འཛིན་མི་སྣ་བསྩོལ་ཚུལ་རྒྱ་རབས་རྣམས་སུ་གསལ་ཚུལ་བྲིས་འདུག རྒྱའི་ཡིག་ཚང་ནང་དུ་གུང་ཞེས་པ་དཔོན་གྱི་ཆོ་ལོར་མི་འདོད་ཅེས་ཕྲན་གྱིས་བརྗོད་མི་ནུས་ཀྱང་། བོད་སིལ་བུར་འཐོར་རྗེས་གྲུབ་མཐའ་སོ་སོའི་སྲིད་དབང་འཛིན་སྐབས་དཔོན་གྱི་ཆོ་ལོ་ལ་གུང་ཞེས་བཏགས་ཚུལ་དམིགས་སུ་མ་མཐོང་། གལ་སྲིད་གུང་ཞེས་པ་དེ་དཔོན་གྱི་ཆོ་ལོ་ཡིན་ན། གུང་སྒོམ་ཨའུ་མ་གཏོགས་རྗེས་ཀྱི་ཏྲེ་བོ་ཨ་ཡུལ་ནས་བཀྲ་ཤིས་སྟོབས་རྒྱལ་བར་གདུང་རབས་ཉི་ཤུ་ལྷག་སོང་བ་དག་གི་མཚན་གྱི་གོང་དུ་གུང་ཞེས་པའི་ཆོ་ལོ་བཏགས་མེད་ཚུལ་དེས་གུང་ནི་དཔོན་གྱི་མིང་མིན་པ་གསལ་བོར་སྒྲུབ་ནུས། ངོ་མ་བཤད་ན། ལོ་རྒྱུས་ཐོག་གི་རུས་མིང་དང་ས་མིང་ལ་ལ་ཞིག་ཐད་ཀར་དོན་ཅི་ཞིག་སྟོན་པར་དེ་བཞིན་གོ་བ་མ་གཏོགས། ས་འགྲེལ་གནམ་འགྲེལ་མང་ཙམ་བྱས་ན་ལྷག་ཏུ་དོན་གཞན་དུ་འཁྱུག་ཏུ་འགྲོ། དེའི་ཕྱིར། སོ་རག་གསེར་ཕྲེང་སོགས་ལོ་རྒྱུས་ཡིག་ཆ་རྙིང་གྲས་སུ་གུང་ནི་རུས་ཏེ་ཞེས་ཁ་གསལ་བོར་འགྲེལ་བར་ཐེ་ཚོམ་བྱ་དགོས་དོན་མེད་ལ། ལྷག་ཏུ་དེ་ལ་འགྲེལ་གསར་ཞིག་གདབ་དགོས་དོན་དེ་བས་མེད་པར་སྙམ།
          ལ་ལ་ཞིག་གིས་གུང་པ་ཚང་ནང་ཆེན་པོའི་རྒྱལ་རབས་དང་པོ་ཡིན་ན། ཕྱིས་སུ་ནང་ཆེན་རྒྱལ་རབས་གྲས་སུ་གུང་པ་ཞེས་པའི་མིང་ཙམ་མེད་པ་ཅིའི་ཕྱིར་ཡིན་ཟེར་ན། འདིར་ཁོ་བོས་ནང་ཆེན་རྒྱལ་རབས་དང་པོ་དེ་གུང་བ་ཡིན་ཟེར་བ་མ་གཏོགས། ནང་ཆེན་པོའི་གདུང་རབས་ཚང་མ་གུང་པས་རྒྱུད་འཛིན་བྱས་པ་ཡིན་ཟེར་བ་གཏན་ནས་མིན། གུང་སྒོམ་ཨའུ་ལ་རིགས་རྒྱུད་ཡོད་མེད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་མིག་སྔར་མ་མཐོང་བས་འདིར་དཔྱད་པའི་ཡུལ་དུ་མ་གྱུར། ཡང་གཅིག་བསམ་ན་ཁོ་བོ་ནི་སྤྱན་སྔར་རས་པ་དཀར་པོའི་ཐུགས་སྲས་གཙོ་བོ་ཡིན་དང་། སྐུ་ཚེ་སྨད་དུ་སྐུ་འབུམ་རྩར་སྒོམ་ལ་ཞུགས་སྟེ་ཆོས་ཀྱི་ལས་ཁོ་ནར་བཞོལ་བས། འཁོར་བར་དེ་ཙམ་ཆགས་ཞེན་ཅན་ཞིག་མིན་པ་གསལ། གང་ལྟར་དགུང་གྲངས་དྲུག་ཅུའི་ཐོག་སྐུ་གྲོངས་རྗེས། རུས་མང་རྗེ་ཅན་གྱི་ཚུལ་པ་ཤེས་རབ་དཀོན་མཆོག་དང་རུས་སུམ་པ་འབྲོ་ལྡོག་ཅན་གྱི་ལྷ་པ་ཤག་རྒྱལ་གཉིས་ཀྱིས་རྒྱལ་པོའི་གསེར་དངུལ་གྱི་ལས་ཀ་བླངས་ཞིང་རྒྱལ་ཁྲིམས་ཀྱི་ཞབས་ཏོག་མཛད་ཚུལ་ལ་བལྟས་ན། གུང་སྒོམ་ཨའུ་ལ་རིགས་རྒྱུད་མེད་པའམ་ཡང་ན་རིགས་སྲས་ཀྱི་གདུང་རྒྱུད་འཛིན་མ་ཐུབ་པར། རེ་ཞིག་རྒྱལ་པོའི་ཆབ་སྲིད་ཀྱི་ལས་ཀ་དག་ཚུལ་ལྷ་གཉིས་ཀྱིས་བློན་གྱི་ལས་གནས་ཐོག་ནས་ཞབས་ཏོག་ཞུས།
          གསུམ་པ། གུང་སྒོམ་ཨའུས་གནས་དྲུག་ཁྲི་སྐོར་བདག་ཏུ་བཟུང་སྟེ་ནང་ཆེན་རྒྱལ་རབས་དབུ་བརྙེས།
          ནང་ཆེན་རྒྱལ་རབས་ཇི་ལྟར་དབུ་རྙེད་ཚུལ་བརྗོད་པར། དང་ཐོག་ཏི་ཤྲཱི་རས་པ་དཀར་པོ་ནས་མགོ་སློང་དགོས་ཏེ། ནང་ཆེན་རྒྱལ་རབས་དེ་ཏི་ཤྲཱི་རས་པ་དཀར་པོ་སྐུ་གཤེགས་པར་སྤྱན་སྔ་རས་པ་དཀར་པོ་སོགས་ཐུགས་ཀྱི་སྲས་པོ་དག་གིས་དགུང་རྫོགས་ལ་གདུང་རྟེན་དང་དགོན་པ་སོགས་བཞེངས་པའི་རྨང་གཞིའི་ཐོག་བྱུང་བ་གྲགས་པས་སོ།
          གཅིག ཏི་ཤྲཱི་རས་པ་དཀར་པོ།
          ཏི་ཤྲཱི་རས་པ་དཀར་པོ་ནི་འབའ་རོམ་དར་མ་དབང་ཕྱུག་གི་ཐུགས་སྲས་གཙོ་བོ་ཡིན་ལ། འབའ་རོམ་བཀའ་རྒྱུད་དེ་ཡབ་སྲས་འདི་ནས་བརྒྱུད་པ་ཡིན། ཏི་ཤྲཱི་རས་པ་དཀར་པོ་དང་འབྲེལ་བའི་ལོ་རྒྱུས་ནི་སོ་རག་བྱ་བྲལ་གྱིས་མཛད་པའི་འབའ་རོམ་གསེར་ཕྲེང་གི་རྣམ་ཐར་མདོར་བསྡུས་རིན་ཆེན་རྒྱན་ཕྲེང་དང་། ཤོར་ཕུ་གསེར་ཕྲེང་དུ་འགྲོ་མགོན་ཏི་ཤྲཱི་རས་ཆེན་གྱི་རྣམ་ཐར། ཁྱད་པར་དུ་ཉིད་ཀྱི་ཐུགས་སྲས་སྤྱན་སྔར་རས་པ་དཀར་པོས་མཛད་པའི་བླ་མ་རིན་པོ་ཆེ་འགྲོ་བའི་མགོན་པོ་ཏི་ཤྲཱི་རས་པའི་རྣམ་པར་ཐར་པ་ནི་ཅུང་རྒྱས་ཤོས་ཡིན།
          ཏི་ཤྲཱི་རས་ཆེན་འཁྲུངས་ཡུལ་ནི་འདམ་ཤོད་སྣར་མོར་ཡབ་དར་ཁྲ་བོ་དང་ཡུམ་སྐ་བཟའ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་སྤྲེལ་ལོ་སྟེ་༡༡༦༤ལོར་སྐུ་འཁྲུངས། གདུང་ནི་བོད་ཀྱི་རུས་ཆེན་བཞི་ལས་ཨ་ལྕགས་འབྲུའམ་སྟོང་ལས་མཆེད་ཅིང་། སྐུ་ན་ཆུང་དུས་ལེ་གུ་བོན་པོས་རྩིས་བྱས་པས་བན་དེ་བཟང་པོ་ཞིག་ཡོང་བར་འདུག་སྐད། སྐབས་དེའི་དུས་མཚན་ལ་ཧོར་གྲགས་ཞེས་ཟེར། དགུང་ལོ་བདུན་ནས་ཀློག་ཚེགས་མེད་མཁྱེན། བླ་མ་འབའ་རོམ་དར་མ་དབང་ཕྱུག་མཆོག་ནམ་ཞིག་མདོ་ཁམས་ཕྱོགས་ཀྱི་རྩི་བར་ན་བཞུགས་པ་ཐོས་པས་མཇལ་དུ་བྱོན། དད་པ་བསམ་གྱིས་མི་ཁྱབ་པ་བྱུང་། རུ་བར་གདན་དྲངས་ནས་དར་ཡུག་ནོར་སྐལ་དང་བཅས་ཕུལ། དགུང་ལོ་བཅོ་ལྔའི་ཐོག་མཚལ་གུང་ཐང་དུ་ཕེབས་ཏེ་ཞང་རིན་པོ་ཆེའི་སྐུ་མདུན་ནས་ཡི་དམ་ལྷའི་བསྐྱེད་རིམ་ཆོས་སྐྱོང་ཕྱག་བཞི་པའི་དབང་བསྐུར་མཛད་དུས་ཡེ་ཤེས་པ་ཕེབས་རྟགས་སུ་འཕར་ནས་ནམ་མཁའ་ལ་འདུག་པ་བྱུང་། ཉིན་མཚན་མེད་པར་ཕྱག་ཆེན་གྱི་དུས་འདའ། དགུང་ལོ་ཉེར་ལྔའི་དུ་བླ་མ་རིན་པོ་ཆེ་འབའ་རོམ་པ་ཁམས་ནས་ཡར་ཕེབས། མདུན་དུ་ཕྱག་འབུལ་ལ་བྱོན་པས་ཐུགས་དགྱེས་མཛད་དེར་རབ་ཏུ་བྱུང་། བླ་མས་ཕྱག་རྒྱ་ཆེན་པོའི་ཁྲིད་གནང་ཏེ་ངོ་སྤྲོད་རྒྱས་པ་མཛད་ནས་ཞག་བཞི་ནས་ཕྱག་རྒྱ་ཆེན་པོ་མཉམ་རྗེས་འདྲེས་པའི་རྟོགས་པ་ནམ་མཁའ་དང་མཉམ་པ་འཁྲུངས། འབྲི་གུང་ལ་བྱོན་སྐབས་དགོན་པ་མཐོང་མ་ཐག་ཕྱག་འཚལ་མོས་གུས་ཞུས་པས་དགོན་དེ་བདེ་མཆོག་ལྷ་དྲུག་བཅུ་རྩ་གཉིས་སུ་ཞལ་གཟིགས། སྐྱོབ་པ་རིན་ཆེན་མགོན་པོ་མཇལ་ནས་ལྔ་ལྡན་དང་ལམ་འབྲས་སོགས་གསན། རིན་པོ་ཆེ་ཐག་མ་བའི་དྲུང་དུ་བསྙེན་རྫོགས་མཛད་དེ་འདུལ་བ་སོགས་གསན།
          ཉིན་ཞིག་སེ་ཐུང་བ་རལ་གུ་སེར་པོ་དང་ཞྭ་མོ་ཅོག་ཅོག་གྱོན་པ་ཞིག་བྱུང་། གང་ནས་འོང་བྱས་པས། མདོ་སྨད་ནས་འོང་ཟེར། ཅི་ཡང་མ་དྲིས་ཡང་མེ་ཉག་རྒྱལ་པོ་འདས་ནས་དེའི་སྲས་གྲུབ་ཆེན་མ་ཏི་གིའི་སྐྱེ་བར་གྲགས་ཆོས་རྒྱལ་ཐས་ཧུ་བྱ་བ་རྒྱལ་ས་འཕོས་ནས་ཡོད། ཁོང་བསོད་ནམས་ཀྱང་ཆེ་སྟེ་ཟེར་ནས་གར་སོང་ཆ་མེད་དུ་གྱུར། གནས་ཚུལ་དེ་གསན་མ་ཐག་འབྱོན་འདོད་དྲག་ཏུ་སྐྱེས། གནས་ཚུལ་དེ་བླ་མ་རིན་པོ་ཆེ་འབའ་རོམ་ཚང་ལ་མདོ་སྨད་དང་མེ་ཉག་ཡུལ་དུ་འགྲོ་ཞུས་པས་བཀས་གནང་། བླ་མ་རིན་པོ་ཆེས་ཚེམས་གཅིག་དད་རྟེན་དུ་གནང་། དེ་ལྟར་འབའ་རོམ་ལ་ལོ་བདུན་བཞུགས་ཏེ་སེམས་ཅན་གྱི་འགྲོ་དོན་དུ་མི་ཉག་ལ་ཡོད་ཚུལ་ལྷ་དང་སྲུང་མས་ལུང་བསྟན་པ་བཞིན། ཡོས་ལོ་ཟླ་བ་བརྒྱད་པའི་ཚེས་བཅོ་བདུན་འགྲོ་རོགས་གྲོགས་པོ་འགའ་དང་མཉམ་དུ་སོང་། དངུལ་ཁ་འཛི་སྐེ་སུམ་མེད་ནས་གྱིང་ཐང་། འདན་ཀློང་ཐང་། རེ་ཁ། དབང་གྲོང་། ཏྲེ་རོང་རྒྱུད། ལིང་ཅུ་བཅས་བརྒྱུད་དེ་དགུང་ལོ་སོ་ལྔའི་ཐོག་མི་ཉག་དུ་བསྟན་འགྲོ་དོན་ཆེན་སྤེལ། ཀམ་ཆུ་གུ་རུབ་དགོན་དང་གཟི་འགའ་དགོན་བཏབ་པར་མི་རིང་བར་དགེ་འདུན་པ་ཉིས་སྟོང་ལྷག་འཆད་ཉན་གྱི་གནས་སུ་གྱུར། གཞན་མཁར་ལུང་ཤེས་རབ་ཉི་མའི་སྡེ་ལྷ་ལུང་། ར་དགོན་བླ་ཆེན་དགོན། བྱར་ས་དགོན་སོགས་སུ་སྒྲུབ་གྲྭ་དུ་མ་བཏབ་པས་བཤད་སྒྲུབ་འཆད་ཉན་ལ་རང་དབང་མངའ་བའི་དགེ་འདུན་པ་ཁྲི་ཕྲག་ལས་བརྒལ། ཆོས་རྒྱལ་ཐའི་ཧུའི་རྒྱལ་སྲིད་བཏང་ནས་སྲས་རྒྱལ་བུ་རྒྱལ་རྒོད་རྒྱལ་སར་བཏོན། དུས་དེར་ཧོར་དམག་གིས་གྷ་མཁར་བསྐོར་བ་དང་། ཆུས་ཕོ་བྲང་འཇིགས་ལ་ཉེ་བའི་ཚེ་རྒྱལ་པོ་ཤིན་ཏུ་བྲེད་པ་ལ་མི་འཇིགས་པའི་དབུག་འབྱིན་པ་དང་། དམག་ཟློག་གི་གཏོར་ཆེན་འཕེན་སྐབས་བསྐུལ་བ་དུད་ཁྲོད་བསིལ་ཚལ་ལ་གྱེར་རིང་མཛད། དེའི་དུས་མགོན་པོ་ཕྱག་བཞི་བ་ལས་མགོན་གཉིས་བཅས་གཙོ་འཁོར་གསུམ་ཞལ་གཟིགས་གཅིག་གིས་མཆུ་ལ་གཅིག་གིས་ཕྱག་འཇུས་ནས་ཐང་ངང་ལས་རིང་བར་འདུག་གསུངས་པས། སྐབས་འདིར་རིང་དགོས་པར་འདུག་གསུངས། ཆུ་རལ་ཞིང་ཐམས་ཅད་ཁྱེར་ནས་ཧོར་དམག་ཕམ། རྒྱལ་པོ་རྒྱལ་རྒོད་ཤིན་ཏུ་དད་དེ་དབང་བསྐུར་ཞུས། ཏི་ཤྲཱི་ཞེས་བོད་སྐད་དུ་རྒྱལ་པོའི་སྤྱི་བོ་ནས་དབང་བསྐུར་བའི་བླ་མ་ཞེས་པ་སྟེ། ཏི་ཤྲཱི་ལས་ཀ་དང་། འབའ་རོམ་ཤེལ་སྐུ། བེེཌཱུརྱའི་གླེགས་བམ་སོགས་འབུལ་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང་རྟག་པར་བཞུགས་ཀྱང་། དགུང་གྲངས་རེ་གསུམ་ཐོག་ཕྱིར་བོད་ལ་ཕེབས། དེ་ལྟར་བགྲང་བྱ་ཉེར་བརྒྱད་ཀྱི་རིང་དུ་མི་ཉག་ཏུ་བསྟན་འགྲོ་དོན་ཆེན་སྤེལ་བས་གོང་རྒྱལ་པོ་ནས་དམའ་འབངས་མི་བར་གྱིས་དད་གུས་ལྷག་ཏུ་ཆེ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716