སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ། །
སྤེལ་དུས། 2017-12-05   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  རོང་བོ་ལྷ་རྒྱལ་དཔལ།

          ༄༅། །མཆོད་བརྗོད་བཞུགས་སོ། །

          ཨོཾ་ན་མོ་གུ་རུ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དང་འཕགས་པ་འཇམ་དཔལ་དབྱངས་ལ་སྒོ་གསུམ་གུས་པའི་ཕྱག་འཚལ་ལོ། །

གྲངས་མེད་གསུམ་ལ་ཚོགས་གཉིས་རིན་ཆེན་གཉེར། །

འབད་པ་དུ་མས་བསགས་ཀྱང་བདག་མ་བཟུང་། །

ཕངས་མེད་འགྲོ་ལ་བསྩལ་པ་ཤཱཀྱའི་ཏོག།

ཚེ་རབས་གཏན་གྱི་སྐྱབས་ལ་སུས་མི་གུས། །

དབྱངས་རིག་འགྱུར་མེད་བྲལ་བའི་མཁའ་དབྱིངས་ནས། །

རང་གསལ་འོད་མདངས་འཕྲོས་པའི་མགོན་མཆོག་གི།

ཐུགས་རོལ་མཚན་དཔེ་འཆར་ཁའི་གྲོགས་བཟུང་སྟེ། །

མངལ་སྤངས་མཚོ་སྐྱེས་བླ་མ་བདག་གི་མགོན། །

ཐུགས་སྐྱེད་མཐའ་གྲུའི་ས་གཞིའི་དཔལ་མངའ་བ། །

སྨིན་པའི་ཆུ་གཏེར་བཞི་ཡི་དཀྱིལ་འཁོར་ལ། །

འཕྲིན་ལས་རྦ་རླབས་དཀར་པོས་འཛམ་གླིང་གཡོ། །

ཁྲི་སྲོང་ལྡེ་བཙན་སྙན་པ་སྲིད་ན་མཐོ། །

བསླབ་ཁྲིམས་གསེར་གྱི་འཁོར་ལོ་རྩིབས་སྟོང་ནི། །

ཉེས་བྱེད་གཡའ་ཡི་མ་རེག་འོད་མདངས་ཀྱིས། །

འཕགས་ཡུལ་འདུལ་འཛིན་ཕལ་ཆེར་མཉམ་པར་བྱས། །

བསྟན་པའི་སྒྲོན་མེ་ཞི་བའི་མཚན་ཅན་འདུད། །

ཟབ་མོ་ལྟ་རྒྱུད་རིན་ཆེན་གདུགས་མཛེས་ལ། །

རྒྱ་ཆེན་བྱང་ཆུབ་གསེར་གྱི་པ་ཏྲས་རྒྱན། །

ཨ་ཏི་ཟབ་དོན་ནོར་བུའི་ཏོག་སྤོ་སྟེ། །

སྲིད་ན་མཉམ་མེད་ཀུན་མཁྱེན་གསུམ་ལ་འདུད། །

མི་འགྱུར་སྤྲོས་དང་བྲལ་བའི་མཁའ་དབྱིངས་ནས། །

མི་རྟོག་ཡེ་ཤེས་ཟླ་བའི་རྗེས་བསྙེགས་ཏེ། །

གང་འདུལ་ཆུ་མིག་སྒེག་མོའི་ཟླ་འགྲོགས་ནས། །

འགག་མེད་འཆར་བ་གྱི་ལིང་པ་ལ་མཆོད། །

          ཅེས་མཆོད་བརྗོད་མེ་ཏོག་པདྨ་དཀར་པོས་མདུན་བསུས་ཏེ། སྔོན་འགྲོའི་ཡན་ལག་ཚུལ་དུ་ཡུལ་གྲུའི་རྣམ་པ་སོགས་ཅུང་ཙམ་གླེང་ན།  གནའ་བའི་དུས་ནས་བཟུང་སྟེ་སྙན་གྲགས་ཀྱི་རྒྱལ་མཚན་ནམ་མཁའི་དབྱིངས་སུ་གཡོ་བའི་མདོ་སྨད་ཙོང་ཁའི་ཡུལ་གྲུ་ཆེན་པོའི་བྱེ་བྲག་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གདེངས་ཅན་བློན་པོའི་ཚུལ་འཛིན་སེམས་དཔའ་ཆེན་པོའི་ཕོ་བྲང་དུ་ལུང་གིས་བསྟན་པའི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ།  བཀའ་བློན་ཆེན་པོ་མགར་སྟོང་བཙན་ཡབ་སྲས་ཀྱིས་དྲག་པོ་གཡུལ་གྱི་ལས་མཛད་པར་རྒྱ་བོད་ལོ་རྒྱུས་བང་མཛོད་དུ་མར་གསལ་བའི་གནས། རྒྱལ་ཡུམ་དཔལ་མོའི་རྣམ་པར་རོལ་བ་རྒྱ་བཟའ་ཀོང་ཇོས་ཇོ་བོ་ཡིད་བཞིན་ནོར་བུ་གདན་དྲངས་ནས་གངས་ལྗོངས་དབུས་སུ་ཕེབས་པའི་ལམ་བར་དུ་ཡུན་རིང་བཞུགས་ཤིང་བྱིན་གྱིས་བརླབས་པའི་ཡུལ། ཁྱད་པར་དུ་རྒྱབ་རི་མཉམ་མེད་བུ་རམ་ཤིང་བའི་ལུགས་བཟང་གི་གདུགས་དཀར་གཡོ་བ་མེད་པར་བརྟན་པའི་མཚན་མ་ལ་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཆེན་པོ་བློན་པོ་གསེར་ཆེན་གྱི་ཕོ་བྲང་ཆུ་འཛིན་དཀར་པོའི་དབུས་སུ་གདུགས་དཀར་སྒྲེང་བ་ལྟ་བུ་དང་།  ཤར་ན་སྡེ་བཞིའི་ལེགས་ཚོགས་ཀྱི་བང་མཛོད་ངང་གིས་འདུ་བའི་མཚན་མ་ལ་བར་ཝོན་དུང་རི་དཀར་བོ་ཡིད་བཞིན་གྱི་ནོར་བུ་སྤུངས་པ་ལྟ་བུ།  ནུབ་ན་མི་མཐུན་ཕས་རྒོལ་ཟིལ་གྱིས་གནོན་པའི་མཚན་མ་ལ་དཔའ་ཐུལ་ལྕགས་རི་ནག་པོ་དཔའ་རྒོད་འཁོར་གསུམ་ཅན་གྱིས་གཡུལ་ལ་ཆས་པ་ལྟ་བུ།  མདུན་ན་ཆོས་སྤྱོད་རྣམ་བཞིའི་རྒྱུན་བཟང་ནམ་ཡང་ཆད་པ་མེད་པའི་མཚན་མ་ལ་རྨ་ཀླུང་གསེར་ལྡན་ཕྱུག་མོས་ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་མདུན་བསུས་ཏེ་ཉིན་མཚན་དུས་དྲུག་ཀུན་ཏུ་དལ་གྱིས་འབབ་པ།  དབུས་སུ་ཆབ་འགག་བཀྲ་ཤིས་དར་ཐང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་སྡོད་གནས་ཆབ་ཆ་གྲོང་བརྡལ་གྱི་བྱང་ཕྱོགས་སུ་སྤྱིའི་ལེ་བར་དྲུག་ཙམ་གྱི་གསེར་ཆེན་རྫོང་ཞན་ཆབ་ཆ་ཞང་དཀྱིལ་གདོང་སྡེ་བར་ལྷང་ངེར་བཞེངས་ཤིང་།  ཧ་ལམ་ཆེན་རྒྱལ་རབས་ཀྱི་གོང་མ་འོད་གསལ་རྒྱལ་པོ་ཞེས་ཀོང་ཞི་ཁྲི་ལོ་གཉིས་པ་རབ་བྱུང་བཅོ་ལྔ་བའི་མེ་ཕོ་བྱི་བ1876ལོར་གསང་སྔགས་བསྟན་པའི་མངའ་བདག་ཆེན་པོ ༧གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་དཔལ་བཟང་པོས་ཕྱག་འདེབས་མཛད་ནས།  ད་ལྟའི་བར་ལ་ཧ་ལམ་ལོ་ངོ་ཆིག་བརྒྱ་དང་སུམ་ཅུ་སོ་བརྒྱད་ཙམ་འདས་སོ། །

            ལེའུ་དང་པོ།  བླ་མའི་རྣམ་ཐར་མདོ་ཙམ་གླེང་པའི་སྐོར།

            དེ་ཡང་སྐུའི་ཕྲེང་བ་སྲིད་པའི་ཁམས་སུ་སྐྱེ་བ་ཇི་ལྟར་བཞེས་ཚུལ་སྤྱིར་བཏང་ན་ཡེ་གདོད་མ་ནས་རང་རིག་ཀུན་ཏུ་བཟང་པོ་ས་ལ་མངོན་པར་རྫོགས་པའི་བྱང་ཆུབ་ན་ཡང་གདུལ་བྱ་འདུལ་ཕྱིར་རེ་འགའ་སངས་རྒྱས་དང་བྱང་ཆུབ་ཀྱི་ཚུལ་བཟུང་ནས་འགྲོ་དོན་མཛད་ཅིང་།  དེ་བཞིན་དུ་རི་དྭགས་དང་གཅན་གཟན་དུ་སྐྱེ་བ་མཛད་པ།  བུད་མེད་མཐོ་དམན་དྲག་ཞན་ལ་སོགས་སུ་སྐྱེ་བཞེས་པ།  སྐྱེ་བ་འདི་མ་བཞེས་ཞེས་ཚད་རང་ཉིད་མ་གཏོགས་གང་གིས་ཀྱང་བཟུང་བར་མི་ནུས་ཏེ།  ཇི་སྐད་དུ། 

བརྒྱ་བྱིན་ཚངས་པའི་དངོས་པོ་དང་། །

ལ་ལ་བདུད་ཀྱི་ཤ་ཚུགས་ཀྱིས། །

སེམས་ཅན་རྣམས་ཀྱི་དོན་མཛད་དེ། །

འཇིག་རྟེན་རྣམས་ཀྱིས་ཤེས་མི་ནུས། །

བུད་མེད་ཆ་བྱད་སྤྱོད་པ་མཛད། །

དུད་འགྲོའི་སྐྱེ་གནས་ན་ཡང་དགའ། །

འདོད་ཆགས་མི་མངའ་ཆགས་པའི་ཚུལ། །

འཇིག་པ་མི་མངའ་འཇིག་པའི་ཚུལ། །

རྨོངས་མེད་རྨོངས་པའི་འཇིག་པའི་ཚུལ། །

རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས། །

སེམས་ཅན་རྣམས་ནི་འདུལ་བར་མཛད། །

ཅེས་གསུངས་ཡོད་པ་དང་།  གཞན་ཡང་།

ཞར་བ་འོན་པའི་ཚུལ་བཟུང་སྟེ། །

སེམས་ཅན་དོན་རྣམས་རྒྱ་ཆེར་མཛད། །

ཅེས་སོགས་དང་།  ཁྱད་པར་དུ་རྫོགས་པའི་སངས་རྒྱས་གཉིས་པ་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་བ་རྒྱས་པར་བཀོད་པ་ཞེས་བྱ་བ་ལས།

སློབ་དཔོན་པདྨའི་ཞལ་ནས་འདི་སྐད་གསུངས༔

ཁྱོད་ཀྱིས་ང་ལ་སེམས་བསྐྱེད་ཉམས་འཇུག་གམ༔

མི་དགའ་མི་དགོས་དམྱལ་བ་ངོ་མཚར་ཆེ༔

སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིན༔

བསྟན་པའི་བདག་པོ་ཤཱཀྱ་ཐུབ་པས་ཀྱང༔

དག་པའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང༔

མ་དག་སྐྱེ་བ་ལྔ་བརྒྱ་བླངས་ཚུལ་བསྟན༔

བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཀྱངཿ

འཁོར་བ་མ་སྟོང་བར་དུ་སེམས་བསྐྱེད་ནས༔

སེམས་བསྐྱེད་ཉམས་ནས་དབུ་ཚལ་སྟོང་དུ་གས༔

འོད་དཔག་མེད་པས་བཅུ་གཅིག་ཞལ་བྱིན་བརླབས༔

སངས་རྒྱས་བྱང་ཆུབ་སེམས་དཔའི་མཛད་པ་ནི༔

རང་གི་འདུག་སར་ཞི་བདེ་མི་སྒྲུབ་ཅིང༔

འགྲོ་བ་མང་པོའི་དོན་དུ་དགའ་བ་སྤྱདཿ

ཐབ་པའི་སྐྱེས་རབས་པད་འབྱུང་རྣམ་ཐར་ལྟོས༔

སེམས་ཅན་ཐུགས་རྗེ་མི་འཛིན་བློས་གཏོང་ངམ༔

དད་པ་མཚོན་ཕྱིར་སྡུག་བསྔལ་བཟོད་པར་གྱིས༔

མི་མཇེད་འཇིག་རྟེན་བྱེ་བ་ཕྲག་ས་ཡའི༔

ཞིང་ཁམས་ཀུན་ཏུ་མཆོག་གྲུབ་དེ་བཞིན་ནོ༔

ལེགས་སོ་ལེགས་སོ་ཡེ་ཤེས་མཆོག་གྲུབ་རྒྱལ༔

ཀུན་དང་ཡིད་མཐུན་འགྲོ་ཀུན་བསམ་པ་འགྲུབ༔

སྐྱེ་བ་མི་བགྲང་མངོན་པར་རྫོགས་འཚང་རྒྱཿ

དེ་དུས་སེམས་ཅན་ལས་འཕྲོ་བཟང་པོ་རྣམས༔

སྲིད་པ་མི་ཡི་བུ་རུ་སྐྱེས་པ་ལ༔

ཨུ་རྒྱན་ངས་ཀྱང་ཕྱིར་མི་ལྡོག་ལུང་བསྟན༔

ཞིང་ཁམས་འདི་ཡི་སྐྱེས་རབས་མང་ན་ཡང༔

བོད་དུ་འབྱུང་ཚུལ་ཟུར་ཙམ་བསྟན་པ་ཡིན༔

          ཞེས་གསུངས་པ་སོགས་བཀའ་ལུང་གྲངས་ལས་འདས་པ་དང་། རྒྱལ་བསྟན་དཔལ་མགོན་མཆོག་གི་གཙུག་རྒྱན་ཡིད་བཞིན་ནོར་བུ་གྱི་ལིང་གཏེར་སྟོན་སྐྱེས་ཕྲེང་ལྔ་བ་རིན་པོ་ཆེ༧བདེ་ཆེན་འཇིགས་མེད་རྡོ་རྗེ་དཔལ་བཟང་པོའི་མི་འགྱུར་སྐུ་ཡི་ཕྲེང་རབས་བྱོན་པ་སྟེ། དང་པོ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་དབང་དུ་བྱས་ནས་རྒྱ་གར་འཕགས་ཡུལ་གྲུབ་བརྒྱའི་མེས་པོ་མངའ་བ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བསྙེན་རྫོགས་མཁན་པོར་མངའ་གསོལ་མཛད་པའི་གྲུབ་ཆེན༧ས་རཱ་ཧ་ཞེས་མཚན་སྙན་སྲིད་པའི་ཁམས་སུ་མཆོད་སྤྲིན་གྱི་བླ་བྲིས་མེ་ཏོག་སྲིད་ན་གཡོ་བ་དེ་ཉིད་དང་། གཉིས་པ་བྱང་སེམས་དཀོན་མཆོག་འབྱུང་གནས་ལ་སོགས་པའི་སྐྱེས་ཕྲེང་དུ་མ་བཞེས་ཏེ་འཕགས་ཡུལ་དུ་སངས་རྒྱས་བསྟན་པ་དང་ཁམས་གསུམ་འགྲོ་དྲུག་སྤྱི་ལ་ཕན་པ་དཔག་མེད་མཛད་ཅིང་། ཐུགས་སྨོན་རྟེན་འབྲེལ་ཁ་བའི་ལྗོངས་སུ་ཤར་ཚུལ་ནི་གངས་རི་ར་བའི་མུ་ཁྱུད་རབ་ཏུ་མཛེས་པའི་ཡུལ་ལྗོངས་འདི་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་འགྲོ་བའི་སྡུག་བསྔལ་གྱི་མུན་པ་བསལ་བའི་ཕྱིར་རྒྱལ་བསྟན་རྟ་བདུན་དབང་བོའི་འོད་སྣང་གི་སྐྱ་རེངས་ཐོག་མར་བཞད་པ་ནས་བཟུང་སྟེ། གང་ཉིད་ཀྱང་ཟླ་བའི་རྗེས་སུ་རྒྱུ་སྐར་འབྲངས་བ་བཞིན་དུ་སྐྱེ་བའི་ཕྲེང་བ་བརྒྱུད་མར་བཞེས་ནས་བསྟན་འགྲོའི་དོན་རྣམས་རླབས་ཆེན་མཛད་འདུག གསུམ་པ་གཏེར་སྟོན་བརྒྱད་རྩ་བརྒྱད་ཀྱི་ཡ་གྱལ་དུ་གྲགས་པའི་གཏེར་ཆེན་རཏྣ་གླིང་བ་དང་།  བཞི་བ་མཁས་དང་གྲུབ་པའི་འཁོར་ལོས་བསྒྱུར་བ་དང་མཚན་གྱི་རོལ་མོ་ཕྱོགས་བཅུར་རྒྱས་པའི་མངའ་བདག་ཆེན་པོ ༧གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་རིན་པོ་ཆེས་ཀྱང་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་སྔ་འགྱུར་བསྟན་པའི་རྩ་བ་གཞི་ནས་བསླངས་པ་གཅིག་པོ་ཡང་བཀའ་དྲིན་གཞན་གྱིས་མི་ལོངས་ཤིང་། ཁ་བ་རི་བོའི་ལྗོངས་སུ་ལུང་དང་རྟོགས་པའི་ཡོན་ཏན་གྱི་རྩེར་སོན་པར་རློན་པ་འཕྲིན་ལས་དང་གྲགས་པ་ཆེས་ཆེར་མཐོ་བ་རྣམས་ཀྱིས་ང་རྒྱལ་ཟིལ་དཔུང་མནན་ནས་མགོ་བོ་སྤྱི་གཙུག་གི་རྒྱན་ལ་བཀོད་པ་སོགས་བསམ་ཡུལ་ལས་འདས་པར་འདུག།།

            དེ་ཡང་མཁས་ཤིང་གྲུབ་པའི་དབང་ཕྱུག་བསམ་པའི་རྒྱུན་མ་ཆད་པར་ལྔ་བདོ་སྙིགས་མའི་དུས་སུ་ཡང་འགྲོ་ལ་བརྩེ་བའི་ཆ་ཤས་ཡོངས་སུ་རྫོགས་ཏེ།  སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་ཡོངས་སུ་གྲགས་པའི་ཚ་རོང་སྒང་གི་ཉེ་ཕྱོགས། རྨ་ཀླུང་གསེར་ལྡན་རིང་མོའི་སྟོད་རྒྱུད། ཡུལ་སྐྱོང་རྨ་རྒྱལ་སྦོམ་རའི་ཁོར་ཡུག  ཤར་ཁྲ་མོ་གླིང་བའི་མངའ་ཁོངས། རྨ་ཡུལ་མཐོང་བ་ཀུན་སྨོན་གྱི་སའི་ཆ། མགོ་ལོག་འབུམ་པ་ཁག་གསུམ་ཞེས་པའི་ཡུལ་གྲུའི་སི་ཁྲོན་དཀར་མཛེས་གསེར་རྟ་རྫོང་དབང་ཆེན་སྟོད་པའི་གྱི་ལིང་སྡེ་བར་སྐུ་བལྟམས་པ་དང་། བསྟན་པའི་འགྲོ་དོན་རྒྱ་ཆེན་པོ་མཛད་ནས།  བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྦྲུལ1941ལོར་ཉིད་ཀྱི་གདན་ས་དུ་མའི་ཡ་གྱལ་སྟེ་རོང་བོ་བློན་ཆོས་བོང་སྟག་ཞོལ་མའི་བྲ་ཚ་དགོན་སྨིན་གྲོལ་དར་རྒྱས་གླིང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པས། སྐབས་དེར་ཁོང་ཉིད་དགུང་ལོ་སུམ་བརྒྱ་དང་ལྔ་བཅུ་ཡིན་པར་གྲགས་པའང་འཇིག་རྟེན་ཐོག་ཏུ་སྤྲུལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོས་ངོ་མཚར་མཛད་པ་གནང་བ་ལས་མ་འདས་སོ། །

            འདི་རུ་ཁོང་གི་འཁྲུངས་ལོ་སོགས་གསལ་བོར་གསལ་ཆ་ཅན་གྱི་མི་དང་ལོ་རྒྱུས་དཔྱད་ཡིག་སོགས་ཀྱང་གསལ་བོ་མ་མཆིས་ནའང་ཁོང་གི་ཕྱག་ཡུལ་མགོ་ལོག་ཨ་སྐྱོང་འབུམ་པ་ཁག་གསུམ་དུ་ཁོང་དགུང་ལོ་སུམ་བརྒྱ་དང་ལྔ་བཅུར་བཞུགས་པ་ཡིན་ཞེས་ཡུལ་གྲུ་ཡོངས་སུ་ཁྱབ་ཆེ་བ་དང་། ཆབ་འགག་གསེར་གཞོང་རིང་མོ། བོང་སྟག་འཚོ་བ་བཅོ་བརྒྱད་སོགས་མཚོ་སྔོན་པོའི་མཐའ་འཁོར་དུ་ཡང་ཁོང་དགུང་ལོ་སུམ་བརྒྱ་དང་ལྔ་བཅུར་བཞུགས་པ་རེད་ཅེས་ཡོངས་སུ་གྲགས་ཤིང་། ཁྱད་པར་དུ་ཉེ་ལམ་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག1998ལོར་མགོ་ལོག་སྟོང་སྐྱབས་དགོན་བསྟར་གཉིས་དར་རྒྱས་གླིང་གི་འགྲོ་བའི་མགོན་པོ་སིངྷི་སྤྲུལ་བའི་སྐུ་གཞན་ཕན་བདེ་བའི་ཉི་མ་ཚང་དགུང་གྲངས་བརྒྱད་ཅུ་པར་ཆབ་ཆ་གྲོང་བརྡལ་དུ་ཞབས་པད་ཀྱི་རི་མོ་དངོས་སུ་བཀོད་པའི་དུས་སུ་ཁོང་གི་ཞལ་ནས་ཀྱང་འདི་ལྟར་གསུངས་མྱོང་པ་སྟེ། གྱི་ལིང་གཏེར་སྟོན་སྐུ་གོང་མ་ཚང་ནི་ཧ་ཅང་ངོ་མཚར་ཆེ་བ་དང་དགུང་ལོ་སུམ་བརྒྱ་དང་ལྔ་བཅུར་བཞུགས། ཁོང་ཞིང་ལ་ཕེབས་སྐབས་བོང་སྟག་བྲ་ཚའི་རྒད་པོ་ཞིག་གིས་ཁོང་གི་སྐུ་མདུན་དུ་ཁྱེད་ཀ་ད་ལྟ་དགུང་ལོ་ཅི་ཙམ་ཡིན་ཞེས་ཞུས་པར་ཁོང་གིས་ང་ལོ་སུམ་ཅུ་སོ་ལྔ་ཡིན་གསུངས་ཤིང་། དགུང་ལོ་སུམ་བརྒྱ་དང་ལྔ་བཅུ་ཡིན་ཚུལ་མཛད་པ་དང་། འོ་ན་ད་ཅི་ཙམ་ཞིག་ཏུ་བཞུགས་རྒྱུ་ཡིན་པར་ཁོང་གིས་ང་ལོ་ལྔ་བཅུར་འདུག་དགོས་པ་ཡིན་གསུངས་ནས་དགུང་ལོ་ལྔ་བརྒྱར་བཞུགས་ངེས་ཡིན་པའི་བརྡ་ལུང་གནང་ནའང་རྒད་པོ་དེས་ནང་དོན་མ་རྟོགས་པར་ཨ་ལ་ཨ་ལ་ད་ལྟ་ཁྱེད་ཀ་ངོ་མས་ཧོན་ལོག་འདུག  ད་ལྟ་འདུག་རན་མ་རེད་འགྲོ་རན་ཡིན་གསུངས་ཏེ་སྐུ་ཀྲོངས་པ་སོགས་ང་ལ་གསལ་ཆ་ཡོད་ཅེས་གསུངས། དེ་བས་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྦྲུལ1941ལོར་ཁོང་གི་སྐུ་ཀྲོངས་དུས་སུ་དགུང་ལོ་སུམ་བརྒྱ་དང་ལྔ་བཅུ་ཡིན་པའི་དབང་དུ་བཏང་ན་རབ་བྱུང་བཅུ་བའི་ཆུ་ཕོ་འབྲུག1592ལོར་སྐུ་འཁྲུངས་པ་ལས་མ་འདས་སོ།

            འོན་ཀྱང་ཁོང་གིས་བསྟེན་པའི་བླ་མ་སོགས་ལས་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་ཚང་གི་ཐུགས་སྲས་བུ་ཆེན་རྡོ་རྗེ་གདུང་བཞི་སྟེ། མི་འགྱུར་ནམ་མཁའ་རྡོ་རྗེ་དང་། རུས་པ་དམ་ཚིག་རྡོ་རྗེ།  ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། གྱི་ལིང་ཐེག་མཆོག་རྡོ་རྗེ་སོགས་དུས་མཉམ་ཡིན་ཚུལ་བསྟན་པ་ལས།  རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་ཚང་ནི་ཆིན་རྒྱལ་རབས་ཀྱི་གོང་མ་ལྷ་སྐྱོང་རྒྱལ་པོ་སྟེ་ཆེན་ལུང་ཁྲི་ལོ་བཅུ་བ་རབ་བྱུང་བཅུ་གཉིས་པའི་ཤིང་མོ་གླང1745ལོར་སྐུ་འཁྲུངས་པ་དང་། སྐབས་དེར་ཁོང་དགུང་ལོ་ཆིག་བརྒྱ་དང་ལྔ་བཅུ་ང་བཞི་ཡིན་པར་དཔྱད་འོས་ཤིང་། ཆིན་རྒྱལ་རབས་ཀྱི་གོང་མ་བསྔགས་སྨོན་རྒྱལ་པོ་སྟེ་ཀྱཱ་ཆེན་ཁྲི་ལོ་བཅོ་ལྔ་བ་རྡོ་གྲུབ་དགུངས་གྲངས་རེ་དྲུག་པ་རབ་བྱུང་བཅུ་བཞི་བའི་ལྕགས་ཕོ་རྟ1810ལོར་རྡོ་གྲུབ་ཆེན་དགོན་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་ཕྱག་འདེབས་མཛད་ཅིང་། རྡོ་གྲུབ་ཆེན་སྐུ་ཕྲེང་གཉིས་པ་འཇིགས་མེད་འབྱུང་གནས་ཚང་བྱོན་པ་དང་། རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་བོད་རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་འབྲུག1880ལོར་སྔོན་གནས་རྡོ་སྟོད་ཤུགས་ཆེན་སྟག་མགོ་ཞེས་བྱ་བ་ནས་ད་ལྟའི་རྡོ་ཡུལ་གྱི་ཁྲི་ཞེས་པའི་སའི་ཆ་རུ་གནས་སྤོས་ཏེ་གདན་ས་མཛད་ནས་རྡོ་གྲུབ་ཆེན་དགོན་གསང་ཆེན་དངོས་གྲུབ་དཔལ་འབར་གླིང་དངོས་སུ་ཕྱག་འདེབས་མཛད་ཅེས་ཟེར་བ་དང་། རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་ཐུབ་པ་ཚང་སྟེ་ད་ལྟ་འཕགས་ཡུལ་དུ་བཞུགས་པ་སོགས་འཁྲུངས། ད་དུང་མགོ་ལོག་རིག་གནས་ལོ་རྒྱུས་ཏེཡུལ་མགོ་ལོག་ཏུ་བྱུང་བའི་ཆོས་ལུགས་སྐོར་གྱི་གཏམ་ཟླ་ཤེལ་མེ་ལོངཞེས་བྱ་བ་ལས། མགོ་ལོག་བླ་མ་ཆོས་འབུམ་ཚང་གིས་ཨ་ཁྱུང་སྒང་ཞེས་པར་བོད་རབ་བྱུང་བརྒྱད་པའི་ཆུ་མོ་གླང1498ལོར་སྔ་འགྱུར་ཀ༔ཐོག་ལུགས་ཀྱི་དགོན་པ་ཞིག་ཕྱག་བཏབ་པའི་མིང་ལ་བྲག་དཀར་མགོ་མགོན་དུ་གྲགས་ཤིང་། དུས་རབས་ཅུ་བདུན་པའི་དུས་མཇུག་ཏུ་ཨ་སྐྱོང་བསྟན་འཛིན་དར་རྒྱས་ཀྱིས་བྲག་དཀར་དགོན་པ་དེ་གནས་སྤོས་ཏེ། སྔར་གྱི་ཀཿ ཐོག་གི་ཆོས་རྒྱུན་དེ་ཇོ་ནང་པ་ལ་བསྒྱུར་མོད་ཀྱང་དགོན་སྡེ་འདི་གཅིག་པུ་ཙམ་ལས་གཞན་ཀཿཐོག་གི་དགོན་པ་རྣམས་ཀྱི་ཆོས་རྒྱུན་བསྒྱུར་མ་ཐུབ་པས། ད་ལྟ་ཡང་མགོ་ལོག་གི་མངའ་ཁུངས་འདིར་ཀཿ ཐོག་རང་རྐང་མ་འགྱུར་བའི་དགོན་སྡེ་ཆེ་ཆུང་བཅུ་ཕྲག་གཉིས་ལ་ཉེ་བ་ཞིག་ཡོད་ཅིང་།  གཞན་ཡང་རྒྱལ་བ་ཀཿ ཐོག་མའི་རིང་ལུགས་འཛིན་པའི་སྐྱེས་ཆེན་དམ་པ་མཚམས་པ་དཔོན་རྒན་བྱང་ཆུབ་རྒྱལ་མཚན་དང་། ཡོངས་འཛིན་ཀརྨ་བཀྲ་ཤིས། རྗེ་ཀརྨ་ཚུལ་ཁྲིམས། དབང་མདའ་ཀུན་བཟང་བསྟན་འཛིན། གྱི་ལིང་ཐེག་མཆོག་རྡོ་རྗེ། གྱི་ལིང་བཀྲ་ཤིས་རྒྱ་མཚོ། དབང་ཆེན་བླ་མ་བསོད་ནམས་མཆོག་ལྡན། དབང་ཆེན་དབོན་པོ་དངོས་གྲུབ་རྒྱ་མཚོ། གླིང་སྤྲུལ་པདྨ་ལུང་རྟོགས་རྒྱ་མཚོ། གླིང་གཏེར་པདྨ་ལྷུན་གྲུབ་ནོར་བུ། དབང་མདའ་གྱང་སྤྲུལ་དོན་གྲུབ་རྡོ་རྗེ། དྲི་མེད་བྱང་སྤྲུལ་འཇིགས་མེད་ཕུན་ཚོགས། གླིང་བླ་མ་ཆོས་ཀྱི་རྡོ་རྗེ་སོགས་བླ་སྤྲུལ་བཅུ་ཕྲག་དུ་མ་ཞིག་མགོ་ལོག་ཏུ་འཁྲུངས་ནས་བསྟན་པ་ལ་བྱ་བ་མཛད།  ཁྱད་པར་དུ་རིག་འཛིན་འཇིགས་མེད་གླིང་བའི་ཡང་སྲིད་དེ་མ་ཐག་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ1797—?)ཚང་དང་རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ1865—1929ཚང་། ཞེ་ཆེན་རབ་འབྱམས་ལྔ་བ་སྣང་མཛད་གྲུབ་པའི་རྡོ་རྗེ1899—1959ཚང་སོགས་མཚན་གྱི་ཡི་གེ་ཟུར་ཙམ་ཡང་གཟུགས་སུ་གྲུབ་ན་ས་ཆེན་པོས་ཀྱང་ཐེག་པར་དཀའ་བའི་མཁས་གྲུབ་བཅུ་ཕྲག་དུ་མས་ཕྱོགས་འདིར་བསམ་བཞིན་དུ་སྐྱེ་སྲིད་བཞེས་པ་ནས་བཟུང་ཆོས་རྒྱུན་འདི་ཉིད་ཀྱི་བཤད་སྒྲུབ་ལས་གསུམ་སྒོ་ཀུན་ནས་རྫོགས་ལྡན་གྱི་སྐལ་བ་མངོན་དུ་མཛད་ཅེསམགོ་ལོག་རིག་གནས་ལོ་རྒྱུསནང་དུ་བཀོད་འདུག

            འདིར་ཡང་སྲིད་པའི་ངག་རྒྱུན་ལྟར་ན་ཁོང་དགུང་ལོ་སུམ་བརྒྱ་དང་ལྔ་བཅུར་བཞུགས་ཤིང་ཚེ་ལོ་མཐར་ཕྱིན་པའི་རིག་མ་ཡང་འགའ་རེར་བསྟེན་མྱོང་བ་ཟེར་སྲོལ་ཡོད་ཅིང་། སྲས་ཨ་འཇམ་དང་། ནམ་མཁའ་རྡོ་རྗེ། ཆོས་དབྱངས་རྒྱ་མཚོ། སྲས་མོ་ནོར་སྐྱིད་སོགས་ཡོད་ཟེར། བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ1956ལོར་སྲས་མོ་ནོར་སྐྱིད་ལོ་གྲངས་བརྒྱད་ཅུ་གྱ་གཅིག་པ་ལ་ཁོང་གི་ཡང་སྲིད་འདི་བ་དང་མཇལ་བ་མ་ཟད། ཁོ་མོར་བུ་ཨ་འཇིགས་དང་ཡེ་ཤེས་རྡོ་རྗེ་ཟེར་བ་གཉིས་ཀྱང་འདུག  དེ་བས་ན་སྲས་མོ་ནོར་སྐྱིད་ཀྱི་མིང་པོ་ཨ་འཇམ་ཡང་སྐབས་དེར་འདས་ཟིན་མོད། འོན་ཀྱང་ཁོ་མོ་ནི་བོད་རབ་བྱུང་བཅོ་ལྔ་བའི་མེ་ཕོ་བྱི་བ1876ལོར་སྐྱེ་བ་སོགས་ཤེས་ཐུབ་པ་དང་། དེ་དག་ལས་ཁོང་གི་འཁྲུངས་ལོ་སོགས་ཞིབ་འཇུག་བྱས་ཆོག་སེམས། །

            ཁོང་གི་ཕྱག་ཡུལ་དེ་ཡང་གནའ་སྔ་མོར་རྒོད་མ་ཞིག་ལ་རྟེའུ་གྱི་ལིང་བཙས་པས་གྱི་ལིང་ཞེས་པའི་སྡེ་མིང་ཐོགས། འདི་འདྲའི་ཡུལ་ཕྱོགས་སུ་ངོ་མཚར་ལྟས་བཟང་དང་བཅས་ཏེ་ཁོང་གི་སྐུ་འཁྲུངས་ནས། མགོ་ལོག་འབུམ་པ་ཁག་གསུམ་དུ་གྲགས་པའི་རབ་དཀར་ཤེལ་གྱི་ལྷུན་པོ་དགུང་ལ་བསྙེགས་འདྲའི་གངས་ཅན་བོད་ཀྱི་བླ་རི་ཤར་ཕྱོགས་རྨ་རྒྱལ་སྦོམ་རའི་ཁོར་ཡུག་ཏུ་དུས་ཡུན་རིང་བོར་བཞུགས་ཤིང་། སྐུ་ན་ཕྲ་བའི་དུས་ནས་བཟུང་སྟེ་ཡོངས་འཛིན་སྤྱི་བོས་བཀུར་ཏེ་ཡི་གེ་འབྲི་ཀློག་སོགས་ལ་བྱང་ཆུབ་པར་མ་ཟད་འཆད་རྩོམ་འབྲི་སོགས་ཅི་རིགས་གནང་ཞིང་། བསྟན་པའི་འཇུག་སྒོ་མ་ནོར་བར་ལུགས་གསར་རྙིང་ཟུང་གི་རིག་འཛིན་ཆེན་པོ་དང་བྱམས་སྙིང་རྗེའི་ལོ་འདབས་རབ་ཏུ་ཡངས་པའི་དགེ་བའི་བཤེས་གཉེན་དུ་མའི་མདུན་དུ་རང་སྲོག་ཡོན་དུ་ཕུལ་ནས་དཀའ་བ་དང་དུ་བླངས་ཏེ། ཐོས་བསམ་སྒོམ་གསུམ་དང་མཁྱེན་དཔྱོད་ཆེན་པོའི་སྒོ་ནས་སྒྲོ་འདོགས་ནང་ནས་བཅད་དེ་ངེས་ཤེས་གཏིང་ནས་འཁྲུངས།  བཤད་ཡམས་ཁ་ཤག་ཙམ་གྱི་སྟོན་པ་རུ་མ་སོང་བར་ཚིག་དོན་རང་གི་རྒྱུད་དུ་འཁྱོལ་བའི་མཁས་པའི་ཕ་རོལ་དུ་སོན།  མདོ་སྔགས་ཀྱི་གཞུང་ལུགས་ཆེན་མོ་ཀུན་ལ་གདར་ཤ་ཆོད་པར་སྦྱངས་པ་མཛད། ཁྱད་པར་དུ་ཡང་གསང་རྡོ་རྗེ་ཏོག་གི་བླ་རུ་མཐོ་བ་སྔ་འགྱུར་རང་རྒྱུད་བཀའ་དང་ཉེར་རྒྱུད་གཏེར་མངའ་སོགས་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་རྣམས་ཀྱི་དབང་ལུང་ཁྲིད་གསུམ་མ་ཐོས་པ་མེད་མོད།  འོན་ཀྱང་རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་ཁྲོ་བོ་ཐམས་ཅད་ཀྱི་གཤེད་མ་གུ་རུ་རྡོ་རྗེ་གྲོ་ལོད་ཕོག་པས་ཕྱི་ནང་གསང་གསུམ་གྱི་སྒྲུབ་པའི་དཀྱིལ་འཁོར་མ་ལུས་པར་རྒྱུད་རྒྱལ་ཉིད་ནས་ཇི་ལྟར་གསུང་བ་བཞིན་དང་ལེན་བྱས་ཏེ་སྒྲུབ་པ་ཉམས་སུ་བསྟར་རོ། །

             དེ་ཡང་ཚེ་རབས་ཐམས་ཅད་ནས་འབྲེལ་བའི་ལྷག་པའི་ལྷ་དང་།  ཁྱད་པར་དུ་གངས་ཅན་འགྲོ་བའི་ལྷ་སྐལ་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་གཟིགས་དང་ངོ་བོ་གཉིས་མེད་གུ་རུ་རྡོ་རྗེ་གྲོ་ལོད་ཡིན་པའི་ལས་སྨོན་དང་རྟེན་འབྲེལ་སོགས་ཀྱི་དབང་གིས་ལྷ་གཞན་ལས་ཀྱང་སྒྲུབ་ཐག་ཉེ་བ་བྱིན་བརླབས་ཤིན་ཏུ་ཆེ་བའི་ཕྱིར་ན།  རིང་བོ་མ་ཐོག་པར་ལྷག་ལྷའི་ཞལ་གྱི་དཀྱིལ་འཁོར་ཡོངས་སུ་མངོན་པར་བསྟན་ཏེ་ལུས་ངག་ཡིད་གསུམ་ལ་གསང་གསུམ་རྡོ་རྗེ་བཞིན་དུ་བྱིན་གྱིས་བརླབས་སོ། །

         མདོར་ན་མཁས་བཙུན་བཟང་གསུམ་འཛོམས་པའི་ཡོངས་འཛིན་དང་དགེ་བའི་བཤེས་གཉེན་དམ་པ་རྣམས་ལ་ཉེ་བར་བསྟེན་ནས།  ཕྱི་ཐོས་པའི་སྒྲོ་འདོགས་བཅད་ཅིང་ནང་བསྒོམ་པའི་ཉམས་རྟོགས་འཕེལ་བའི་རྒྱུ་ནི་ཐོས་པ་ཁ་ཕྱིར་མ་སོང་བའི་འབྲས་རྟགས་ཟབ་མོ་མ་ལུས་ཡོངས་སུ་སྨིན་ནོ། །

         དེ་ལྟར་མཁྱེན་དཔྱོད་དང་ཉམས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཁོང་ན་རབ་ཏུ་འབར་ནའང་ཕྱི་ལ་ངོམ་ཆོས་དང་ཚུལ་ཆོས་སྐྱོན་གྱིས་དྲི་མ་རྒྱང་རིང་ལམ་དུ་དོར་ནས་དམན་ས་འཛིན་པ་དེ་ཡང་སྐྱེས་ཆེན་དམ་པའི་ཡོན་ཏན་གྱི་ཆ་ཤས་ཤིག་ཡིན་པ་སྨྲོས་མ་དགོས་སོ། །

ཨེ་མ་ནང་ན་ཡོན་ཏན་རྒྱ་མཚོའི་ཆ་ལག་རྫོགས། །

སྤངས་རྟོགས་རྦ་རླབས་དཀར་བོའི་ཡེ་ཤེས་གྲུབ། །

ཕྱི་ལ་ཐ་མལ་རང་འགར་སོར་སྐྱེས་ཚུལ་བཟུང་སྟེ། །

ཁམས་དབང་མཐུན་པར་སྤྱོད་ལ་སྤྱི་ལོ་གཙུག་གིས་མཆོད། །

ཅེས་ཀྱང་སྨྲས་པ་དང་། ཁོང་གི་ཡོན་ཏན་མ་ལུས་གསང་རྒྱ་རུ་བཏབ་སྟེ། གཞན་གྱི་ཡོན་ཏན་ཕྲ་མོ་ཆ་ཤས་ཙམ་ལའང་བསྟོད་བསྔགས་ཡི་རངས་གསུམ་གྱི་མེ་ཏོག་ཆུན་པོ་དཀར་པོས་ཐ་གྲུ་ཡོངས་ལ་སིལ་མར་བཀྲམས་བཞིན་དུ་སྟོད་དབུས་གཙང་གི་ཆོས་སྡེ་ཕལ་མོ་ཆེ་དང་རྒྱ་གར་འཕགས་ཡུལ་སོགས་ལ་རྣམ་འདྲེན་བཞི་བའི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་རྣམ་པར་རོལ་བའི་གནས་མཆོག་དང་པོ་སྐུ་བལྟམས་པའི་གནས་ལུམྦུའི་ཚལ་དུ། མཆོད་རྟེན་རྣམ་དག་དྲུག་དང་།  རྡོ་རྗེ་གདན་ཝ་ར་ནཱ་སི་དང་། རྩ་མཆོག་དྲུང་བྱ་རྒོད་ཕུང་བོའི་རི་ལ་སོགས་དང་། སློབ་དཔོན་སངས་རྒྱས་གཉིས་པའི་མཛད་བཟང་འཕྲིན་ལས་འོད་ཀྱིས་ཟླུམ་པོར་འཁྱིལ་བའི་གནས་མཆོག་རྣམས་ལ་ཡང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ། བཀའ་ཆོས་གསུངས་ནས་ཆོས་འཁོར་བསྐོར་བ། དད་བརྒྱའི་དག་སྣང་རོལ་བའི་ཡི་དམ་ལྷ་ཚོས་ཀྱིས་དངོས་སུ་ཞལ་གཟིགས་ཏེ།  ཉམས་རྟོགས་དགའ་མའི་ལས་རླུང་གི་དབྱིངས་སུ་དག་ནས་གཞི་ནང་ལྷ་ཡི་དཀྱིལ་འཁོར་ཆེན་མོ་མངོན་པར་མཐོང་ཞིང་། ཐ་མལ་ཚུར་མཐོང་ངོ་ལ་ཡང་རྒྱལ་ཁམས་ཆུ་བཞིན་དུ་ཉལ་བའི་ཚུལ་གྱིས་མཐོང་ཐོས་དྲན་རེག་ཕྱིར་མི་ལྡོག་པའི་ས་ལ་བཀོད་པར་མཛད་དོ། །

ལས་སྨོན་དཀར་གསལ་དུང་གི་ཟླ་བའི་ཁྱིམ། །

ཤར་ནས་གླིང་བཞིའི་མུན་པ་བསལ་ན་ཡང་། །

རང་ཡུལ་ཞན་པ་མི་སྡུག་རི་བོང་གཟུགས། །

བརྩེ་བའི་སླར་བཞད་བརྒྱ་བྱིན་ལག་གིས་བྲིས། །

ཞེས་སྨྲས་པ་དང་།  སྤྱིར་རང་རེའི་གངས་ཅན་ལྗོངས་སུ་གདུལ་བྱ་ལྷག་མར་གཟིགས་ཏེ།  ཞལ་གྱི་འཛུམ་མདངས་ཆུ་སྐྱེས་པདྨོ་རབ་ཏུ་བཞད་པ་མདོ་ཁམས་སྨད་ཀྱི་ཡུལ་གྲུ་ཆེན་པོར་ཉེ་བར་འཁོར་བའི་དུས་ལ་བབས་པ་ན།  ལྷ་སའི་གནས་རི་སེངྒེ་བསམ་འགྲུབ་ཀེའུ་ཚང་སོགས་གནས་མཆོག་ཁྱད་པར་ཅན་ནས་ཡུན་རིང་བཞུགས་ཤིང་བཀའ་ཆོས་གསུངས་པ་དང་། ཏིང་འཛིན་སྒྲུབ་པ་མཐར་སོན་པའི་རྗེས་སུ་ཨ་མདོའི་ཡུལ་གྱི་གནས་ཆེན་བྲག་དཀར་སྤྲེལ་རྫོང་ལ་ཕེབས་ནས་གུང་ཐང་བསྟན་པའི་སྒྲོན་མེ་ཚང་དང་དགུ་རོང་རྒྱལ་སྲས་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཚང་སོགས་ལ་ཞལ་འཛོམས་གནང་ཞིང་ཆོས་འབྲེལ་ཟབ་མོ་མཛད། དུས་མཚུངས་སུ་ཐུབ་དབང་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་བོ་རེབ་གོང་སྐུ་གཞོགས་ཆེན་མོ ༧ ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་ལའང་ཆོས་འབྲེལ་དང་དགོངས་པ་གཅིག་འདྲེས་མཛད། ཐེངས་ཤིག་ལ་ཁོང་ཟི་ལིང་ཡ་མོན་དུ་ཕེབས་ཏེ་ཐུན་མོང་མ་ཡིན་པའི་མཛད་འཕྲིན་ཁྱད་ཆོས་དང་ལྡན་པ་བསྟན་པས།  ཀྲུང་གོའི་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་མཱ་པུའུ་ཧྥང་ཡ་མཚར་ནས་ཁོང་ལ་རྙིང་མའི་སྦྱིན་བདག་ཆེན་མོ་ཞེས་མཚན་གསོལ་བ་དང་ཆོ་ལོ་སོགས་གནང་བར་གྲགས་སོ། །

              ཁོང་གིས་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་སྔ་འགྱུར་བ་དང་རི་བོ་དགའ་ལྡན་པའི་གྲུབ་མཐའ་གསར་རྙིང་ཟུང་གི་དགེ་བའི་བཤེས་གཉེན་དུ་མར་མཉེས་བ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཞིང་།  ཁྱད་པར་དུ་ཀཿ ཐོག་བླ་མ་རིན་པོ་ཆེ ༧ དྲི་མེད་བྱང་སྐྱོང་འགྲོ་བའི་མགོན་པོ་དང་། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་བའི་རྒྱལ་ཚབ་ཏུ་མངའ་གསོལ་རྡོ་རྗེ་ཡང་སྲིད་བསྟན་པའི་ཉི་མ་དང་།  ཟབ་དོན་ཨ་ཏིའི་མན་ངག་རང་བྱོན་དུ་འབྱོར་བའི་འབྲུག་རྡོ་རྗེ་འཆང་ངམ་འགྲོ་འདུལ་དཔའ་བོ་རྡོ་རྗེའམ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་སོགས་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་རྩ་བའི་བླ་མར་གྱུར་བ་དང་། དྲི་མེད་བྱང་སྐྱོང་གི་མདུན་ནས་ཀཿ དག་པ་བདེ་གཤེགས་ནས་རྒྱུད་པའི་སྒྱུ་འཕྲུལ་ལུགས་དང་བདུད་ཀླང་རྣམ་གཉིས་ཀྱི་ལུགས་དང་། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་རིན་པོ་ཆེའི་མདུན་ནས་ཀུན་མཁྱེན་འཇིགས་མེད་གླིང་བ་ནས་བརྒྱུད་པའི་རྒྱུད་འབུམ་ཡོངས་སུ་རྫོགས་པར་གསན་གནང་མཛད་ཅིང་མདོ་སྔགས་རིག་གནས་དང་བཅས་པ་ཆ་ལག་ཡོངས་རྫོགས་སྦྱངས་ཏེ།  བསྟན་འགྲོའི་དོན་གྱི་ཁུར་རྣམས་བདག་གིར་བཞེས་པ་མ་ཟད།  ཨ་འཛོམས་འབྲུག་པ་ཆེན་པོ་ཆེའི་ཞལ་སྔ་ནས་རྒྱ་གར་འཕགས་ཡུལ་མན་ཆད་དང་ཁམས་དབུས་གཙང་གསུམ་མ་ལུས་པར་ཡུལ་གྲུ་ཕལ་མོ་ཆེ་ལ་བྱོན་ཏེ་གདུལ་བྱའི་ཁམས་དབང་མཐུན་པར་མཛད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་འདུག་པ་དེ་ཙམ་མོ།  ཞེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་བླ་མའི་རྣམ་ཐར་མདོ་ཙམ་གླེང་བའི་སྐོར་ཏེ་དང་པོའོ། །

              ལེའུ་གཉིས་པ།  ལུང་བསྟན་འགྲོ་དོན་མཛད་པའི་སྐོར།

              དེ་ཡང་ཁོང་མགོ་ལོག་འབུམ་པ་ཁག་གསུམ་དུ་བཞུགས་པའི་དུས་སུ་ཆིན་རྒྱལ་རབས་ཀྱི་གོང་མ་སྲིད་གསལ་རྒྱལ་པོ་སྟེ་ཏོ་ཀོང་ཁྲི་ལོ་དྲུག་པ་རབ་བྱུང་བཅུ་བའི་མེ་ཕོ་ཁྱི1826ལོར་གྱི་ལིང་བཀྲ་ཤིས་རྒྱ་མཚོ་དང་ལྷན་གཅིག་ཏུ་ད་ལྟའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་མཁར་ཞང་གི་མངའ་ཁོངས་སུ་བྲག་ཤུར་དགོན་སྐྱིད་པའི་དོ་རའམ་གྱི་ལིང་རི་ཁྲོད་ཅེས་པ་ཕྱག་བཏབ་ཅིང་གྲུབ་མཐའ་སྔ་འགྱུར་ཀཿ ཐོག་པ་ཡིན།  རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་བྱི་བ

1984ལོར་ཆོས་ལུགས་བྱ་འགུལ་ས་ཚིགས་སུ་ཆོས་སྒོ་ཕྱེས་ནས་ད་ལྟ་འདུ་ཁང་གཉིས་དང་། གྲྭ་ཤག་ཉེར་གཅིག  དགེ་འདུན་པ་བརྒྱད་ཅུ་ལྷག་བཞུགས་པ་མ་ཟད།  གྱི་ལིང་རྡོ་མཁར་དང་མཆོད་རྟེན་བཅུ་གསུམ་སོགས་རྟེན་བཞེངས་མང་པོ་བཞུགས།  སྐབས་དེརམགོ་ལོག་རུས་མཛོདཅེས་པ་ཞིག་ཀྱང་བརྩམས། ཀཿ ཐོག་དགོན་དུ་ཕེབས་ཏེ་ཐེག་མཆོག་ལྷ་ཁང་ཞེས་པ་བཞེངས།  དེ་བས་དཔལ་ལྡན་བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེའི་ཞལ་སྔ་ནས་ཁོང་ལ་བཀའ་ལུང་གནང་སྟེ།  ཁྱོད་རང་སྨད་མདོ་ཁམས་བྱང་གི་ཕྱོགས་སུ་སོང་ལ་སྙིགས་མའི་ཉམ་ཐག་འགྲོ་བ་རྣམས་རྗེས་སུ་བཟུང་ནས་མངོན་མཐོ་དང་ངེས་པ་ལེགས་པར་ཁྲིད་ཅིག  ཁྱད་པར་དུ་ཀློང་ཆེན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་ཁྲོད་དུ་རྒྱལ་བ་རྡོ་རྗེ་འཆང་གི་ལྗགས་ལས་བཀྲམ་པ་དང་། མ་མཆིས་པ་རྒྱལ་སྲས་སྣ་བདུན་གྱི་གྲངས་དང་མཉམ་པ་མདོ་སྔགས་ཐམས་ཅད་ཀྱི་སྙིང་བཅུད་མི་མངོན་དབྱིངས་སུ་བཞུགས་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་གསང་མཛོད་ཆེན་མོ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྒྱལ་དང་རྗེ་རྣམས་ཀྱི་ལམ་མཆོག  འཇའ་ལུས་ཟངས་ཐང་དུ་གཤེགས་པ་རྣམས་ཀྱི་མན་ངག་གྲུབ་ཐོབ་ཕོ་མོ་རིག་པ་འཛིན་པ་དག་གི་སྙིང་དབུས་འདབ་སྟོང་ཟིལ་མ་མངའ་རྒྱལ་བའི་ཆོས་འཁོར་རྣམ་གསུམ་གྱི་དོན་བསྡུས།  མདོར་ན་བྱང་ཆུབ་སྒྲུབ་པ་དག་ལ་ཡོད་ན་དེ་ཆོག་ཅིང་མེད་ན་ཐབས་ཆག་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱང་སླར་ཡང་མིའི་རྣམ་པར་རོལ་བ་གང་ཉིད་ཀྱིས་ཤེས་བྱ་ཇི་ལྟ་ཇི་སྙེད་ཀྱི་བློ་མཆོག་བློ་གྲོས་རབ་ཏུ་འབར་བར་བྱེད་པའི་གཞུང་མཆོག་དམ་པཀློང་ཆེན་མཛོད་བདུནའདི་ནི་ས་ཕྱོགས་གང་ན་བཞུགས་པའི་ཡུལ་ཕྱོགས་དེར་ནད་ཡམས་འཁྲུག་རྩོད་ཐམས་ཅད་ཞི་ནས་བཀྲ་ཤིས་ལེགས་ཚོགས་ཡོན་ཏན་གྱིས་རབ་ཏུ་བརྒྱན་པར་འགྱུར་བ་དང་།  དཀར་ཕྱོགས་ཡུལ་ལྷ་གཞི་བདག  ཁྱད་པར་ཡེ་ཤེས་སྤྱན་ལྡན་དྲེགས་པ་དཔུང་གི་སྡེ་ཚུལ་དུ་སྐུར་བཞེངས་ཐམས་ཅད་ཞི་ནས་བཀྲ་ཤིས་ལེགས་ཚོགས་ཡོན་ཏན་གྱིས་རབ་ཏུ་བརྒྱན་པར་འགྱུར་བ་དང་།  དཀར་ཕྱོགས་ཡུལ་ལྷ་གཞི་བདག  ཁྱད་པར་ཡེ་ཤེས་སྤྱན་ལྡན་དྲེགས་པ་དཔུང་གི་སྡེ་ཚུལ་དུ་སྐུར་བཞེངས་པ་ཆོས་སྐྱོང་སྤྱི་དང་ནང་སྒོས་སུ་རྒྱལ་དབང་པདྨའི་རིང་ལུགས་དྲི་མ་མེད་པ་སྐྱོང་བྱེད་མ་གཟའ་རྡོར་གསུམ་གྱི་སྙིང་གི་ཟེ་འབྲུ་མིག་གི་དྭངས་མ་སྲུང་བར་བྱེད་པ་ལས་ཀྱང་འཛིན་པ་དམ་ཆོས་འདི་ཉིད་ལས་མ་འདས་པས། ཁྱེད་ཀྱིས་མདོ་སྨད་ཡུལ་གྲུ་ཆེན་པོའི་རྫོང་ཆེན་བཞིའི་ཡ་གྱལ་དུ་གྲགས་པའི་གནས་མོག་ཨ་ཆུང་གནམ་རྫོང་དུ་ཕེབས་ཏེ་དཔར་དུ་བཞེངས་པའི་བཀའ་གསུང་ལྗགས་ལུང་རྩིབས་སྟོང་མུ་ཁྱུད་ཀྱི་རྡོ་རྗེ་སྤྱི་གཙུག་རྒྱན་དུ་ཕབས་སོ། །

              ཆིན་རྒྱལ་རབས་ཀྱི་གོང་མ་ཀུན་སྐྱོང་རྒྱལ་པོ་སྟེ་ཐོངས་ཀྲི་ཁརི་ལོ་བདུན་པ་རབས་བྱུང་བཅོ་ལྔ་བའི་ས་ཕོ་འབྲུག1868ལོའི་ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་གསུམ་ཉིན་ལ།  ཁོང་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲངའམ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་གནས་མཆོག་བྲག་དཀར་སྤྲེལ་རྫོང་དུ་བཞུགས་ཏེ།  རྩ་གསུམ་ནམ་མཁའི་བརྡའ་རིས་ལསཿ ལྷ་མཆོག་ཤིང་མ་ཐུན་ཙེ་མཆོད་ཐབས་བཞུགསཞེས་བྱ་བའི་གཏེར་མ་མཛད་པ་ལས། 

ཧཱུཾཿ གསང་བདག་དམ་མནེས་འཛམ་གླིང་དབང་སྒྱུར་བ༔

ཁྲི་ཀའི་ཡུལ་ལྷ་གཉན་པོ་འཁོར་དང་བཅས༔

རྣལ་འབྱོར་འདོད་པའི་འཕྲིན་ལས་སྒྲུབ་ཕྱིར་དུ༔

མཛེས་འཛུམ་དགྱེས་པའི་ཚུལ་དུ་མྱུར་བར་བྱོན༔

             ཞེས་པ་སོགས་རྒྱས་པར་གསུངས་ནས། བསང་གསར་མཆོད་རྫས་དཀར་མངར་ཤིང་ཏོག་རིགས་ཀྱིས་མཆོད་པ་བསམ་གྱིས་མི་ཁྱབ་པ་ཞིག་ཕུལ་བའི་མཚན་ལམ་དུ་སྣང་བའང་འདི་ལྟ་སྟེ།

                         མནལ་ལམ་རྒྱ་དཔོན་མང་བོས་ཕྱག་ཕུལ་ཏེཿ

                         གང་དུ་བྱོན་ཀྱང་ངེད་ཚོས་གྲོགས་བྱ་ཞེས༔

                         བཀྲ་ཤིས་ལྷ་རིགས་དང་བཅས་བརྡ་ཙམ་གྱི༔

                         མཆོད་བསྟོད་བརྩོན་པར་བསྐུལ་ཚེ་དེ་མ་ཐག༔

                         དབང་དྲག་རྡོ་རྗེ་དྲེགས་རྩལ་ལོ་བས་བཀོད༔

                         དེ་དུས་རྟེན་འབྲེལ་དགེ་མཚན་རྨད་དུ་བྱུང༔

                         མཆོད་དང་བསྟོད་ལ་བརྩོན་ཅིག་དོན་ཀུན་འགྲུབ༔

                         དབྱིངས་སྣང་ཡེ་ཤེས་མཁའ་འགྲོའི་ལུང་གིས་སྒྲུབས༔

            ཞེས་གསུངས་ནས་གཏེར་མ་འདིའི་ཡིག་ཆུང་དུ་བཀོད་འདུག་ཅིང་།  མནལ་ལས་སངས་མ་ཐག་ཏུ་ཁོང་གི་སྔས་མགོར་གོས་བཏགས་སྔོན་པོ་ངོ་མཚར་སྔར་མཐོང་མ་མྱོང་བ་ཞིག་ཀྱང་འདུག་པ་སྟེ།  དེ་ནི་ཤན་པན་གྱི་རྒྱལ་པོ་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་སྐུ་དངོས་སུ་བྱོན་ནས། ཁོང་གིས་རྩ་བའི་བླ་མའི་བཀའ་ལུང་སྤྱི་གཙུག་ཏུ་བླངས་ཏེ་གནས་མཆོག་ཨན་ཆུང་གནམ་རྫོང་དུཀློང་ཆེན་མཛོད་བདུནབཞེངས་པར་ཕྱག་ཕེབས་པའི་དུས་སུ་འབབ་ལ་ཉེ་བར་གྲོགས་འཕྲིན་ལས་མཛད་པར་དམ་བཅའ་བའི་མཚན་རྟགས་སུ་བཀྲ་ཤིས་ལྷ་དར་འདི་འང་མངོན་པར་ཕུལ་བ་ལས་མ་འདས་ཤིང་།  རྗེས་སུ་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་ཕྱག་འདེབས་གསར་བཞེངས་བྱས་ཏེ།  གཙུག་ལག་ཁང་གི་ནང་རྟེན་བཞུགས་པའི་གྲས་སུ་ཁྲི་ཀའི་ལྷ་མཆོག་ཤིང་མ་མཐུན་ཙེའི་རྟེན་ཐང་ཆེན་པོ་བཞེངས་ཡོད་པ་དེའི་ཞལ་ཁེབ་ཏུ་གོས་བཏགས་སྔོན་པོ་དེ་དངོས་སུ་བཞུགས་པའང་མ་སེམས་ཅན་ཐམས་ཅད་ཀྱིས་དངོས་སུ་མཇལ་ཐུབ་པའི་བསྐལ་བ་བཟང་པོ་ལྡན་ཞིང་། ཁྱད་པར་དུ་ཁོང་གིས་སྐུ་ཚེ་ཧྲིལ་བོར་སྐུ་གསུང་ཐུགས་རྟེན་གྱི་གཏེར་ཁ་ཆེ་ཆུང་བཅུ་གཅིག་བླངས་པར་གྲགས་པ་དང་།  དེ་དག་ཀྱང་རེ་རེར་བཞིན་དགོན་པའི་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས་པར་ཡུལ་ཕྱོགས་འདིའི་དད་ལྡན་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་དངོས་སུ་འཇལ་མྱོང་པ་སྟེ།  གཏེར་ཁ་འགངས་ཅན་སྣ་ཚོགས་བྲག་གཏེར་དང་།  ས་གཏེར།  ཆུ་གཏེར་སོགས་ལས་བཏོན་པའི་སངས་རྒྱས་གཉིས་པ་གུ་རུ་མཚོ་སྐྱེས་སྐུ་བརྙན་དང་། ཐུགས་རྗེ་ཆེན་པོ་ཕྱག་བཞི་བ།  རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསེར་སྐུ་རང་བྱོན།  འཕགས་མ་སྒྲོལ་མ་དཀར་མོ།  ལྷ་མོ་དབྱངས་ཅན་མ།  རྟ་མགྲིན་ཡང་གསང་གི་ལི་མ་རང་བྱོན།  དཀྱིལ་གདོང་ཨ་ཁུ་ཅོ་ནེ་བ་དགེ་སློང་དཀོན་མཆོག་གི་ཁྱིམ་གཞི་དཔལ་ལྡན་དབང་ཆེན་ཚང་གི་གཞི་རྟེན་དུ་བཞུགས་ཤིང་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ནས་བླངས་པར་གྲགས་པའི་ཛམྦྷ་ལ་ནག་པོ་རང་བྱོན་བཞེངས་སྐུ་ལི་མ་ཚུན་ལྔ་ཅན།  བུ་ཧྭའི་སོ་དེའུ་ནས་བླངས་པའི་ཐོག་ཟངས་རང་བྱོན།  གནམ་ལྕགས་ཕུར་བུ་རྩེ་ཁྲི་གང་ཅན་སོགས་གཏེར་མ་མང་པོ་མངོན་པར་བཞུགས་པ་མ་ཟད།  གཏེར་ཆོས་ཀྱང་གང་མང་བཞུགས་སོ། །

           དེ་ཡང་ཐུགས་དགོངས་ཀློང་ཆེན་ཀུན་བཟང་དཀྱིལ་འཁོར་ནས་ཟག་མེད་བདུད་རྩི་མ་ཡོག་ཚུལ་བཞིན་གཏད་ནས།  བླ་མ་ཡབ་སྲས་ཀྱི་ཐུགས་དགོངས་དབྱེར་བ་མེད་པར་གྱུར་ཏེ་བྱིན་ཆེན་རྟེན་རྣམས་བསམ་གྱིས་མི་ཁྱབ་ཕྱག་ནས་བསྟར་ཞིང་རྫོངས་སུ་གནང་བ་དང་བཅས་ཏེ་མདོ་སྨད་ཤར་རིའི་ཕྲག་ལ་གོམ་འདེགས་བཞུད་པའི་དུས་སུ་བབས་པ་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དུ་མ་དང་། ཁྱད་པར་དུ་དཔལ་ལྡན་པདྨ་སྐྱེས་ཀྱི་སྣང་བརྙན་གཙོ་འཁོར་གསུམ་དང་བཅས་ཏེ།  མདོ་སྨད་སྒེར་མཛེས་ཡིད་འཕྲོག་བུ་མོའི་འགྲམ་སྟེང་ལ་ཆིབས་ཁ་ཐོག་མར་བསྒྱུར་ནས་བྱོན་ནོ། །

            སྐབས་དེར་མདོ་སྨད་ཡུལ་གྲྭ་ཆེན་པོར་ཆེ་བ་དྲུག་དང་ལྡན་པའི་སྔ་འགྱུར་བའི་རྒྱལ་དབང་པདྨ་འབྱུང་གནས་ཀྱིས་སྦས་པའི་གཏེར་གནས་བྱིན་རླབས་ཀྱི་རླན་དྲོད་མ་ཡལ་བ་དང་དངོས་གྲུབ་ཀྱི་ཆུ་རྒྱུན་མ་ཆད་པར་བོད་ཀྱི་མཁས་བ་མི་གསུམ་སྟེ།  གཡོ་དགེ་བའི་འབྱུང་གནས་དང་།  གཙང་རབ་གསལ།  དམར་ཤཱཀྱ་མུ་ནེའི་བཞུགས་གནས་ཁྱད་པར་ཅན་པདྨོའི་ཆོས་རྫོང་ངམ་ཕུ་ལ་ཡང་རྫོང་དང་།  བྲག་དཀར་སྤྲེལ་རྫོང་ངམ་འདུ་མོ་རྫོང་།   ཨ་ཆུང་གནམ་རྫོང་།  ཤ་རྫོང་བཅས་མདོ་སྨད་ཀྱི་རྫོང་ཆེན་བཞིའི་ནང་གི་གནས་མཆོག་ཨ་ཆུང་གནམ་རྫོང་དུ་ཕེབས་ཏེ།  ཆིན་རྒྱལ་རབས་ཀྱི་གོང་མ་ཀུན་སྐྱོང་རྒྱལ་པོ་སྟེ་ཐོངས་ཀྲི་ཁྲི་ལོ་བཅུ་གཉིས་པ་རབ་བྱུང་བཅོ་ལྔ་བའི་ཆུ་མོ་བྱ1873ལོའི་ཡས་མས་སུ་བསྟན་པ་ཕྱི་དར་གྱི་ཆུ་མགོ་གནས་མཆོག་འདིར་ཆོས་སྐུའི་རང་བསྲེལཀློང་ཆེན་མཛོད་བདུནདཔར་ཤིང་དང་བཅས་པ་དངོས་སུ་བཞེངས་སོ། །

             དེ་ནས་མཚོ་སྔོན་པོའི་འཁྱམས་རུའི་དཔོན་པོ་བསོད་ལོ་དང་ཡོན་བདག་མཆོད་ཡོན་དུ་གྱུར་ནས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོ་ཞེས་སུ་གྲགས་པའི་ཡུལ་ཕྱོགས་འདིར་ཆིབས་ཁ་བསྒྱུར་ཞིང་།  གནས་འདིར་བྱོན་པའི་དུས་བབས་ཀྱི་ས་དཔྱད་ལའང་ལུང་བ་དངུལ་འདིར་ཆིབས་ཁ་བསྒྱུར་ཞིང་།  གནས་འདིར་བྱོན་པའི་དུས་བབས་ཀྱི་ས་དཔྱད་ལའང་ལུང་བ་དངུལ་གཞོང་དང་མཚུངས་པ།  གཞོང་ཁ་ལྷོ་ཕྱོགས་སུ་འཁོར་བ།  ཤིན་ཏུ་དབེན་ཞིང་ཉམས་དགའ་བ།  ཧ་ཅང་སྐྱིད་པའི་འབྲོག་ཐང་ཡིན་པ།  ཤ་བ་ཡི་མོ་གཉིས་ཀྱིས་རྩྭ་ཐང་གང་བ།  དགོ་རྣ་གླ་གསུམ་གྱིས་བང་རྩལ་འགྲན་པ་ཞེས་འདུག་པས་ན།  ཁམས་གསུམ་རྣམ་འདྲེན་དབང་གི་རྒྱལ་བོ༧གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་དཔལ་བཟང་བོ་མཆོག་གིས་ཐུགས་རྗེ་སྨད་བྱུང་རོལ་བའི་འོ་མཚོ་རྦ་རླབས་དཀར་བོའི་ཝུ་ཕྲེང་མུ་ཏིག་ཆུན་འཕྱང་གི་མཛུམ་མདངས་ཡུལ་ཕྱོགས་འདི་རུ་འཁོར་ཞིང་།  ཐོག་མར་ཁྱིམ་གཞི་བདུན་དང་བཅས་པ་ས་འཛིན་གྱི་ཐོག་མ་དང་གཞི་འཛིན་གྱི་སྔ་ཤོས་སུ་གྱུར་བ་མངོན་སུམ་མིག་གི་དགའ་སྟོན་དུ་བཤམས་སོ། །ཞེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་ལུང་བསྟན་དང་འགྲོ་དོན་མཛད་པའི་སྐོར་ཏེ་གཉིས་པའོ། །

ལེའུ་གསུམ་པ།  དགོན་པ་ཕྱག་བཏབ་ནས་གདན་ས་བསྐྱངས་པའི་སྐོར།

             ཧ་ལམ་ཆིན་རྒྱལ་རབས་ཀྱི་གོང་མ་འོད་གསལ་རྒྱལ་པོ་སྟེ་ཀོང་ཞི་ཁྲི་ལོ་གཉིས་པ་བོད་རབ་བྱུང་བཅོ་ལྔ་བའི་མེ་ཕོ་བྱི་བ1876ལོར་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་ཕྱག་འདེབས་འཛད་པའི་དུས་སུ་སྨིན་ནས།  ས་དཔྱད་ལེགས་ཤིང་བཀྲ་ཤིས་པའི་མཚན་མ་རབ་ཏུ་འབར་བར་གཟིགས་ཏེ།  གནས་མཆོག་མི་འགྱུར་རྡོ་རྗེ་རྒྱ་གྲམ་གྱིས་རྗེས་བཏབ་སྟེ་ལྷ་ཀླུ་གཉན་གསུམ་སོགས་ལ་ས་བསླང་ནས་རྨང་གཞི་བཏིངས། རྨང་རྡོ་རིམ་པར་བརྩིགས་ནས་གཙུག་ལག་ཁང་ཆེ་ཆུང་རན་ཞིང་ཡིད་དུ་འོང་བ་ཞིག་ལྷུན་གྱིས་གྲུབ།  རྟེན་བཞེངས་ཀྱི་གཙོ་བོ་ལ་ཚེ་རབས་ཐོགས་མ་ནས་ཐོགས་མར་འབྲེལ་བའི་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེའམ་འབྲུག་པ་རིན་པོ་ཆེ་ཡིས་གནང་བའི་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་གཙོ་འཁོར་གསུམ་དང་། གཡས་སུ་ཁྲོ་བོ་རྡོ་རྗེ་གྲོ་ལོད།  གཡོན་དུ་མ་ཡུམ་ཆེན་མོ་ལྷའི་རྣམ་པར་ཤར་བ་འཇིགས་པ་བརྒྱད་དམ་བཅུ་དྲུག་ལས་སྐྱོབ་མཛད་འཕགས་མ་རྗེ་བཙུན་སྒྲོལ་མའི་སྐུ་བསྙན་སོགས་བཞེངས་པ་མ་ཟད།  སྐུ་གསུང་ཐུགས་རྟེན་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་བདུད་རྩིའི་འོད་ཕུང་ཕྱོགས་བཅུར་འཕྲོ་བ་བཞུགས་སོ། །

           ད་ལྟ་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟ1998ལོ་བར་ལ་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་ཕྱག་འདེབས་མཛད་ནས་ཧ་ལམ་ལོ་ངོ་ཆིག་བརྒྱ་དང་ཉེར་གཉིས་ཙམ་འདས་ཡོད་སེམས། 

          འདིར་དཀྱིལ་གདོང་ཟེར་བའི་ས་མིང་ཐོགས་ཚུལ་ཀྱང་གསལ་བོར་ཞིག་མི་སྣང་ཞིང་།  གང་ལྟར་དཀྱུས་གདོང་དང་།  སྤྱིར་གདོང་།  སྐྱིད་གདོང་། གྱི་གདུང་སོགས་འབྲི་སྲོལ་གང་མང་མཆིས།  ཡིན་ནའང་གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་རིན་པོ་ཆེའི་ས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་དང་།  ཡུན་རིང་བཞུགས་ཏེ་སྔ་འགྱུར་རྙིང་མ་བའི་དགོན་སྡེ་ཕྱག་འདེབས་མཛད་པའི་ཆ་ནས་བལྟས་ན་ཁོང་གི་འཁྲུངས་ཡུལ་ནི་གྱི་ལིང་ཞེས་པའི་སྡེ་བ་ཡིན་ཞིང་།  གདུང་རྒྱུད་ནི་སྨུག་པོ་གདུང་གི་གདུང་རྒྱུད་ཡིན་ཞེས་པ་ལས།   གྱི་ལིང་གི་གྱི་དང་རིགས་རུས་ཀྱི་གདུང་གཉིས་མཉམ་དུ་སྦྱར་ནས་གྱི་གདུང་ཟེར་བར་སྒྲ་འགྱུར་བྱུང་སྟེ་དཀྱིལ་གདུང་ཟེར་བའམ་དཀྱིལ་དུ་གདོང་རྒྱུད་ལ་ཟེར་བ་ཡིན་ནམ་སེམས།  སྤྱིར་དཀྱིལ་གདོང་སྔགས་ཁང་ཆུ་བར་ནོར་བུའི་གླིང་གི་ལྷ་སྡེ་ཕལ་མོ་ཆེ་སྟེ་རྒྱ་ར་དང་།  སྐ་སར།  འགག  དཀྱིལ་གདོང་།  སོ་རྒྱག   ཁྱ་ཚང་སོགས་རིམ་བཞིན་བ་ཡན་ཕྱོགས་ནས་ས་འདིར་ཆད་ཅིང་།  སྡེ་བ་ཕལ་ཆེར་གྱི་ས་མིང་ལ་སྔོན་བ་ཡན་ས་ཆའི་ཆད་ཁུངས་ཚོ་མིང་དང་སྡེ་མིང་སོགས་ཟུར་འཇོག་བྱས་ཡོད་པ་ལས་ཁ་ཤས་ལ་སྡེ་མིང་གསར་བ་ཐོགས། དཔེར་ན་སོ་རྒྱག་སྡེ་བར་མཚོན་ན་ལྟག་རྒྱབ་ཀྱི་ཉག་ཁས་དེ་སྦྲུལ་མགོ་རལ་གྲིས་གཏུབ་པའི་ཚུལ་འདུག་པ་ལ་སོ་རྒྱག་སྡེ་བ་ཐོགས་ཤིང་།  རྒྱ་ར་སྡེ་བ་མཚོན་ན་ལྟག་རྒྱབ་ཀྱི་མཁར་ཤུལ་དེའི་ཆ་ནས་སྡེ་མིང་ལའང་རྒྱ་ར་ཐོགས།  གཞན་ཡང་ལོ་རྒྱུས་དཔྱད་ཡིག་ལྟར་ན་ཏཱ་མིན་རྒྱལ་རབས་ཀྱི་མིང་ཀྱཱ་ཆིན་ཁྲི་ལོ་བཅུ་བཞི་བ་བོད་རབ་བྱུང་བཅུ་བའི་ལྕགས་མོ་ལུག1571ལོར་ཆ་ཧར་ཨ་ཐན་རྒྱལ་པོས༧རྒྱལ་དབང་ལྔ་བ་ཆེན་པོ་བསོད་ནམས་རྒྱ་མཚོ་ཚང་ལ་གདན་འདྲེན་ཞུ་བའི་གསེར་ཡིག་བཏང་བས།  རྒྱལ་དབང་རིན་པོ་ཆེས་གོང་མ་རྒྱལ་བོའི་བླ་མཆོད་དུ་འདུལ་བ་སློབ་དཔོན་བརྩོན་འགྲུས་བཟང་པོ་མཆོག་རེ་ཞིག་རྫོངས་སྟ་མཛད་ཅིང་།  མིང་བན་ལིས་ཁྲི་ལོ་གཉིས་པ་རབ་བྱུང་བཅུ་བའི་ས་ཕོ་སྟག1578ལོར་ཡུལ་ཕྱོགས་འདིར་ཆིབས་ཁ་བསྒྱུར་དུས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་རྒྱ་ནག་གི་བཟོ་བོ་དུ་མ་བཀུགས་ཏེ། གཙུག་ལག་ཁང་རྟེན་དང་བཅས་པ་ཤིན་ཏུ་རྒྱ་ཆེ་བ་བཞེངས་ནས་འགྲོ་དོན་རྒྱ་ཆེར་མཛད་པ་དང་། རྒྱ་ནག་དུ་ཕེབས་སྐབས་སུ་ཡར་ལམ་ཚ་གན་ཐོ་ལོ་གེ་ནས་བ་ཡན་ནོར་དང་ཆབ་ཚའི་ལྷ་ཁང་གི་ཉེ་འདབས་ནས་ཨ་རིག་ཆུ་ཚན་ཁར་ཕེབས་ཚུལ་སོགས་གསུངས་པའི་ཆབ་ཚའམ་ཆབ་ཆ་ཞེས་པའང་ཡུལ་ཕྱོགས་འདི་ཡིན་སྙམ་ཞིང་།  རྒྱ་ར་མཁར་ཤུལ་དུ་ཉེ་སྔོན་ཆུ་མཛོད་སོགས་འཛུགས་སྐྲུན་བྱེད་པའི་དགོས་ཆེད་ལ་ས་བསློགས་པས།  ས་འོག་ཏུ་ལྷ་རྟེན་ཆག་པོ་དང་།  ཀ་རྡོ་ཆེན་པོ། གྱོ་མོག  སོལ་ཐལ།  མིའི་རུས་པ་ཚིག་པོ་སོགས་མང་དུ་བྱུང་པར་དཔྱད་ན་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གཙུག་ལག་ཁང་སོགས་མཚོ་སྔོན་དུས་འཁྲུག་གི་སྐབས་སུ་འབྱུང་བ་ཆེན་པོ་མེ་ལ་ཐིམས་ཞེས་པ་ཡུལ་འདི་ཡིན་པར་གྲུབ་པ་མ་ཟད།  གོང་གི་ཚིག་ཤུལ་ལས་ཆབ་ཚ་ཞེས་པའམ་བ་ཡན་ནོར་གྱི་ཉེ་འདབས་ཤིག་ཏུ་ཡོད་པ་དང་།  ཨ་རིག་ཆུ་ཚན་ཁར་ཕེབས་པའི་ལམ་ཡིན་པ་སོགས་ཀྱང་ཞོར་དུ་རྟོགས་ཐུབ་པས་ད་ལྟའི་ཆབ་ཆ་ཞེས་པ་འདི་ལས་མ་འདས་སོ། །

            དེ་བས་ན་རྒྱལ་ཆེན་རིག་པའི་གནས་ཀུན་ཐུགས་སུ་ཆུད་པར་དྲན་དབང་འབུམ་སྡེའི་གཙུག་གི་ཅོད་པན ༧གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་མཆོག་གིས་ཆབ་འགག་དར་ཐང་བཀྲ་ཤིས་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་ཞེས་བྱ་བ་དཀྱིལ་གདོང་སྔགས་ཁང་ཕྱག་འདེབས་མཛད་རྗེས།  ས་འདིའི་ལས་ལྡན་གང་ཟག་སྐྱ་སེར་ཕོ་མོ་རྣམས་ལ་རང་དང་རང་གི་བློ་ཚད་དང་མཐུན་པར་རྒྱུ་འབྲས་བླངས་སྤང་གི་རྣམ་བཞག་རྒྱ་ཆེ་བ་བསྩལ་ནས་བཀས་ཀྱི་དགེ་བཅུ་དང་ལྡན་པའི་ས་ལ་ཁྲིད་དོ། །

             ཁྱད་པར་དུ་མི་དགེ་བའི་ལས་རྣམས་རིམ་གྱིས་སྤོང་པ་ལ་མངོན་པར་ཕྱོགས་ཤིང་།  དབང་བོ་ཤིན་ཏུ་རྣོ་བ་ཡ་རབས་སྤྱོད་ལྡན་རྣམས་ལ་གསང་སྔགས་ཕྱི་དང་ནང་གི་དཀྱིལ་འཁོར་དུ་བཅུག་ནས་དབང་བཞི་རྫོགས་པར་གནང་བ་དང་།  ཡར་ངོ་མར་ངོའི་ཚེས་བཅུ་སོགས་ལ་གསང་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་ཡང་སྙིང་གསང་མཛོད་སྙིང་ཐིག་རྩ་གསུམ་གྱི་ཆོས་ཐོག་ཚུལ་བཞིན་བཙུགས་པ་དང་།  དེ་ལྟར་ཉིན་མཚན་ཁོར་མོ་ཡུག་ཏུ་སྤྱིར་བཏང་གི་འགྲོ་བ་ལྷ་དང་བཅས་པའི་དོན་ལ་གཟིགས་པ་དང་། ལྷག་པར་དུ་ཡུལ་ཕྱོགས་འདི་ཡི་འགྲོ་བ་རྣམས་རྗེས་སུ་འཛིན་པའི་དུས་སུ་ཆུ་སྲིན་རྒྱལ་མཚན་ཅན་གྱི་ངན་གཡོ་རླུང་ཤུགས་ཀྱི་འཚུབ་མ་སྙིང་ལ་ཞུགས་པ་བཞིན་ཡུལ་གྱི་ཁྱིམ་མཚེས་ཉམ་ཆུང་སྲོག་ལྡན་དག་ལ་རྟག་པར་འཚེ་བའི་རྒྱ་ར་ཐ་བྷེ་ཞེས་ཧ་ཅང་ངམ་ནག་དེས་ཁོང་གི་ཐུགས་རིགས་གཉིས་ཀྱི་སྲས་སུ་གྱུར་བའི་ཨ་ཁུ་ནམ་མཁའ་རྡོ་རྗེ་ཡི་ཆུང་མ་བཙན་འཕྲོག་བྱས་པས། ཁོང་གི་དངོས་སློབ་སྔགས་འཆང་མཐུ་སྟོབས་ནུས་པ་ཅན་རྣམས་དང་།  དད་ལྡན་ཡོན་བདག་དཔའ་རྩལ་ཅན་རྣམས་ཀྱིས་དྲག་པོའི་མངོན་སྤྱོད་ཀྱི་ལས་མཛད་དེ་ཚར་གཅོད་མཁན་དག་དང་། དཔའ་བོ་འཐབ་འཛིན་ཅན་རྣམས་ཀྱིས་མདའ་མདུང་གྲི་གསུམ་གྱི་ལས་ལ་བསྟུན་ནས་ཚར་གཅོད་མཁན་སོགས་ཀྱིས་མགྲིན་གཅིག་ཏུ་ཐ་བྷེར་རང་དགར་གཏད་ནས་མི་འཇོག་པར་ལྔ་ལམ་དུ་གཏོང་རྒྱུ་ཡིན་ཞེས་ཐབས་བཀོད་བདུད་དཔུང་མ་ལུས་པ་སྣ་ཚོགས་ཕ་རོལ་བའི་སྙིང་རྩ་འདར་བ་ཞིག་བྱས་མོད།  འོན་ཀྱང་ཁོང་གི་སྙན་ལམ་དུ་སོང་མ་ཐག་ཏུ་ཐུགས་ཤིན་ཏུ་མ་རུང་བའི་ཚུལ་མཛད་ནས།  ཁྱེད་ཅག་གིས་དེ་འདྲ་བྱེད་པ་ནི་རྫོགས་པའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་རྗེས་འཇུག་གི་སྤྱོད་ཚུལ་མ་རེད། ཁྱད་པར་དུ་སྔ་འགྱུར་རྒྱལ་དབང་པདྨའི་བསྟན་པ་ལ་གཅེས་སུ་འཛིན་པ་རྣམས་ཀྱིས་ཕ་རོལ་དགྲ་བོར་སྙིང་བརྩེ་བ་རང་གི་བུ་དང་བུ་མོའི་འདུ་ཤེས་ཤིག་གལ་ཏེ་མ་སྐྱེས་ནའང་དེ་ལ་དངོས་སུ་འཚེ་བ་དང་གནོད་པ་དང་གསོད་པ་སོགས་བརྒྱུད་ནས་གནོད་སེམས་སྐྱེས་པ་དེ་ཅི་ཞིག་གི་ཐ་ཚིག་ཡིན།  ཞེས་དགེ་སྦྱོང་གི་ཆོས་བཞི་ལ་གནས་བགོས་པ་དང་ལྷག་པར་དུ་ཐེག་ཆེན་ལམ་གྱི་གཞུང་ཤིང་བཟོད་པ་ཡིན་པ་སོགས་ལུང་རིགས་རྒྱ་ཆེ་བའི་སྒོ་ནས་ཐམས་ཅད་སེམས་རྒྱུད་ཞི་བདེ་བཟོད་པའི་ལམ་མཆོག་ཏུ་བཀོད་པ་མ་ཟད།  རང་འཁོར་སློབ་བུ་ཡོན་བདག་དང་བཅས་པ་རྣམས་ཀྱི་དུས་གསུམ་བསགས་པའི་དགེ་རྩ་ཡང་མནའ་མ་བཙན་འཕྲོག་བྱས་པའི་དགྲ་ལ་བསྔོས་སོ། །ཇི་སྐད་དུ་ཡང་།

                    སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །

                    ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །

                    ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །

                    དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། 

             ཞེས་པ་ལྟར་དེ་འདྲའི་དོན་དག་སེམས་ཐོག་ཏུ་འབྱོངས་པ་ནི་སྔོན་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་།  རྒྱལ་བུ་གཙུག་ན་ནོར་བུ་ལ་སོགས་པའི་རྣམ་ཐར་དང་གཉིས་སུ་མ་དམིགས་ཤིང་། སློབ་དཔོན་རིན་པོ་ཆེའིཔདྨ་བཀའ་ཐངལས།

                      འདོད་ཆགས་སྤང་མ་ལྟ་བུར་ཆོག་ཤེས་མེད། །

                      ཞེ་སྡང་སེངྒེ་ལྟ་བུར་ལྡོག་ཐབས་མེད། །

                      གཏིག་མུག་ཆུ་སྣ་བཞིན་དུ་མྱུལ་མྱུལ་པོ། །

                      དེ་གསུམ་སྤངས་པས་བསྟན་པ་ཡར་ལ་འཕེལ། །

            ཞེས་གསུངས་ཡོད་པའི་བཀའ་ལུང་ཟབ་མོ་དང་ཧ་ཅང་སྒོ་བསྟུན་པར་མཛད་ཅིང་།  དུས་མཚུངས་སུ་སྐྱེས་སྤྲུལ་ཁས་འཆེ་བ་རྣམས་ཀྱི་དྲན་འཛིན་སྒྲུབ་པ་དག་གི་བློ་ལ་ཅུང་ཟད་མ་བདེ་ན་ཡང་བྱང་ཆུབ་སེམས་དཔའི་རྣམ་ཐར་མཛད་པ་ལས་མ་འདས་སོ། །

ངོ་མཚར་སྟོང་གིས་སྤུད་པ་བདེ་ལམ་གྱི་མངོན་རྟོགས། །

རང་གཤིས་ཁམས་ན་མེ་ཡི་ཚ་བ་ཇི་བཞིན་དུ། །

གདོད་ནས་ལྷན་ཅིག་འགྲོགས་པའི་རང་བཞིན་གྱི་ཡེ་ཤེས། །

སྒྲིབ་མེད་སྲིད་ན་འབར་བ་ཁྱེད་མིན་སུ་ཞིག་མཆིས། །

ཕན་བདེ་མ་ལུས་ཆུ་སྐྱེས་དཀར་བོའི་མཐའ་གྲུའི་གཞི། །

བྱང་སེམས་མྱུ་གུ་ལྗོན་ཤིང་རབ་མཛེས་གུར་ཁང་དུ། །

ལེགས་ཚོགས་དགོས་འདོད་ནོར་བུས་རྒྱན་པའི་འཇོ་སྒེག་གིས། །

ཡུལ་གྲུ་འདི་རྣམས་སུམ་རྩེན་ལྷ་ཡི་ཆོས་སུ་བསྒྱུར། །

དགེ་མཚན་བཀྲ་ཤིས་འཁྱིལ་བའི་ཡལ་འདབ་ནི། །

སྲིད་ན་ལྷ་མིའི་མཆོད་སྡོང་ཁྱེད་ཀྱིས་བསྐྲུན། །

ལེགས་ལམ་བརྩོན་པ་དད་ལྡན་རྐང་དྲུག་རྣམས། །

ངོམ་མེད་ཟིལ་མངར་རོལ་བ་ཨེ་མ་ཧོ། །

          ཞེས་པ་འདི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཞེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་དགོན་པ་ཕྱག་བཏབ་ནས་གདན་ས་བསྐྱངས་པའི་སྐོར་ཏེ་གསུམ་པའོ། །

            ལེའུ་བཞི་བ།  བྱང་ཕྱོགས་གདུལ་བྱའི་ཞིང་དུ་བྱོན་པའི་སྐོར།

            དེ་ཡང་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དུ་གཡུ་འབྲུག་ཟུང་གི་ངར་སྐད་མཁའ་ལ་ལྡིར་བའི་སྔ་འགྱུར་བསྟན་པའི་མངའ་བདག་ཆེན་པོ ༧གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་རིན་པོ་ཆེ་ཧ་ལམ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ལུག1931ལོར་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་ཞེས་གདན་ས་ཁྱད་པར་བ་མཚན་སྙན་གྱི་བ་དན་དཀར་པོ་ནམ་མཁའི་དབྱིངས་སུ་གཡོ་བའི་འདུ་སྡེ་ཡོངས་ལ་དབང་ལུང་ཁྲིད་གསུམ་གྱི་མན་ངག་ཕྱག་ལེན་དང་བཀྲ་ཤིས་སྨོན་ལམ་སོགས་ཆོས་ཀྱི་བདུད་རྩིའི་ཆར་བ་ཚིམ་པར་མཛད་ནས། བྱང་ཕྱོགས་སུ་ཆིབས་འདེགས་བསྐྱོད་དེ་ཆུ་ལེན་ཨ་རིག་ཡུལ་དུ་བ་དམ་སྒོ་མེ་སྔགས་དགོན་བསམ་གཏན་ཨེ་ཝཾ་གླིང་ཐོག་མར་ཕྱག་འདེབས་མཛད་ཅིང་།  གཙུག་ལག་ཁང་རྟེན་དང་བརྟེན་པར་བཞེངས།  དེར་ཡང་ཚོགས་པ་མི་ཉུང་བའི་སྡེ་བཙུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར།  དེའི་ཉེ་ཕྱོགས་སུ་ཤ་བ་ཡོས་ཝར་ཞེས་པའི་སྡེ་བ་ཞིག་ཡོད་པར་དམ་པའི་ཆོས་སྒྲ་ཙམ་ཡང་རྣ་ལམ་དུ་མ་ཐོས་པའི་མུན་གླིང་དུ་བརྩེ་བའི་སྙིང་རྗེ་གཞན་དབང་དུ་གྱུར་ཞིང་།  ཡུལ་ཕྱོགས་དེར་འབྱུང་བོ་ཆེན་པོ་ཞིག་གིས་སེམས་ཅན་ལ་འཚེ་བ་དང་།  དུས་མིན་འཆི་བར་རིམས་ནད་དང་།  མུ་གེ་སྣ་ཚོགས་བཏང་ནས་ཧ་ཅང་ཉམ་ཐག་ཏུ་གྱུར་བའི་སྐབས་སུ་ཁོང་དེར་ཕེབས་ཏེ།  གདོན་ཆེན་དེ་ལ་སྐད་ཅིག་དེ་ཉིད་དུ་འཚང་གསུམ་གྱི་སྒོ་ནས་བསྒྲལ་ནས་དཔལ་རྡོ་རྗེ་གྲོ་ལོད་ཀྱི་ཞལ་དུ་བསྟིམས་ཤིང་། འབྱུང་ཕྲན་གཞན་པ་རྣམས་ཀྱང་དམ་འོག་ཏུ་བཅུག་སྟེ་ནམ་ཡང་སེམས་ཅན་ལ་འཚེ་བ་མི་བྱེད་པ་མ་ཟད་བསྟན་པའི་གྲོགས་སུ་ཁས་བླངས།  འཚེ་མེད་བདེ་བའི་གནས་ལ་བཞག་པའི་ཡུལ་མི་རྣམས་ཀྱིས་ཁོང་གི་མཚན་ལ་འདྲེ་འདུལ་བླ་མ་ཞེས་ཕུལ་བར་གྲགས། ས་དེའི་བྱམས་ཐང་དང་། སྒོ་མེ།  དོའུ་ལྟག་པུ་རིས།  ཤ་བ་ཡོས་ཝ་སོགས་སྡེ་བ་ཐམས་ཅད་ནི་ཁོང་གི་ལྷ་སྡེ་ཡིན།  ༧ དགུ་རོང་རྒྱལ་སྲས་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ཚང་གི་ཐབས་མཁས་ཐུགས་རྗེ་ལ་བསྟེན་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དུ་ཐ་གྲུ་འཛིན་མའི་དཀྱིལ་འཁོར་ཡོངས་སུ་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་ཆར་བ་ཅི་རིགས་ཕབ་པར་མཛད་དོ། ཅེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུ་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་བྱུང་ཕྱོགས་གདུལ་བྱའི་ཞིང་དུ་བྱོན་པའི་སྐོར་ཏེ་བཞི་བའོ། །

            ལེའུ་ལྔ་བ།  བོང་སྟག་ཕྱོགས་སུ་འགྲོ་དོན་མཛད་པའི་སྐོར།

            དེ་ནས་རོང་བོ་བློན་ཆོས་བོང་སྟག་ཞོལ་མའི་ཕྱོགས་སུ་ཕེབས་ཏེ།  ཐོག་མར་བྲག་དཀར་ཐེམ་ཆེན་དང་།  བཀྲ་ཤིས་འབྱུང་གནས་བཅས་སུ་ཉམས་ལེན་སྒྲུབ་པ་ཁོ་ན་གཞོལ་བའི་ཉམས་སྣང་མཐར་ཕྱིན་ཏེ་རིག་འཛིན་རྣམ་བཞི་ས་ལམ་བདེ་བླགས་ཀྱིས་བསྒྲད་ཅིང་།  འབྲུག་ཁྱུང་གི་སའི་ཆ་རུ་ཡུན་རིང་བཞུགས་ཏེ།  འབྲུག་ཁྱུང་སྔགས་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་སྒར་གཞི་རྐྱང་བཏབ་པ་མ་ཟད་རྗེ་འབངས་རྣམས་དང་ཡོན་བདག་བླ་སློབ་གཅིག་ཏུ་གྱུར་ཏོ། དེའི་སྐབས་སུ་བོང་སྟག་བྲ་ཚའི་དཔོན་པོ་རྡོར་ཁོ་གཙོས་རུ་སྡེ་ཡོངས་ཀྱིས་སྔ་འགྱུར་བསྟན་པའི་མངའ་བདག་ཆེན་པོ ༧གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་མཆོག་གི་ཞབས་ལ་སྒོ་གསུམ་གུས་པའི་གསོལ་འདེབས་དང་ཕྱག་མཆོད་ཡང་ཡང་ཕུལ་ཏེ།  ཁྱེད་ཚང་གིས་ས་འདིར་དགོན་པ་ཞིག་ཕྱག་འདེབས་མཛད་དགོས་པ་མ་ཟད།  དགོན་བདག་བླ་མར་མངའ་གསོལ་ནས་བཞུགས་སུ་གསོལ།  ངེད་ཅག་གིས་རྒྱུ་འབྱོར་བའི་མཐུན་རྐྱེན་མཐའ་དག་སྒྲུབ་ངེས་ཡིན་ཞེས་ཁས་ལེན་དམ་བཅའ་དང་བཅས་པའི་སྒོ་ནས་ནན་གྱིས་ཞུས་པར་རེ་འབྲས་མངོན་པར་ཤར་རོ། །

          ཧ་ལམ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི 1934ལོའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཚེས་བཟང་གི་ཉིན་མོར་གནས་མཆོག་བྲག་དམར་ལྷུན་པོའི་མདུན་དུ་བོང་སྟག་བྲ་ཚ་སྔགས་ཁང་ངམ་བྲག་དམར་དགོན་སྨིན་གྲོལ་དར་རྒྱས་གླིང་དངོས་སུ་ཕྱག་འདེབས་མཛད་ནས་གསར་དུ་བཞེངས།

           ཆོས་སྡེ་འདིའི་གསུང་ཆོས་གཙོ་བོ་ནི་ནང་བ་སངས་རྒྱས་པའི་སྔ་འགྱུར་རྙིང་མའི་གྲུབ་མཐའ་ཡིན་ཞིང་།  ཀློང་ཆེན་སྙིང་ཐིགས་གཏོགས་པ་མ་ཟད་རི་བོ་དགའ་ལྡན་པའི་གྲུབ་མཐའི་ཆོས་སྤྱོད་ཀྱང་གསུང་བའི་སྲོལ་བཟང་ཚུགས།  དེ་ཡང་སྙིང་ཆོས་གཙོ་བོ་ལ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་རྣམ་ཐར་དང་།  སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་གམ་ཀུན་བཟང་བླ་མའི་ཞལ་ལུང་།  ཐུན་མོང་ཕྱི་ནང་གི་སྔོན་འགྲོའི་ཉམས་ལེན་དངོས་གཞིའི་རིམ་པ་གཏིང་ཟབ་དང་སྒྲུབ་པ་ལྷུར་ལེན་གྱི་མཛད་པ་བཅས་ཡོད་ཅིང་།  གསར་མ་རི་བོ་དགེ་ལུགས་པའི་ཆོས་སྤྱོད་ཕྱག་ལེན་ལ་ཀུན་རིག་དང་།  འཇིགས་བྱེད།  སྨན་བླ།  བླ་མཆོད།  སྨོན་ལམ་རྣམ་ལྔ་བཅས་སོ། །

          ལོ་རེའི་ཆོས་ཐོག་ཆེན་པོ་དགུ་ཡོད་ཅིང་བྱེ་བྲག་ཏུ་བཤད་ན་ཧོར་ཟླ་དང་པོའི་སིངྔྷི་སྒྲུབ་ཆེན་དང་།  ཧོར་ཟླ་གཉིས་པའི་འདས་མཆོད་སྨན་བླའི་སྟོང་མཆོད།   ཧོར་ཟླ་གསུམ་པའི་བསམ་ལྷུན་མཆོད་ཚོགས་ཆོ་ག  ཧོར་ཟླ་བཞི་བའི་སྨྱུང་གནས་ཏེ་རཏྣ་གླིང་བའི་ཚེ་སྒྲུབ་ཀྱི་སྟོང་མཆོད།  ཧོར་ཟླ་གསུམ་པའི་བསམ་ལྷུན་མཆོད་ཚོགས་ཆོ་ག  ཧོར་ཟླ་བཞི་བའི་སྨྱུང་གནས་ཏེ་རཏྣ་གླིང་བའི་ཚེ་སྒྲུབ་ཀྱི་སྟོང་མཆོད།  ཧོར་ཟླ་ལྔ་བའི་ཀརྨ་གླིང་བའི་ཞི་ཁྲོའི་སྟོང་མཆོད།  ཧོར་ཟླ་དྲུག་པའི་ནཱ་རོ་མཁའ་སྤྱོད་མ།  ཧོར་ཟླ་བདུན་པའི་རྩ་གསུམ་ཚོགས་འཁོར་ཆེན་མོ།  ཧོར་ཟླ་བརྒྱད་པའི་མགོན་པོ་དམ་བཅའ་བཞི་ལྡན་གྱི་སྒོ་ནས་དགྲ་ལྷ་དཔུང་སྟོད་དང་སོ་དྲ།  རྟ་རྒྱུགས་སོགས།  ཧོར་ཟླ་དགུ་བའི་མ་ཎིའི་ཆོས་ཐོག་དང་སྡུག་བསྔལ་རང་གྲོལ་གྱི་ཆོ་ག་དང་བཅས་པ་དགུའོ། དེས་རྗེས་སུ་ཟླ་བ་གསུམ་གྱི་རིང་ལ་སྐབས་བསྟུན་གྱི་རིམ་འགྲོ་དང་གདུགས་དཀར་ཁྲི་འདོན་སོགས་མཛད་ཅིང་།  ཆོས་ཐོག་གི་སྐབས་སུ་དགེ་བསྐོས་ཀྱིས་བན་སྔགས་རྣམས་ལ་འདོན་རྟ་དབྱངས་གསུམ་དང་།  བཅའ་བཟོ་བཀོལ་གསུམ།  འབུད་དཀྲོལ་རྡུང་གསུམ་སོགས་དོན་སྣ་དགུ་ལ་རྒྱུགས་ལེན་མཛད་པའི་སྲོལ་ཀྱང་ཡོད།  ད་རུང་ལོ་རེའི་ཆོས་ཐོག་སྐབས་སུ་ཚོགས་སྦས་ཆེན་མོ་ཕུབ་ཅིང་།  བན་སྔགས་རྣམ་པས་སེར་ཆ་མནབས་ཏེ་ཚོགས་སྦས་དང་སེར་ཆ་མཆོད་ཆ་རྣམས་ཕྱོགས་གཅིག་ཏུ་ཉར་འཇོག་བྱས་ཏེ།  བན་སྔགས་ཚོས་རང་ཁྱིམ་དུ་ལོག་ནས་འཚོ་བར་གནས་པའི་ཁྱད་ཆོས་ལེགས་སོ། །

            རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི1958ལོའི་དཔྱད་ཡིག་ལྟར་ན་ལྷ་ཁང་ཆེན་མོ་དང་བཙན་ཁང་སོགས་རྟེན་བཞེངས་ཀྱི་གཙོ་བོ་ལ་ཚོགས་ཆེན་འདུ་ཁང་ནང་དུ་གཙོ་སྐུ་སངས་རྒྱས་སྟོན་པ་ཤཱཀྱ་ཐུབ་པ་དང་། རྗེ་བཙུན་སྒྲོལ་མ།  གུ་རུ་སྣང་སྲིད་ཟིལ་གནོད་ཀྱི་འབག་སྐུ་ལུས་ཚད་ཙམ་རེ་བཞུགས་ཤིང་།  མཐའ་སྐོར་དུ་རྗེ་ཡབ་སྲས་གསུམ་དང་། བཤགས་ལྷ་སོ་ལྔ།  གནས་བརྟན་བཅུ་དྲུག རྩ་བ་གསུམ།  གུ་རུ་མཚན་བརྒྱད།  སྒྲོལ་མ་ཉེར་གཅིག་སོགས་སྐུ་ཚད་ཁྲུ་གང་ཙམ་རེ་བཞུགས།  བཙན་ཁང་དུ་མགོན་པོ་དང་མགོན་པོ་ཚོགས་བདག   བཙན་རྒོད་རོལ་བ་སྐྱ་བདུན་སོགས་ཀྱི་འབག་སྐུ་བརྒྱ་དང་ཉེར་གསུམ་བཞུགས།   གྱན་ཐང་སྐོར་ལ་མགོན་པོ་འོད་དཔག་མེད།  ཐུགས་རྗེ་ཆེན་པོ།  ཞི་ཁྲོ་དམ་པ་རིག་བརྒྱ།  སྒྲོལ་མ།  རྟ་ཁྱུང་འབར་བ། མ་མགོན།  རྒྱལ་ཆེན་སྡེ་བཞི།  སྲིད་པའི་འཁོར་ལོ་སོགས་བཞུགས།  མཆོད་ཆ་དང་མཆོད་རྫས་བསམ་གྱིས་མི་ཁྱབ་ཅིང་།  སྐབས་དེར་ཆོས་སྡེ་འདིར་བླ་སྤྲུལ་ཆེ་ཁག་བཞི་དང་བན་སྔགས་བདུན་ཅུ་ལྷག་བཞུགས་པར་གྲགས་སོ། །

           ཁོང་གིས་ཀྱང་རྗེ་འབངས་རྣམས་ཀྱི་རེ་མོས་ཐུགས་སུ་བཞེས་ཏེ།  རོང་བོ་བློན་ཆོས་བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་བསྟན་པའི་བདག་པོར་མངའ་གསོལ་མཛད་ནས་ཆོས་སྡེ་འདིར་ཡུན་རིང་བཞུགས་ཏེ་བཀའ་དྲིན་ཆེན་པོས་བསྐྱངས་སོ།  ཞེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་བོང་སྟག་ཕྱོགས་སུ་འགྲོ་དོན་མཛད་པའི་སྐོར་ཏེ་ལྔ་བའོ། །

            ལེའུ་དྲུག་པ།  སྐུ་ཆོས་དབྱིངས་སུ་གཤེགས་པའི་སྐོར།

           དེ་ཡང་དང་པོ་ཙ་ན་བླ་མ་མཚན་ཉིད་དང་ལྡན་པའི་ཞབས་པད་དུ་བསྟེན་པ་ནས་བཟུང་སྟེ་ངེས་འབྱུང་དང་བྱམས་སེམས་སྙིང་རྗེ་ཁོ་ནར་གཞོལ་བ།  གསུང་ཡང་མ་སེམས་ཅན་འགྲོ་དྲུག་དོན་ལ་ཕན་ཕྱིར་གཟུངས་སྔགས་ཟབ་མོ་བཟློས་པ་དང་།  ཆོས་འཆད་པ་དང་གཞན་ལ་དངོས་དང་རྒྱུད་ཀྱི་སྒོ་ནས་ཕན་བརྩོན་མ་གཏོགས་དོན་མེད་དགོས་མེད་ཀྱི་ངག་འཁྱལ་བ་མི་སྲིད།  རྒྱ་གར་ནག་གི་ཡུལ་གྲུ་ཕལ་མོ་ཆེ་དང་། བོད་གངས་ལྗོངས་ཀྱི་སྟོད་སྨད་བར་གསུམ་ཀུན་ལ་ཞབས་པད་ཀྱི་རི་མོ་ཡོངས་སུ་བཀོད་ནས་འགྲོ་དོན་རྒྱ་ཆེར་མཛད་པ་མ་གཏོགས་སྐོར་གཡེང་འཁྱམས་ཙམ་གྱི་ལས་ཀྱང་གཏན་ནས་མི་བྱེད།  དེ་ལྟར་སྐུ་གསུང་ཐུགས་ཀྱི་སྒོ་ནས་མཐོང་ཐོས་དྲན་རེག་ཐམས་ཅད་བྱང་ཆུབ་ས་ལམ་གྱི་ས་བོན་རྒྱུད་ལ་སྐྲུན་པར་མཛད་ཅིང་།  སྐུ་ལས་ཀྱི་འགྲོ་དོན་བསྡུ་བར་ཉེ་བའི་སྐབས་སུའང་བོང་སྟག་བྲ་ཚ་སྔགས་ཁང་ངམ་བྲག་དམར་དགོན་སྨིན་གྲོལ་དར་རྒྱས་གླིང་དུ་མ་འོངས་འབྱུང་འགྱུར་སྒྲུབ་མེད་གསལ་བ་རྗེན་པར་གཟིགས་པའི་མངོན་རྟོགས་ཞལ་བརྡ་ལུང་བསྟན་སོགས་མངོན་པར་གསུངས་ཏེ།  བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་སྦྲུལ1941ལོར་ཞལ་སློབ་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་འཇིགས་མེད་གདོང་ཆེན་བཞི་ཡིས་བཏེགས་པའི་ཁྲི་ལ་འགྱིངས་ནས་དགོངས་པ་ཆོས་དབྱིངས་སྤྲོས་བྲལ་མི་འགྱུར་ཀཿ དག་ཆོས་སྐུའི་ཕོ་བྲང་དུ་བུ་ཕ་ཁྱིམ་དུ་ལོག་པ་བཞིན་ཕེབས་སོ། །

    སྐབས་དེར་ཁོང་དགུང་གྲངས་སུམ་བརྒྱ་དང་ལྔ་བཅུ་ཡིན་པར་གྲགས་པ་སོགས་གོང་ནས་བརྗོད་ཟིན་པ་དང་།  ཞལ་སློབ་འབངས་རྣམས་ཀྱིས་ཁོང་གི་ཞལ་ཆེམས་ལྟར་སྐྱབས་རྗེ་རེབ་གོང་སྐུ་གཞོགས་ཆེན་མོ ༧ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སྔས་མགོའི་བླ་མར་བཀུར་པ་དང་།  བྲ་ཚ་སྔགས་ཁང་དུ་སྐུ་གདུང་མཆོད་རྟེན་བཞེངས་པ་མ་ཟད།  གཉེར་བ་དཔལ་ལྡན་གཙོ་མཛད་ནས་ཁོང་གི་སྐུ་སྲས་ཆོས་དབྱངས་རྒྱ་མཚོ་དང་ཚེ་དབང་སོགས་ཀྱིས་དགེ་བའི་སྦྱིན་བདག་གི་གདོང་བསུས་ཏེ་བོང་སྟག་དགོན་དགེ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ངམ་ཨེ་ཝཾ་ཏཱ་རེའི་དགོན་པར་རྗེ་བཙུན་བྱམས་པ་མགོན་པོའི་གཙུག་ལག་ཁང་ཉིས་ཐོག་ཅན་བཞེངས་ནས་ཡོངས་སུ་གྲུབ།  འདིར་སྨྲས་པ།

ལེགས་མཛད་བསོད་ནམས་ཞིང་མཆོག་ཉེར་འཁྲུངས་པའི། །

ཡིད་འཕྲོག་མཚན་དཔེའི་སྣང་བརྙན་པདྨའི་ལྗོན། །

སྐལ་བཟང་བུང་བའི་ཚོགས་རྣམས་འགུགས་པའི་དཔྱིད། །

དབང་གྲགས་རྡོ་རྗེ་སྩལ་ལ་སླར་ཡང་གུས། །

གཟུགས་སྐུའི་ཟླ་གཞོན་གྱི་ལིང་ཡུལ་ནས་ཚེས། །

ལུང་རྟོགས་དཀྱིལ་འཁོར་ལྔ་ལྡན་ཞིང་ནས་རྫོགས། །

འཕྲིན་ལས་འོད་སྣང་འགྲོ་དྲུག་རྒྱན་དུ་ཤར། །

གཏེར་སྟོན་བླ་མའི་ཞབས་ལ་སུ་མི་གུས། །

མགོན་ཁྱོད་སྔོན་མེད་ཁྱུང་སྔོན་སྐྱེས་སུ་བསྔགས། །

མཁྱེན་བརྩེ་ཆུ་འཛིན་ལང་ལོང་གཡོ་བ་ལས།  །

དབང་ལུང་གྲུ་ཆར་ལྷུག་ལྷུག་འབབ་པའི་མཐུས། །

ཁམས་གསུམ་མུན་སེལ་རྟ་བདུན་འབུམ་འཆར་ཤོག།།

           ཅེས་བྱ་བ་ཡང་ངལ་གསོའི་ཚིགས་སུ་བཅད་ནས་ཕུལ་བ་དང་།  རྫོགས་ཆེན་ཨ་ཏིའི་རྒྱུད་ནས་རྣལ་འབྱོར་འབྲིང་ནི་ཉམ་ང་བག་ཚ་དང་བྲལ་བའི་སེངྒེ་དང་ཁྱི་བཞིན་འཆི་བར་འགྱུར་ཞེས་གསུངས་པ་ལྟར་ཁོང་ཀྲོང་ཁར་དབུ་སྐྲའི་ལྕང་ལོ་ཐུར་ལ་བསྟན་ནས་འདའ་བར་བརྩམས་པ་ན་ཡང་དད་ལྡན་བུ་སློབ་དག་གིས་བླ་མ་རིན་པོ་ཆེར་དེ་ལྟར་ཀྲོངས་འོས་པ་ཡིན་ཞེས་གྱེན་དུ་བསླངས་པ་ལ།  སླར་ཡང་ཁོང་གི་སྐུ་དྭངས་ཤིང་ཐུགས་གསལ་བར་མཛད་ནས་ཁྱེད་ཅག་གིས་དེ་ལྟར་མ་བྱེད་ང་རྣལ་འབྱོར་བ་ནི་ཁྱི་ལྡོམ་བཞིན་དུ་འཆི་དགོས་པ་ཞིག་ཡིན་གསུངས་ཏེ་སླར་ཡང་ཐུར་དུ་བསྟན་ནས་ཀྲོངས་པ་སོགས་སྔ་འགྱུར་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་དོན་ཇི་བཞིན་མཛད་པ་ལས་མ་འདས་སོ། །

           འོན་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱི་རྫུན་རིས་ནི་གདོད་ནས་ཡལ་བའི་དབང་རྟགས་ཡིན་ཕྱིར་གཟུ་གནས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྗེས་སུ་ཡི་རངས་ཅི་མི་ཤོར་བ་དང་། མདོ་བསྡུ་དག་ན་དེ་བཞིན་གཤེགས་པའི་སྐུ་གདུང་རྒྱས་པར་འགྱུར་ཞེས་པ་ལྟར་རོ། དེ་ནས་ཁོང་གི་སྐུ་གདུང་རིམ་བཞིན་མེ་མཆོད་ལ་ཕུལ་པ་ན་ས་གཡོ་བ་དང་སྒྲ་ལྡིར་བའི་ལྟས་སོགས་ཕུན་སུམ་ཚོགས་པ་མ་ལུས་ཚང་ཞིང་།  ཡ་མཚན་གྱི་ལྟད་མོ་སྣ་ཚོགས་སེམས་ཅན་ཀུན་གྱི་འདྲེན་བྱེད་དབང་བོའི་ལམ་དུ་བཀྲམ་པ་ན་དད་ལྡན་བུ་སློབ་ཡོན་བདག་རྗེ་འབངས་འཁོར་བཅས་རྣམས་སྔར་ལས་དད་སེམས་རབ་ཏུ་འཁྲུངས།  རང་བསྲེལ་བབས་པའང་ཁ་དོག་སྣ་ལྔའི་ཚུལ་དུ་ཡོད་ཅིང་།  ཐུགས་ལྗགས་སྤྱན་གསུམ་བབས་པ།  དབུ་སྐྲ་ལྕང་ལོ་མཁའ་འགྲོའི་བསྟི་གནས་ཡང་མེས་མ་ཚིག་པར་ལྷག་གེར་བཞུགས་པ་སོགས་ངོ་མཚར་མཛད་བཟང་སྣ་ཚོགས་སེམས་ཅན་ཐམས་ཅད་ཀྱི་དད་པའི་རྟེན་དང་མིག་དབང་གི་བདུད་རྩིར་གྱུར་ཏོ། །

      དེ་ལྟར་ཁོང་གི་སྐུ་ཚེ་གང་བོའི་འཁོར་ལོ་བཞི་ཡི་བྱ་བ་མཐར་ཕྱིན་མཛད་ནས།  བུ་སློབ་རྒྱུད་འཛིན་གྲངས་ལས་འདས་པ་བསྐྱངས་ཏེ།  བྱ་བཏང་རི་ཁྲོད་འཛིན་པའི་རྣལ་འབྱོར་བ། མདོ་རྒྱུད་གསན་རྒྱ་ཆེ་བའི་ཡོན་ཏན་པ།  ལུང་རིགས་སྨྲ་བ་ཡང་བའི་མཁས་དབང་ཅན།  བསླབ་ཁྲིམས་མིག་བཞིན་སྲུང་བའི་བཙུན་པའི་ཚོགས།  གོས་དཀར་ལྕང་ལོ་མངའ་བའི་ལྗགས་འཆང་པ་སོགས་གང་མང་མཆིས་ཤིང་།  རྒྱ་གར་འཕགས་པའི་ཡུལ་དང་ཁམས་དབུས་གཙང་གསུམ་དུ་ཕེབས་ནས་འགྲོ་དོན་རྒྱ་ཆེར་སྤེལ།  མདོ་སྨད་ཡུལ་ཕྱོགས་འདི་རུ་བྱོན་ནས་སངས་རྒྱས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གང་ལེགས་མཛད་པ་སོགས་གོང་ནས་མདོ་ཙམ་བསྟན་ཟིན་པ་དང་།  ཁོང་གིས་དག་སྣང་བརྡ་ཡིག་གཏེར་ཆོས་དང་རྣལ་དཔྱོད་རྩལ་གྱིས་རྫོགས་པའི་བརྩམས་ཆོས་ཉམས་སྣང་གླུ་རུ་གྱེར་བའི་མགུར་མ་སོགས་གསུང་ཆོས་ཀྱི་སྐོར་ཧ་ཅང་མང་པོ་ཞིག་ཕྱི་རབས་རྗེས་འཇུག་རྣམས་ཀྱི་སྐལ་བ་ལ་བཞག་ནས།  དེའི་ཆོས་བདག་ནི་བླ་མ་འཇམ་དཔལ་རལ་གྲི་ཚང་ལ་གཏད་ཡོད་ཅེས་གསུངས་ཀྱང་དུས་འགྱུར་གྱི་སྐབས་དང་འཕྲད་པའི་དབང་གིས་གསུང་ཆོས་བྱིན་བརླབས་ཅན་དེ་དག་རང་ཡུལ་དུ་སོང་བའང་ཧ་ཅང་འགྱོད་སེམས་ཆེ་བ་ཞིག་ལས་མ་འདས་སོ། །

འདི་ཡང་སྨྲས་པ།

བདག་བློ་དད་པས་སྒྲོ་འདོགས་མ་བྱས་ཤིང་། །

མཁས་པར་སྐུར་འདེབས་ཚིག་གིས་མ་སྒྲིབ་པར། །

རང་བྱུང་ཁམས་ཀྱི་བྱ་བའི་རྣམ་ཐར་འདི། །

དད་ལྡན་བསོད་ནམས་བསགས་པའི་རྒྱུར་ཅིག་ཅིག།

གཅམ་བུས་ངོ་བསྲུང་སྤྲེལ་གྱི་ཟློས་གར་དང་། །

གྱ་གྱུས་ཁེངས་སེམས་དམའ་འབེབས་ཚིག་གི་མདའ། །

དེ་སོགས་སྤངས་ཏེ་སྔོན་བྱུང་འདས་པའི་གཏམ། །

ཞལ་སློབ་དད་འབངས་སྣ་བའི་གསོས་གྱུར་ཅིག།།

འདིར་འབད་ཅུང་ཟད་དཀར་པོའི་དགེ་རྩ་ཡིས། །

སྐྱེ་ནས་སྐྱེ་ཞིང་ཕྲེང་བ་དམ་པའི་མགོན། །

མཉེས་པའི་རྗེས་སུ་བཟུང་སྟེ་གདུལ་བྱའི་དོན། །

མ་ལུས་ཁོང་དུ་ཆུད་དེ་གཞན་སྟོན་མཛོད། །

ཅེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་ངོ་མཚར་པདྨའི་དགའ་ཚལ་ལས་སྐུ་ཆོས་དབྱིངས་སུ་གཤེགས་པའི་སྐོར་ཏེ་དྲུག་པའོ། །

ལེའུ་བདུན་པ།  སྤྲུལ་བའི་སྐུ་ཉེ་བར་བྱོན་པའི་སྐོར། 

མི་འགྱུར་སྤྲོས་དང་བྲལ་བའི་ཀུན་གསལ་སྒེག་མོའི་ཁྱིམ། །

བདེ་སྟོང་གཉིས་མེད་མངལ་གྱི་ཆུ་འཛིན་ཁང་བཟང་དུ། །

གཡོ་མེད་སྒྲ་བརྒྱའི་ཁྲི་འཕང་ལོག་ཀྱང་བརྩེ་བའི་སྤྱན། །

སྲིད་གསུམ་སྲིད་པའི་མགོན་ལ་སླར་ཡང་དགའ་བས་གཟིགས། །

      དེ་ཡང་ཁོང་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་ཙམ་གྱི་ཁ་མཚམས་སུ་གསང་མཚན་དབང་གྲགས་རྡོ་རྗེ་སྩལ་ཏེ ༧གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་རིན་པོ་ཆེ་སྐུ་ཕྲེང་སྔ་ཕྱིའི་ཐུན་མོང་མ་ཡིན་པའི་ངོ་མཚར་ཁྱད་ཆོས་དང་བྱིན་རླབས་དངོས་གྲུབ་ཀྱི་མཐུ་ལ་བསྟུན་ནས།  མ་འདས་སྤྲུལ་སྐུ་རང་བྱོན་ཞེས་བྱ་བ་སྲིད་ན་མངོན་པར་གྲགས་ཤིང་སྙན་གྲགས་ཀྱི་བ་དན་མཁའ་ལ་གཡོ་བའི་སྤྲུལ་སྐུ་རིན་པོ་ཆེ ༧ གྱི་ལིང་གཏེར་སྟོན་བདེ་ཆེན་འཇིགས་མེད་རྡོ་རྗེ་དཔལ་བཟང་བོ་མཆོག་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་རྟ1942ལོའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཚེས་བཟང་ལ་རིག་འཛིན་གོང་མ་གྱི་ལིང་ཐེག་མཆོག་རྡོ་རྗེ་ཚང་གི་རྒྱལ་སྲས་ཆོས་དབྱིངས་རྒྱ་མཚོ་དང་།  ཡུམ་འབྲུག་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་བོང་སྟག་ཞོལ་མའི་་སའི་ཆ་རུ་གནས་ཆེན་བྲག་དམར་ལྷུན་པོའི་མདུན་དུ་གསེར་ཞལ་མེ་ཏོག་འདབ་བརྒྱ་སླར་ཡང་དངོས་སུ་མངོན་པར་བཞད་དོ། །

      སྐུ་བལྟམས་ནས་ཀྱང་རིང་བོ་མ་སོང་བར་སྐུ་ན་ཕྲ་བའི་སྐབས་སུ་དཀར་བོ་ལས་ཀྱི་བག་ཆགས་སད་པའི་རྟགས་སུ་གོས་སེར་གྱོན་པར་ཧ་ཅང་དགའ་བ་དང་།   ཕྱག་གཉིས་མཉམ་བཞག་མཛད་དེ་ཏིང་འཛིན་སྒྲུབ་པ་མཛད་པའི་ཚུལ།   ལྷ་རྟེན་ཆོས་གསུམ་མཐོང་ན་དགའ་བའི་ཚོར་སྣང་ཚད་མེད་པ་སོགས་ཕྱིའི་འབྱུང་གི་རྟེན་འབྲེལ་མངོན་དུ་འགྱུར་བ་མང་དུ་མཛད། །

      དགུང་གྲངས་གསུམ་པ་སྟེ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ1944ལོར་བྲ་ཚའི་དཔོན་པོ་རྡོར་ཁོ་དང་།  རྒྱལ་སྲས་ནམ་མཁའ་རྡོ་རྗེ།   མཁན་པོ་རབ་དགའ།  འཇམ་དཔལ་རལ་གྲི།  བྲག་གཡབ་ཡེ་ཤེས་སམ་ཨ་ལགས་གདོང་དཔྱད་ཚང་སོགས་བླ་དཔོན་ཆེ་གྲས་དང་བསྟན་རྒྱུན་གཙང་མ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བླ་མའི་འཕྲིན་ལས་སྒྲུབ་པར་འབད་པའི་ཐུགས་སྲས་དམ་པ་རྣམ་པས་བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་མཆོད་གནས་བྲ་ཚ་སྔགས་དགོན་ནམ་བྲག་དམར་དགོན་སྨིན་གྲོལ་དར་རྒྱས་གླིང་ལ་བདག་སྐྱོང་ལེགས་པར་མཛད་པ་མ་ཟད།  བ་དམ་སྒོ་མེ་སྔགས་དགོན་བསམ་གཏན་ཨེ་ཝཾ་གླིང་དང་།  ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་སོགས་ཀྱང་ཁོང་གི་དངོས་སློབ་ཡོན་བདག་རྣམས་དང་ལྷན་གཅིག་ཏུ་བདག་སྐྱོང་གང་ལེགས་མཛད།  ཁྱད་པར་དུ་བླ་མ་དངོས་ལ་མི་ཕྱེད་དད་པ་བརྟན་པོ་ཐོབ་ཅིང་སྲིད་གཉིས་ཀྱི་སྲབ་མདའ་ལག་གིས་བསྒྱུར་བའི་ཀ་མདོ་བ་རྒྱ་ར་ཕག་མོས་དད་སེམས་འགྱུར་མེད་ཀྱི་སྙིང་ཁོང་རུས་པར་ཀ་བ་བཙུགས་ཏེ།  དཀྱིལ་གདོང་སྔགས་ཁང་གི་ཁྱམས་ར་དང་།  སྤྱི་ཁང་།  གཟིམ་ཁང་སོགས་ལ་སྔར་ལས་ཀྱང་རྒྱུ་ནོར་གྱི་བདག་རྐྱེན་སྦྱར་ཏེ་ལེགས་པར་གྲུབ།  སྐབས་དེར་བོང་སྟག་བྲ་ཚའི་དཔོན་པོ་རྡོར་ཁོ་དང་།  གཉེར་བ་དཔལ་ལྡན།  རྒྱལ་སྲས་ནམ་མཁའ་རྡོ་རྗེ་སོགས་གཙོས་རྗེ་འབངས་ཡོན་བདག་ཕོ་མོ་རྒན་གཞོན་དང་དངོས་སློབ་རྒྱུད་འཛིན་སྔགས་འཆང་གི་སྡེ་ནས་སྐུ་གོང་མའི་ཡང་སྲིད་ངོས་འཛིན་ཐད་ལ་འདུན་པ་རྩེ་གཅིག་གིས་གསོལ་བ་བཏབ་པའི་སྨིན་འབྲས་མངོན་པར་གཡོ་བའི་དུས་ལ་བབས་ཏེ།  ཁམས་གསུམ་སྐྱེ་དགུའི་འདྲེན་པ་མཆོག་གི་ཞབས་སེན་ནོར་བུའི་འོད་ཕྲེང་བཞད་པ་མཁན་ཆེན་ཆོས་ཀྱི་རྒྱལ་བོ་རེབ་གོང་སྐུ་གཞོགས་ཆེན་མོ ༧ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་ཞབས་པད་ཀྱི་རི་མོ་རོང་བོ་བློན་ཆོས་བོང་སྟག་ཞོལ་མའི་ཕྱོགས་སུ་བཀོད་ནས།  རྐང་ཚ་དང་བོང་སྟག་གི་ས་མཚམས་ཤར་ཝན་ན་རྒན་ཞེས་པའི་ས་ཆར་ཕེབས་ཏེ།  སེམས་བསྐྱེད་མཆོད་པའི་དབང་སོགས་བཀའ་ཆོས་གསུང་སྐབས་བོང་སྟག་བྲ་ཚའི་བླ་དཔོན་རྣམས་ལ་གྱི་ལིང་གཏེར་སྟོན་ཡང་སྲིད་འཚོལ་བའི་བྱ་བཞག་ཐད་ང་ལ་རེག་ལས་ཡོད་པས།  མྱུར་བར་བྱིས་པ་སུམ་བཅུའི་ཟན་བྱང་ཁྱེར་ཤོག་ཅེས་གསུངས་པ་ལྟར་ཡུལ་ཕྱོགས་དེའི་མི་དྲག་དཔོན་ཆེན་དང་།  བླ་སྤྲུལ་རྣམ་གསུམ།  ཞལ་སློབ་རྗེ་འབངས་རྣམས་ཀྱིས་མགྲིན་གཅིག་ཏུ་གྱི་ལིང་གཏེར་སྟོན་སྐུ་གོང་མའི་ཡང་སྲིད་ངོས་འཛིན་མཛད་པའི་གསོལ་བ་བཏབ་ཅིང་།   བྱིས་པ་ལོ་རིམ་འགྲིག་པ་བཅུ་ཕྲག་གསུམ་གྱི་མཚན་བྱང་ཕྱག་ཏུ་ཕུལ་བས།  གྱི་ལིང་གཏེར་སྟོན་མ་འདས་སྤྲུལ་སྐུ ༧བདེ་ཆེན་འཇིགས་མེད་རྡོ་རྗེ་ཚང་ལ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཐུགས་ཐག་བཅད་དོ། །

      དེ་ཡང་གྱི་ལིང་གཏེར་སྟོན་ཐེག་མཆོག་རྡོ་རྗེ་ཚང་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་བའི་སྐུ་གསུམ་བྱོན་པ་སྟེ། ༧ གྱི་ལིང་གཏེར་སྟོན་བདེ་ཆེན་འཇིགས་མེད་རྡོ་རྗེ་ཚང་དང་།  རིམ་བཞིན་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་བ་རིག་ལོ་ཚང་གིས་ཐུགས་ཐག་བཅད་པའི་བླ་མ་དཔལ་ཆེན་རྡོ་རྗེ་ཚང་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ལུག1943ལོར་སྐུ་འཁྲུངས་ནས།  ད་ལྟ་ཁྲི་ཀ་སྨད་པ་སྔགས་ཁང་དུ་བཞུགས་ཏེ་འགྲོ་དོན་མཛད་ཅིང་།  ཨ་ལགས་གདོང་དཔྱད་བྲག་གཡབ་ཡེ་ཤེས་ཀྱིས་ཐུགས་ཐག་བཅད་པའི་བླ་མ་མདོ་སྔགས་ཡོན་ཏན་རྒྱ་མཚོ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ1944ལོར་སྐུ་འཁྲུངས་ནས་ད་ལྟ་བྲ་ཚའི་སྔགས་དགོན་ནམ་བྲག་དམར་དགོན་སྨིན་གྲོལ་དར་རྒྱས་གླིང་དུ་བཞུགས་ཏེ་ཆོས་སྡེ་འདིར་བཀའ་དྲིན་བསྐྱངས་པ་དང་སྐྱོང་བཞིན་པའི་སྐབས་སོ། །

      ༧ གྱི་ལིང་གཏེར་སྟོན་ཡང་སྲིད་བདེ་ཆེན་འཇིགས་མེད་རྡོ་རྗེ་ཚང་དགུང་གྲངས་བདུན་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་བྱི་བ1948ལོར་བར་ལ་བོང་སྟག་བྲ་ཚའི་སྔགས་དགོན་དུ་ཁོང་གི་སྐུ་གོང་མའི་ཐུགས་སྲས་སམ་ཡབ་ཆེན་ཆོས་དབྱིངས་རྒྱ་མཚོའི་སྐུ་མཆེད་དེ་ཁུ་བོ་སྔགས་འཆང་ནམ་མཁའ་རྡོ་རྗེ་མཆོག་གི་ཞབས་ལ་བསམ་སྦྱོར་གཉིས་ཀའི་ཡོངས་འཛིན་གྱི་ཚུལ་བཞིན་གཏུགས་ཏེ།  ཡི་གེ་འབྲི་ཀློག་སོགས་བྱང་ཆུབ་པར་མཛད་ཅིང་ཁྲི་འདོན་རྒྱ་ཆེར་གནང་བ་མ་ཟད།  འདོན་དབྱངས་རྟ་སྒྲུབ་སོགས་ཀྱང་མ་ལུས་ཁོང་དུ་ཆུད་པར་མཛད།  དགུང་གྲངས་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ས་མོ་གླིང1949ལོར་སླེབས་པ་ཙམ་གྱིས་ཁོང་གི་ཁུ་བོ་སྔགས་འཆང་པ་ཡོངས་འཛིན་ནམ་མཁའ་རྡོ་རྗེ་མདུན་ནས་དངུལ་སྲང་བརྒྱ་ཕྲག་དུ་མ་ལས་གྲུབ་པའི་སྐུ་གོང་མ་གྱི་ལིང་གཏེར་ཆེན་ཐེག་མཆོག་རྡོ་རྗེའི་རང་བསྲེལ་དང་གདུང་རུས་སོགས་གཟུངས་འཇུག་ཏུ་བཞུགས་པའི་སྐུ་གདུང་མཆོད་རྟེན་དང་།  ཨ་འཛོམས་འབྲུག་པ་རྡོ་རྗེ་འཆང་གི་ཐུགས་དམ་གྱིས་གནང་བའི་བྱིན་རྟེན་གུ་རུ་གཙོ་འཁོར་གསུམ་དང་བཅས་ཏེ་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུ་གླིང་དུ་གདན་དྲངས་ཤིང་།  མི་འཇིགས་སེངྒའི་ཁྲི་ལ་ཞབས་པད་མངོན་པར་བཀོད་ནས།  ཡུལ་ཕྱོགས་འདིའི་བླ་དཔོན་ཆེ་དྲག་གཙོས་དད་ལྡན་ལྷ་སྡེའི་རྗེ་འབངས་ཡོངས་ཀྱིས་དད་གུས་དགའ་སྤྲོ་ཆེན་པོས་ངང་ནས་མཎྚལ་སྐུ་གསུང་ཐུགས་རྟེན་དང་ལྷ་དར་རིན་ཆེན་རྣམ་གསུམ་གྱིས་མཆོད་པ་དཔག་ཏུ་མེད་པ་ཕུལ་ཞིང་།  ཡིད་སེམས་དགའ་བ་འོ་མའི་མཚོ་མོ་འཁྲུགས་ཤིང་ལག་ཟུང་སོར་བཅུའི་མེ་ཏོག་སྦྱི་བོར་བཀོད་ནས་ཕྱག་མཆོད་གསོལ་འདེབས་དང་ཞལ་རིས་དུང་གི་ཟླ་བ་ཚེས་འདྲ་ལ་རྒྱུན་ཆད་མེད་པར་འཇལ་བཞིན་པའི་སྐལ་བ་ལེགས་སོ། །

འདིར་སྨྲས་པ།

འདྲེན་བྱེད་སིམ་པར་བྱེད་པའི་སྲི་ཞུ་དང་།།

ལག་གཉིས་ཐལ་སྦྱར་བྱས་པའི་ལེགས་སོ་སོགས།

ཟང་ཟིང་ནོར་གྱི་བཀུར་སྟིའི་དངོས་རྣམས་ལ། །

རྣམ་འདྲེན་ཐུབ་པ་བཞིན་དུ་ལེགས་པའི་ལམ།།

རྣམ་དག་ས་ལ་ཁྲིད་པའི་དེད་དཔོན་མཆོག།།

རྣམ་མང་འགྲོ་བ་འདྲེན་པའི་བཤེས་གཉེན་དྲུང་། །

རྣམ་གསུམ་དད་པའི་སྒོ་གསུམ་ཉེ་བར་བསྟེན། །

ཞེས་དང་།  དགུང་གྲངས་བཅུ་བ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས1951ལོར་སྲི་ཞུ་གོང་མ་བཞིན་དུ་བླ་ལྷག་ཏུ་བྱེད་ནའང་དཀོར་དང་གྲོང་ཆོག་གཅིག་པོ་སྙིང་བོ་རུ་མི་བྱེད་པར་སྒོ་མེ་འཁྱིལ་ཁུག་སྔགས་ཁང་དུ་བཞུགས་པའི་འབའ་གཏེར་རྒན་རིན་པོ་ཆེའི་ཐུགས་ཀྱི་སྲས་མཆོག་དམ་པ།  རྒྱལ་བའི་བཀའ་དང་མཁས་གྲུབ་ཚད་ལྡན་གྱི་གཞུང་ལ་ཐོས་བསམ་གྱི་རྣམ་དཔྱོད་ཡངས་པ།  ཁྱད་པར་དུ་སྔ་འགྱུར་གསང་སྔགས་གཞུང་གི་རིག་འཛིན་བརྒྱུད་པའི་ཞལ་སྲོལ་ལག་ལེན་བཞིན་དུ་འཁྱོལ་བ།  ཉམས་རྟོགས་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་བསླངས་པ་སྤེལ་བའི་རྣམ་འབྱོར་བ་ཆེན་མོ་ཨ་ཁུ་ཐབས་མཁས་ཚང་གི་མདུན་ནས་དཔལ་སྤྲུལ་ལམ་རིམ་ཀུན་བཟང་ཞལ་ལུང་དང་།  ཡུམ་མདོ་ལ་སོགས་ཐེག་ཆེན་མཐའ་དག་གི་བསྡུ་དོན་གདན་ཐོག་གཅིག་གི་ཉམས་སུ་ལེན་པའི་མན་ངག་སྤྱོད་འཇུག་ཆེན་མོ་སོགས་ལ་ཐོས་བསམ་མཛད་པའི་དབུ་ཚུགས་ཏེ།  ཉིན་མཚན་རྟག་ཏུ་བརྩོན་འགྲུས་ལྷོད་མེད་དང་ཐུགས་རིག་ཤིན་ཏུ་རྣོ་བའི་དབང་གིས་ཉིན་རེར་ཤོག་ལྷེ་མདའ་ཚད་མ་བཅུ་ནས་བཅོ་ལྔ་བར་ཐུགས་འཛིན་གནང་བར་མཛད་ཅེས་སྔགས་འཆང་རྒན་པ་འགའ་རེའི་ཞལ་ནས་ཐོས་སོ། ། 

      དགུང་གྲངས་བཅོ་ལྔ་བ་རབ་བྱུང་བཅུ་བའི་མེ་ཕོ་སྤྲེལ1956ལོར་ཁམས་གསེར་ལྡན་ས་ཡི་དཀྱིལ་འཁོར་དུ་གྲགས་པའི་རྫོགས་ཆེན་དགོན་བསམ་གཏན་ཆོས་གླིང་དུ་ཐོག་མར་ཕེབས་ཤིང་།  འཆད་རྩོད་རྩོམ་གསུམ་ལ་སོགས་ལྷ་ཡི་རྔ་སྒྲའི་རྗེས་སུ་སྤོས་པའི་ཆོས་སྡེ་གྲགས་ཆེན་ཀཿ དཔལ་རྫོགས་གསུམ་ཞེས་པར་གྲགས་པའི་གདན་ས་ཆེན་མོ་དག་ལ་ཞབས་པད་ཀྱི་རི་མོ་བཀོད་ནས།  མཁས་གྲུབ་ཀྱི་བཤེས་གཉེན་དམ་པ་དུ་མར་ཉེ་བར་བསྟེན་པ་མ་ཟད།  མཁན་ཆེན་ཡེ་ཤེས་རྒྱལ་མཚན་མཆོག་གི་མདུན་ནས་སངས་རྒྱས་བསྟན་པའི་འཇུག་སྒོ་ལ་མེད་དུ་མི་རུང་བ་དང་ཡོད་ན་དེའི་ཆོག་པའི་བསླབ་པ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱུད་ལ་ཐོག་མར་དགོས་པའི་ལམ་སྲོལ་སྐྱབས་སུ་འཇུག་པར་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས་སོ། །

ངེས་འབྱུང་འཁོར་བའི་ཆོས་རྣམས་ཤུལ་བསྐྱུར་ནས།  །

རྣམ་དག་ཁྲིམས་ཀྱི་རྐེད་རགས་དམ་པོ་འདིས། །

སྒོ་གསུམ་འཕྱན་གཡེང་རྒྱུ་བ་ཉེར་བསྡམས་ཏེ།  །

རྣམ་དག་མཐོ་རིས་སྐས་ལ་རིམ་གྱིས་འཛེགས། །

      ཞེས་ཀྱང་སྨྲས་པ་དང་།  སྐུ་ཚེ་སྔ་ཕྱི་གང་ཡིན་རུང་ཚེ་རབས་ལས་ཀྱི་འབྲེལ་བའི་དབང་གིས་གཅིག་གཅིག་མཐོང་མ་ཐག་ཏུ་ཐུགས་སྤྲོ་སེམས་འོ་མཚོའི་རྦ་རླབས་འཕྱུར་ཞིང་འཛུམ་རབ་དཀར་མེ་ཏོག་པདྨ་བཞད་པའི་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་གིས་ཀྱང་སྐལ་ལྡན་བུ་སློབ་གཅིག་ཏུ་དགོངས་ཏེ་རྗེས་སུ་བཟུང་པར་མཛད་ནས།  མཉེས་བ་གསུམ་གྱི་སྒོ་ནས་ཐུགས་དགྱེས་ཤིང་། ལོ་གསུམ་བར་ལ་བླ་མ་རིན་པོ་ཆེ་དང་ལུས་དང་གྲིབ་མ་མཉམ་འགྲོགས་ཀྱིས་ཚུལ་བཞིན་བསྟེན་ཏེ།  བླ་མ་ཐུན་མོང་གི་རྫོགས་རིམ་གྱིས་རྩ་རླུང་གཏུམ་པོ་སོགས་ཐུན་མོང་མ་ཡིན་པའི་རྫོགས་ཆེན་མན་ངག་གཅིག་རྒྱུད་གཙོས་སྔ་འགྱུར་བའི་བཀའ་གཏེར་སྤྱི་དང་།  ལྷག་པར་དུ་མདོ་རྒྱུད་སེམས་གསུམ་དགོངས་དོན་མ་ལུས་ཡོངས་སུ་བསྩལ་ཏོ། རང་གི་ནོར་འཆུགས་གོལ་དང་བྲལ་བའི་ཉམས་དང་སྦྱོར་བའི་དང་ལེན་བྱས་ཏེ།  རྒྱུད་ཚད་དང་མཐུན་པར་ཉམས་རྟོགས་ཅི་རིགས་འཁྲུངས།

      དགུང་གྲངས་བཅུ་བདུན་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི1958ལོར་གདན་ས་ཁྱད་པར་བ་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་དུ་རང་ཡུལ་གྱི་ལས་ལྡན་རྣམས་རྗེས་སུ་འཛིན་པའི་ཆེད་དུ་ཕྱིར་ཕེབས་སོ། དེར་ཡང་ཆོས་ལུགས་བཅོས་བསྒྱུར་གྱི་སྐབས་དང་གཡོན་ཐལ་ཆེ་བའི་ལམ་ཕྱོགས་ཀྱི་དབང་གིས་ཁ་བ་རི་བོའི་ལྗོངས་སུ་ཤཱཀྱའི་བསྟན་པ་རིན་པོ་ཆེ་མེད་པར་བཏང་ནས་རྒྱལ་ཁམས་སྨྲེ་སྔགས་འདོན་པའི་གནས་སུ་ཚུད་པར་འཕྲད།  ཡིན་ནའང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་འགྲིམས་ཏེ་ལོ་གཅིག་ཙམ་རིང་ལ་རྒྱ་བོད་རིགས་པའི་གནས་སྦྱངས་བརྩོན་ཅི་རིགས་མཛད་པའི་གོ་སྐབས་ལེགས་པོ་ལྡན།

      དགུང་གྲངས་བཅོ་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ས་མོ་ཕག1959ལོར་རྒྱལ་ཁམས་ཡོངས་སུ་གྲལ་རིམ་འཐབ་རྩོད་རྩ་གནད་དང་།  བཀས་བཀོད་རྒྱུད་འཛིན་རྩ་རྫོགས།  ལྷ་འདྲེ་གདོན་འགག་རྩ་སློག་བཅས་ཀྱི་ཁ་གཡང་ཡུན་གྱིས་བརྗོད་ནས་དུས་འགྱུར་གྱི་མགོ་བརྩམས་པ་དང་། ཁྱད་པར་དུ་རིག་གནས་གསར་བརྗེ་ཆེན་པོར་འབོད་པའི་ལོ་བཅུའི་དུས་འཁྲུགས་སྐབས་སུ་འབྲོག་ཁྱིམ་ཕལ་བ་སྐྱོང་བའི་ཚུལ་དུ་ཕྱུགས་ཟོག་འཚོས་པའི་གླ་ཚེགས་ཀྱིས་འཇིག་རྟེན་ཐོག་ཏུ་འཚོ་ཐབས་བྱེད་དགོས་པར་བྱུང་ནའང་གཅར་རྡུང་མནར་གསུམ་དང་།  སྡུག་བསྔལ་ཚད་མེད།  སྐུ་ཚེགས་འོ་བརྒྱལ་གང་མང་བཞེས།  དེ་ལྟར་ཡིན་ནའང་གཞན་དངོས་དང་བརྒྱུད་ནས་ཅི་ཕན་གང་ཕན་གྱི་སྒོ་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པར་མཛད། ཇི་སྐད་དུ་ཡང་། 

དམ་པ་ཇི་ལྟར་རྒུད་གྱུར་ཀྱང་། །

གཞན་ལ་ཕན་པ་ཁོ་ན་མཛད། །

      ཅེས་བྱ་བ་ལྟར་བོད་ཀྱི་གསོ་བ་རིགས་པའི་གནས་ལ་འབད་པས་སྦྱངས་ཤིང་ཕྱག་ལེན་དུ་བཀོལ་ནས་རྩྭ་སྨན་དང་ཤིང་སྨན་སོགས་སྡེབ་ཀ་བསྒྲིགས་ཏེ།  ལྐོག་ཏུ་ནད་པ་ཉམ་ཐག་རྣམས་ལ་གནང་པ་དང་།  མནའ་སྲེག་གཏར་གསུམ་གྱི་སྒོ་ནས་འགྲོ་བ་མིའི་རིགས་ལ་ནད་ཀྱི་དུཿ ཁས་མནར་བའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་མཛད་པ་སོགས་དམངས་ཁྲོད་ངག་རྒྱུན་དུ་གྲགས་སོ། །

      དགུང་གྲངས་སོ་བདུན་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་རྟ1978ལོར་ཨེར་སྟི་ཚེ་རིང་དང་།  ཕུན་ཚོགས་བཀྲ་ཤིས།  སོ་རྒྱག་སྟོབས་ལྡན།  སྐ་སེར་ཇ་པོ།  རྒྱ་ར་འཇིགས་མེད།  དཀྱིལ་གདོང་དཔལ་ལྡན་དབང་ཆེན་སོགས་གཙོས་ཆབ་འགག་འདུས་སྡེ་རྗེ་འབངས་རྣམས་ཀྱིས་སླར་ཡང་དཀྱིལ་གདོང་སྔགས་ཁང་དུ་གདན་དྲངས་ཏེ།   དེར་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་ཞེས་བྱ་བ་སླར་གསོ་བྱས་ནས་ཆོས་སྒོ་ཕྱེས་པ།  གཙུག་ལག་ཁང་གསར་བའི་རྒྱ་ཕབས་ཀ་རིང་ཟུར་གྱི་གློ་འདོགས་དང་།  གན་ཇི་རའི་གསེར་ཏོག་རི་དྭགས་ཕོ་མོ་ཆོས་འཁོར་དང་བཅས་པ་སྔོན་ཆད་ལས་ཀྱང་ལེགས་པར་གྲུབ་ཅིང་།  དད་ལྡན་རྗེ་འབངས་རྣམས་ཀྱིས་རང་གི་སྲོག་ལ་མ་འཛེམས་པར་དུས་འགྱུར་ཆེན་པོ་ལས་བསྐྱབས་ཏེ་ཉར་ཚེགས་སྦེད་གསང་གང་ཐུབ་བྱས་པའི་སྐུ་གོང་མ་གྱི་ལིང་གཏེར་ཆེན་ཐེག་མཆོག་རྡོ་རྗེའི་དངུལ་གདུང་མཆོད་རྟེན་གྱི་གཟུངས་འཐུག་དང་ཨྱོན་གཙོ་འཁོར་གསུམ་གྱི་གཟུངས་འཇུག   མ་གཟའ་རྡོར་གསུམ་གྱི་རྟེན་ཐང་།  ཞི་ཁྲོའི་རྟེན་ཐང་བྱིན་ཅན་སོགས་སླར་ཡང་ཁོང་གི་ཕྱག་ཏུ་ཕུལ།   ཁོང་གིས་ཀྱང་གང་འཚམས་ཀྱི་བྱ་དགའ་དང་ཡི་རངས་བསྔོ་སྨོན་རྒྱ་ཆེར་མཛད་དེ་རྟེན་རྙིང་གྲགས་ཅན་སོགས་གཟུངས་གཞུག་ཏུ་ཕུལ་ནས་རྟེན་བཞེངས་གསར་བ་གང་ལེགས་མཛད།   དེ་ལྟར་ཁོང་གི་ལྷ་སྡེ་རྗེ་འབངས་རྣམས་ལ་ཐུགས་རྗེས་གཟིགས་ཤིང་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། 

དགོན་པའི་ཆོས་སྤྱོད་དང་ཆོས་ཐོག་ཆེན་པོའི་སྐོར་ལ་རྒྱུན་ཚོགས་མདོ་གདུགས་སྒྲོལ་གསུམ་དང་། ཡི་དམ་ཆོས་སྐྱོང་ལྷ་མོ་སྔགས་སྲུང་མ།  གཟའ་རྒོད་ཁྱབ་འཇུག  དམ་ཅན་རྡོར་ལེགས་སོགས་སྐུ་གོང་མའི་ལྷག་ལྷ་གནོད་སྦྱིན་གྱི་རྒྱལ་བོ་ཙི་དམར་དང་བཅས་པའི་བསྐང་གསོལ་ཆག་མེད།  ཟླ་ཆོས་ཚེས་བཅུའི་རྩ་གསུམ་ཚོགས་འཁོར་དང་བཅས་ཏེ།  ཧོར་ཟླ་དང་པོའི་ཚེས་བཅུ་གསུམ་ནས་བཅུ་དགུ་ཉིན་ལ་ཆོ་འཕྲུལ་ཟླ་བའི་ལྷ་ལྡན་སྨོན་ལམ་ཆེན་མོ་དང་རྒྱ་ར་ལུང་བའི་བྱད་ཁ་ངན་པ་སོགས་ཟློག་པའི་ཆེད་དུ་མཁའ་འགྲོའི་སེང་གདོང་མའི་གཏོར་ཟློག་ཆེན་མོ།  ཟླ་བཞི་བའི་ཚེས་བཅུ་གསུམ་ནས་བཅུ་དྲུག་ཉིན་ལ་འབུམ་འགྱུར་ཏེ་ཐུགས་རྗེ་ཆེན་པོ་མ་ཎི་ཆོས་ཐོག   སྡེ་བ་གཞུང་གི་སྨྱུང་གནས།  ཟླ་ལྔ་བའི་ཚེས་གཅིག་ནས་བརྒྱད་ཉིན་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཆེན་ཏེ་སེམས་ཅན་ཐམས་ཅད་དུཿ ཁ་ལས་སྐྱོབ་པའི་ཆེད་དུ་གར་གླེང་ཐོས་གྲོལ་ལམ་ཞི་ཁྲོའི་ཆོས་ཐོག་སོགས་ཨེར་སྟིའི་སྐུ་རིམ་ཡིན་པས་དེ་རུ་འཚོགས་ཤིང་།  ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་བཅུ་དགུ་བར་ལ་བླ་མ་རྣམས་ཀྱི་ཞབས་བསྟན་ཚུལ་དུ་གུ་རུ་གྲོ་ལོད་ཀྱི་གཏོར་ཟློག་སོགས་རྒྱ་ར་དང་ཨེར་སྟི་ཡར་མར་གཉིས་སུ་འཚོགས་དགོས།  སྤྱིར་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་དུ་རྒྱ་ར་དང་།  སྐ་སར།  འགག  དཀྱིལ་གདོང་།  ཁྱ་ཚང་།   སོ་རྒྱག་སོགས་སྡེ་བའི་སྔགས་འཆང་རྣམས་འཚོགས་དགོས་པ་མ་ཟད།  ཆབ་ཆ་དང་།  ཨེར་སྟི།  ས་གྲུ་བཞི།  དུམ་པ་སོགས་ཞང་ཁག་བཞིའི་མངའ་ཁུངས་སུ་གཏོགས་པའི་སྡེ་བ་དང་ཚོ་བ་ལས་གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས་གསུངས་པ་ལྟར།  

དྲུག་ལྡན་བརྒྱུད་པའི་ཆུ་བོ་གཅིག་ཏུ་འཁྱིལ། །

གདམས་ངག་ལས་ཚོགས་རིན་ཆེན་གཏིར་གྱིས་གང་། །

གྲུབ་མཆོག་ཀླུ་དབང་འབུམ་ཕྲག་རོལ་བའི་གནས། །

རྙོག་བྲལ་སྔ་འགྱུར་ཐེག་པའི་རྒྱ་མཚོ་ཞེས། །

      ཞེས་ཡོངས་སུ་བསྔགས་པའི་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དེ་ནི་གྲུབ་མཐའ་གཞན་ལས་ཆེ་བ་དྲུག་གིས་འཕགས་ཤིང་།  མཁན་སློབ་ཆོས་གསུམ་དང་རྗེ་འབངས་ཉེར་ལྔ་སོགས་གྲུབ་པའི་འཁོར་བསྒྱུར་མང་པོས་བཀའ་དྲིན་གྱིས་མདོ་དབུས་ཁམས་གསུམ་དུ་ཉིན་མོ་ལྟར་གསལ་བའི་ཚུལ་ཡོངས་གྲགས་ལྟར་དང་།  ཁྱད་པར་དུ་ཁམས་སྡེ་དགེ་རྒྱལ་པོས་སྟོབས་ཀྱིས་བསྒྱུར་བའི་མངའ་ཁུལ་ལ་མཚོན་ན་སྔ་འགྱུར་གྱི་བསྟན་པ་འདི་དར་རྒྱས་ཆེ་ཞིང་།  དགོན་གནས་ཆེ་ཆུང་ཡང་གང་མང་བྱུང་བ་ལས།  གྲགས་ཆེ་བའི་བ་དན་ཡོངས་སུ་གཡོ་བ་ཀཿ དཔལ་རྫོགས་གསུམ་གྱི་རིང་ལུགས་འཛིན་མཁན་གོས་དཀར་ལྕང་ལོ་ཅན་གྱི་སྔགས་འཆང་པ་རྣམས་སྔགས་དགོན་འདི་རུ་འཚོགས་ཆོག་པའི་ཆོག་མཆན་ཀྱང་གོང་རིམ་སྲིད་གཞུང་ནས་གནང་འདུག།

      དེའི་མི་ཚད་ལྷ་ལྡན་སྨོན་མ་ཆེན་པོའི་སྐབས་སུ་སྔགས་འཆམ་ཁྲབ་ཚན་བཅོ་ལྔ་སྟེ།  ཁྲབ་ཚན་དང་པོ་གསེར་སྐྱེམས་མཆོད་པ་དང་། ཁྲབ་ཚན་གཉིས་པ་ས་འདུལ།  ཁྲབ་ཚན་གསུམ་པ་ཀེང་རུས།   ཁྲབ་ཚན་བཞི་བ་གཟའ་རྒོད་ཁྱབ་འཇུག་ཆེན་པོ་སོགས་ཆོས་སྐྱོང་གི་སྐོར།   ཁྲབ་ཚན་ལྔ་བ་འཛམ་གླིང་གེར་སེར་རྒྱལ་བོ།  ཁྲབ་ཚན་དྲུག་པ་ཤན་པན་གྱི་རྒྱལ་པོ་ཁྲི་ཀའི་ཨ་མྱེས་ཡུལ་ལྷ།   ཁྲབ་ཚན་བདུན་པ་ཟན་ལིང་བསྒྲལ་མཁན་གྱི་ཤ་འཆམ།   ཁྲབ་ཚན་བརྒྱད་པ་ལྷ་དབྱེད་ཀྱི་ཚུལ་དུ་བྱ་འུག་ས་འདུལ།   ཁྲབ་ཚན་དགུ་བ་ཡི་དམ་ཁྲོ་བོ་ཁྲོ་མོ་བཞི་སྟེ་གངས་དམར་ནག་གི་ཚུལ།   ཁྲབ་ཚན་བཅུ་བ་ཞལ་བསྟབས་ཀྱི་ཚུལ་དུ་བྱ་འུག་གཉིས།   ཁྲབ་ཚན་བཅུ་གཅིག་པ་གཞི་བདག་གི་སྐོར་བློན་པོ་གསེར་ཆེན་དང་དཔའ་ཐུལ་རྫ་རྒན་སྟོབས་ཆེན་གསུམ།   ཁྲབ་ཚན་བཅུ་གཉིས་པ་འཆམ་མང་གཏོར་རྒྱག་གི་ཚུལ།   ཁྲབ་ཚན་བཅུ་གསུམ་པ་འཕགས་ཡུལ་ཨ་ཙ་རའི་འཆམ།   ཁྲབ་ཚན་བཅུ་བཞི་བ་ཚེ་རིང་རྣམ་དྲུག་གི་ཚུལ་དུ་རྒད་པོ་སྒྲ་ལོ།  ཁྲབ་ཚན་བཅོ་ལྔ་བ་སེང་འཆམ་སོགས་དཔལ་རྒྱལ་བ་ཀཿ ཐོག་པའི་རིང་ལུགས་བཞིན་སྐུ་གོང་མའི་ཕྱག་སྲོལ་ཇི་བཞིན་ཉམས་པ་སླར་གསོ་མཛད་ནས་ཧ་ཅང་དར་ཆེ་བ་དང་།  རང་བྱུང་བཅུ་བདུན་པའི་ཆུ་ཕོ་སྤྲེལ1992ལོར་ཀྲུང་ཧྭ་མི་རིགས་སྤྲོ་ཚོགས་རིག་རྩལ་དུས་ཆེན་གྱི་སྐབས་དང་བསྟུན་ནས།  རྒྱལ་ནང་ཀོང་ཀྲུ་དང་།  ཁུང་མིན།   ནན་ཅིན།   ཧྲང་ཧེ་གྲོང་ཁྱེར་སོགས་ལ་སོང་ནས་ཁྲབ་སྟོན་མཛད་པས།  མ་ཧཱ་ཙི་ནའི་ཡུལ་ཁམས་སུ་ཀྱང་ཧ་ཅང་དགའ་བསུ་ཐོབ་པ་རེད། 

     གཞན་ཡང་ཁོང་གི་འཁྲུངས་ཡུལ་བོང་སྟག་བྲ་ཚའི་སྔགས་དགོན་ནམ་བྲག་དམར་དགོན་སྨིན་གྲོལ་དར་རྒྱས་གླིང་དུ་ཁོང་གིས་ཞལ་བཀོད་མཛད་ནས་གཙུག་ལག་ཁང་ཆེ་ཆུང་གཉིས་ལ་རྟེན་དང་བརྟེན་པར་དགེ་བསྙེན་རལ་ཐོགས་གོས་དཀར་འཆིང་པ་བཅུ་ཕྲག་གསུམ་གྱི་སྡེ་ཡང་དགོན་པར་རྒྱུན་བཞུགས་སུ་ཡོད་པར་མ་ཟད་སྐུ་གོང་མའི་སྔར་སྲོལ་ཕྱག་ལེན་ཐམས་ཅད་མ་ལུས་པར་དར་རྒྱས་སུ་འགྲོ་བཞིན་པའི་སྐབས་སོ། །

      དེར་ཡང་བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་ཡ་གྱལ་ནག་བཟའ་ཞེས་པའི་སའི་ཆ་རུ་ཡུལ་མི་ལྷ་འབངས་རྣམས་ཀྱི་རེ་མོས་བཞིན་འབྲུག་ཁྱུང་སྔགས་ཁང་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གསར་དུ་ཕྱག་འདེབས་མཛད་ནས་གཙུག་ལག་ཁང་དང་།  མཆོད་རྟེན་སོགས་རྟེན་དང་བརྟེན་པར་བཞེངས་པར་མཛད་ཅིང་།  དེ་བཞིན་དུ་སྐུ་གོང་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་བ་དམ་ཞེས་པའི་སའི་ཆ་རུ་ཡང་སྒོ་མེ་སྔགས་ཁང་བསམ་གཏན་ཨེ་ཝཾ་གླིང་སླར་གསོ་དང་ཆོས་སྒོ་གསར་དུ་ཕྱེས་ཏེ།   དགོན་བདག་གི་ལས་དང་ཁུར་བོ་ཁོང་གཅིག་པུས་ཞལ་བཞེས་གནང་ནས་ཆོས་སྡེ་དེ་དག་ལ་རེས་མོས་སུ་ཕེབས་ཏེ་དངོས་དང་རྒྱུད་ཀྱི་སྒོ་ནས་སོ་མ་གསར་བཞེངས་དང་ཉམས་པར་སླར་གསོ་མཛད་དེ་ཚོགས་དང་ཆོས་ཐོག་ཚུལ་བཞིན་བཙུགས།

      དགུང་གྲངས་ང་གཉིས་པ་རབ་བྱུང་བཅུ་བདུན་པའི་ཆུ་མོ་བྱ1993ལོར་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་གདུལ་བྱ་དང་འགྲོ་དོན་ཧ་ཅང་རྒྱ་ཆེ་བའི་དབང་གིས་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུ་དང་།   ཁུལ་མི་དམངས་སྲིད་གཞུང་གིས་གཙིགས་འཛིན་ཆེན་པོས་ཐུགས་ཁུར་གནང་འོག་ཏུ།  ཁོང་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་སོགས་ཀྱི་ཕྱག་འགན་བཞེས་ཏེ།  རྒྱལ་ཁབ་ཀྱི་སྲིད་ཕྱོགས་སུ་ཕྱག་ལས་མཛད་པ་དང་མཛད་བཞིན་པའི་སྐབས་སོ། ཞེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་སྤྲུལ་སྐུ་ཉེ་བར་བྱོན་པའི་སྐོར་ཏེ་བདུན་པའོ། །

       ལེའུ་བརྒྱད་པ།   ངོ་མཚར་སྒྲུབ་རྟགས་ཐོན་པའི་སྐོར།

      དགུང་གྲངས་བཞི་བཅུ་ཞེ་དྲུག་པ་རབ་བྱུང་བཅུ་བདུན་པའི་མེ་མོ་ཡོས1987ལོར།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བྲག་དམར་ཞང་བ་དམ་སྒོ་མེ་སྔགས་ཁང་བསམ་གཏན་ཨེ་ཝཾ་གླིང་གི་ནང་རྟེན་སོགས་ལ་འབྱུང་བ་ཆེན་པོ་མེ་ཡིས་གནོད་འཚེ་ཚབས་ཆེན་བྱུང་དུས།  ཁོང་གིས་བཞེངས་ནས་རབ་གནས་ལེགས་པོར་མཛད་པའི་གཙོ་སྐུ་ཆེན་པོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་འཇིམ་སྐུ་དབུས་སུ་བཞུགས་ཡོད་པ་དང་།  ཁྲི་དང་རྒྱལ་ཡོལ་སྟེང་གི་གོས་དར་སོགས་ལ་མེ་སྐྱོན་ཅི་ཡང་མ་ཕོག་པར་བསིལ་ཀྲོང་ངེར་བཞུགས་པའི་ངོ་མཚར་ཁྱད་ཆོས་བསྟན་པར་མེ་གསོ་ཕོ་མོ་རྣམས་ཀྱི་མིག་དབང་གི་བདུད་རྩིར་གྱུར་བ་ལས།  གཞན་གཙོ་སྐུའི་གཡས་གཡོན་དུ་མདོ་སྔགས་གཉིས་ཀྱི་སྐུ་གསུངས་ཐུགས་རྟེན་ཡོད་ཚད་མེ་ཡིས་བཞེས་ཏེ་ཐལ་བར་གྱུར་ཞིང་། གུ་རུའི་མདུན་ཞབས་ཀྱི་ཁྲི་འོག་ཏུ་དར་ལམ་ཕྲན་བུ་ཞིག་ཡོད་པ་ལས་མེ་ལྕེ་མཆེད་ནས་གཡོན་ཕྱོགས་ཀྱི་ལྷ་སྐུ་ཚང་མ་ཡང་ལྷག་མེད་དུ་མེ་ཡིས་ཚིག   དེ་ལྟར་འགྲོ་བའི་བླ་མ་སངས་རྒྱས་དཔལ་ལྡན་པདྨ་སྐྱེས་ཀྱི་སྐུ་བརྙན་དངོས་སོགས་ལ་འབྱུང་བ་ཆེན་པོ་མེ་ཡིས་ཀྱང་གནོད་མ་ཐུབ་པ་ལྟ་ཅི་དང་ཧ་ལས་པ་ཞིག་ལས་མ་འདས་སོ། །དེ་ཡང་ཅི་སྐད་དུ། 

ཟ་ཧོར་རྒྱལ་པོས་གསོན་བསྲེག་མཛད་པའི་ཚེ།

འབྱུང་བ་མེ་ཡིས་མ་ཚིག་སྒྲུབ་རྟགས་བསྟན། །

ཞེས་པའང་འདི་འདྲ་ཞིག་ལོས་ཡིན་སྙམ་ན་དད་སེམས་སྔོན་ལས་ཀྱང་ལྷག་པར་འཕེལ་བར་གྱུར་རོ། །

      དགུང་གྲངས་ང་གཉིས་པ་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ1993ལོའི་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ལ་ཆབ་འགག་ཆུ་མཛོད་ཆེན་མོ་ཤོར་བའི་ཆག་སྒོ་དང་དོན་རྐྱེན་འབྱུང་བ་ལས།  སྲ་མོའི་བྲག་དང་ཡངས་མོའི་ཐང་།   ཆབ་འགག་གཞུང་དང་ཆབ་ཆ་གྲོང་བརྡལ་སོགས་ཧ་ལམ་ཤུལ་ལུས་མེད་དུ་བཏང་སྟེ།    མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་ཐེབས་ཤིང་།  ཡུལ་ཁམས་སྨྲེ་སྔགས་འདོན་པའི་གནས་སུ་ཚུད་ནས་འཛམ་བུ་གླིང་ལ་གྲགས་སུ་ཆེ་བ་ཞིག་བྱུང་ནའང་ཆུ་མཛོད་མདུན་ངོས་ཆུའི་བཞུར་ལམ་དུ་ཆུ་སྒོའི་ཁ་གཏད་ལྟ་བའི་ཚུལ་ལ་ལྷང་ངེར་བཞུགས་པའི་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ཆ་ནས།   དགོན་པའི་ལྕགས་རིའི་ཁ་ནས་ཆུ་ལོག་བླུགས་ཏེ་ནམ་མཁའི་དབྱིངས་སུ་འཕྱོ་བ་དང་གཙུག་ལག་ཁང་ཀྱང་ཆུས་བསྣུབས་པའི་འཇིགས་པ་ཆེན་པོ་ཡོང་ནའང་དེའི་གཡས་གཡོན་གྱི་ཁྱིམ་ཚང་དང་།   སྡོང་ར།   ས་ཞིང་།  བྱེ་སྒང་།   གསེག་སྒང་།   བརྩིགས་རྡོ་སོགས་ལྷག་མེད་དུ་ཆུས་ཁུར་བའི་རྔམ་གྲོག་ཡོད་པ་མཐོང་ན་གཙུག་ལག་ཁང་འདི་ཡང་ཅི་ལ་ཁུར་མ་སོང་སྙམ་ནས་སྐྲག་སྣང་དང་ཡ་མཚར་ཉིས་ལྡན་ཞིག་ཀྱང་འབྱུང་སྲིད་མོད།  འོན་ཀྱང་གཙུག་ལག་ཁང་སོགས་ཆུས་འཁུར་བ་ཕར་ཞོགས་ནུབ་ཕྱོགས་གྲོག་མོའི་རྩིབ་དང་འགྲམ་གྱི་ལོགས་སུ་ཆུ་རགས་རང་བྱོན་གྱི་ཚུལ་དུ་ཆུ་མཛོད་ཀྱི་ཁ་ནས་ཁུར་ཡོང་བའི་བྲག་རྡོ་ཆེན་པོ་རྒྱ་མ་ཉིས་ཁྲི་ནས་སུམ་ཁྲི་ཅན་དུ་མ་སྤུངས་ཏེ་བསྒྲིགས་ཡོད་པ་སོགས་ཀྱང་འབྱུང་མི་སྲིད་མོད།  འོན་ཀྱང་གཙུག་ལག་ཁང་སོགས་ཆུས་འཁུར་བ་ཕར་ཞོགས་ནུབ་ཕྱོགས་གྲོག་མོའི་རྩིབ་དང་འགྲམ་གྱི་ལོགས་སུ་ཆུ་རགས་རང་བྱོན་གྱི་ཚུལ་དུ་ཆུ་མཛོད་ཀྱི་ཁ་ནས་ཁུར་ཡོང་བའི་བྲག་རྡོ་ཆེན་པོ་རྒྱ་མ་ཉིས་ཁྲི་ནས་སུམ་ཁྲི་ཅན་དུ་མ་སྤུངས་ཏེ་བསྒྲིགས་ཡོད་པ་སོགས་ཀྱང་ད་ལྟ་མཐོང་མ་ཐག་ཏུ་ཨེ་མ་སྙམ་ནས་སྤྲོ་བའི་འཛུམ་དང་དགའ་བའི་ཉམས་ཤིག་དབང་མེད་དུ་འཆོར་ཞིང་།  འཇིག་རྟེན་མི་ཡིས་རྩོལ་བ་བྱས་ཀྱང་འདི་འདྲའི་ཆུ་རགས་ལྷུན་གྱིས་གྲུབ་པ་ཞིག་ག་ལ་མཆིས་སྲིད་སེམས་ན་སྐུ་གོང་མའི་ཐུགས་མདུན་སྨོན་ལམ་དང་ཆུ་བར་ནོར་བུའི་གླིང་ཞེས་བྱ་བ་འང་མིང་དང་དོན་གཉིས་མཚུངས་པར་སྙམ་ཞིང་།   དེ་བཞིན་བྱང་གི་ཕྱོགས་སུ་ཡང་རྔམ་གྲོགས་ཆེན་པོ་ཆུ་ཡི་རྦ་རླབས་བར་སྣང་ཁམས་ན་ཆུར་གནས་སྲིན་པོ་དག་ཀྱང་དཔའ་ཞུམ་སྙིང་རྩ་འདར་བའི་ལས་ལ་བྲེལ་ལོ། །འདི་འདྲའི་རྫིག་ཉམས་ཆེ་ཞིང་ཡ་ང་བའི་འབྱུང་བ་ཆེན་པོ་ཆུའི་འཇིགས་པ་ལས་ཆུ་ཆེན་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་མཆོག་འདི་འཇིག་མེད་རྡོ་རྗེ་བྲག་གི་ཚུལ་དུ་འགྱིངས་པ་དང་།   ཀླུ་རྒྱལ་ཕོ་བྲང་བཞིན་དུ་བསྟན་པ།  ཆུ་སྐྱེས་པདྨ་བཞིན་དུ་གཙུག་ལག་ཁང་བཟང་རྒྱ་ཕིབས་གསེར་ཏོག་དང་བཅས་པ་སེར་ལམ་མེར་བཞུགས་པ་འདི་ཡང་ནང་རྟེན་བྱིན་ཅན་གུ་རུའི་ཐུགས་རྗེ་དང་མྱུར་མགྱོགས་བསྟན་སྲུང་མ་གཟའ་རྡོར་གསུམ་ལས་སྒྲུབ་དག་གི་མཐུ་ནུས་ཁྱད་པར་པ་ལས་བྱུང་བ་སྨྲས་མ་དགོས་སོ། །

      དགུང་གྲངས་ང་ལྔ་རབ་བྱུང་བཅུ་བདུན་པའི་མེ་ཕོ་བྱི་བ1996ལོའི་ཧོར་ཟླ་དགུ་བའི་ཚེས་དགུ་ཉིན་གྱི་མཚན་མོར་ཕྱོགས་ཡོང་མི་ཤེས་པའི་དམ་ཉམ་ཇག་རྐུན་ཞིག་བྱུང་སྟེ།  ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གིས་ལོ་ངོ་བརྒྱ་ཕྲག་ལྷག་ལ་མཆོད་པའི་གནས་སུ་བཞུགས་པའི་རྟེན་རྙིང་བྱིན་རླབས་ཅན་ཞི་ཁྲོ་དམ་པ་རིགས་བརྒྱའི་གྱན་ཐང་ཞིག་ཡོད་པ་བརྐུས།  ཉེ་བར་བཙལ་ཀྱང་མ་རྙེད།  རྩད་གཅོད་བྱས་ཀྱང་མ་ཆོད།  ཐབ་ཟད་ནས་ཉམ་ཐག་པས།  ཁོང་གི་ཞལ་ནས་སྤྱིར་ཡིན་ན་དོན་དག་ཕལ་བ་ཞིག་གི་ཆ་ནས་དམོད་པ་དྲེགས་སྔགས་ཀྱི་ལས་ཞིག་ག་ལ་རུང་མོད།  འོན་ཀྱང་ད་ལྟ་སངས་རྒྱས་བསྟན་པ་རིན་པོ་ཆེ་ལ་གནོད་པར་མགོ་བརྩམས་ནས་ཡུལ་ལྷའི་དྲག་སྒྲུབ་སྒོ་ནས་ཡི་དམ་ལྷ་ཚོགས་དང་ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་བ་ནན་གྱིས་བཏབ་པས།  ཉིན་གསུམ་སོང་བ་ཙམ་གྱིས་མངོན་རྟགས་དངོས་སུ་ཐོན་ནས།  ཚེས་བཅོ་ལྔའི་ཞོགས་པའི་སྐྱ་རེངས་ཀྱི་དུས་སུ་རྟེན་ཐང་བདེ་བླག་ངང་འདུ་ཁང་གི་སྒོ་སྟེགས་སྟེང་དུ་ཕྱིར་འབྱོར་བ་སོགས་རྣམ་ཐར་མང་དུ་གྲགས་སོ། ཞེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་ངོ་མཚར་སྒྲུབ་རྟགས་ཐོན་པའི་སྐོར་ཏེ་བརྒྱད་པའོ། །

      ལེའུ་དགུ་བ།  གནས་ཀྱི་ཆེ་བ་བརྗོད་པའི་སྐོར།

      དེ་ཡང་ངེད་ཅག་ཁ་བ་རི་བོའི་ཡུལ་ལྗོངས་སུ་སྟོད་མངའ་རིས་སྐོར་གསུམ་དང་།  བར་དབུས་གཙང་རུ་བཞི།   སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པ་ལས་ཨ་ཆེན་གངས་རིའི་རྒྱབ་དང་མདོ་ལ་རིང་མོ་གཉིས་ཀྱིས་མིང་ལ་བསྡོམས་པས་ཨ་མདོ་ཞེས་བྱ་བའི་ཤར་ཕྱོགས་ཙོང་ཁའི་ཡུལ་གྲུ་ཆེན་པོ་རུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།  སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀླུ་བློན་བྱང་ཆུབ་སེམས་དཔའ་ཆེན་པོའི་ཕོ་བྲང་དུ་ལུང་གིས་བསྟན་པའི་གནས་མཆོག  གངས་ཅན་ཡུལ་གྱི་མཚོ་ཆེན་བཞི་ལ་སློབ་དཔོན་པདྨ་སཾབྷ་ཝས་ཕྱག་རྗེས་བཞག་པའི་ནང་གི་སྡིགས་མཛུབ་ཀྱི་ཕྱག་རྒྱ་གྱེན་དུ་བསྟན་པ་ལས་རྩེ་མོ་ཅུང་ཟད་དུ་བཀུག་པའི་མཚན་མ་གསལ་བོར་བཞུགས་པའི་སྙན་གྲགས་ཀྱི་རྒྱལ་མཚན་མཁའ་ལ་གཡོ་ཞིང་བྱིན་རླབས་ཀྱི་དངོས་གྲུབ་ཇི་བཞིན་འབྱུང་བའི་ཆུ་གཏེར་ཆེན་པོ་སྟེ།  མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཞེས་སུ་གྲགས་པའི་མཚོ་སྔོན་པོ་ནི་གནས་ཀྱི་ནང་ནས་ཆེ་བ་ལས་མ་འདས་སོ། །དེ་ཡངམདོ་སྨད་ཆོས་འབྱུངལས། 

མ་འོངས་སྙིགས་མ་ལྔ་ཡི་དུས། །

སློབ་དཔོན་པདྨ་འབྱུང་གནས་ཉིད། །

ཁྲི་གཤོག་རྒྱལ་མོའི་མཚོ་ལ་ཕེབས། །

མཚོ་མཐའ་གཡེར་མོ་ཐང་གི་དཀྱིལ། །

དམ་སྲི་སྤུན་དགུ་དམ་ལ་བཏགས། །

བླ་གཏེར་ཆོས་གཏེར་མང་དུ་སྦས། །

གནས་སྒོ་ཆོས་སྒོ་གསལ་བར་མཛད། །

      ཅེས་གསུངས་ཡོད་པ་དང་།  འབྲེལ་ཡོད་དཔྱད་ཡིག་ལྟར་ན།   གནའ་སྔ་མོར་ཧ་ཅང་དཔག་དཀའ་བའི་དུས་ཞིག་ལ་ད་ལྟའི་མཚོ་ཁྲི་ཤོར་རྒྱལ་མོའི་གནས་འདི་རུ་མཚོ་ཞེས་སྒྲ་ཡི་ཐ་སྙད་ཙམ་ཡང་མེད་པ་མ་ཟད།  ཡངས་ཤིང་མཐའ་ཡས་པའི་རྩྭ་ཐང་མཛེས་སྡུག་གིས་ཡིད་དབང་འཕྲོག་པ་ཞིག་ཡིན།  དེར་འབྲོག་པའི་དུད་ཁྱིམ་ཁྲི་གཅིག་ཙམ་ཡོངས་སུ་བཀྲམས་པའི་དབུས་ཕྱོགས་སུ་ད་ལྟའི་མཚོ་སྙིང་མ་ཧཱ་དེ་ཝའི་གནས་འདིར་ཁྲོན་པའམ་ཆུ་མིག་དྭངས་ཤིང་གཙང་ལ་བསིལ་བ་ལྡན་པ་ཞིག་མངོན་པར་གྲུབ་འདུག    ཡུལ་ཕྱོགས་དེའི་འབྲོག་པ་ཚོས་ཁྲོན་པ་དེའི་སྟེང་དུ་རྡོ་ལེབ་ཤིག་གིས་ཁ་བཀབས་ཏེ།  ཆུ་ལེན་ཐེངས་རེ་ལ་སྔར་བཞིན་རྡོ་ལེབ་ཀྱིས་ཆུ་མིག་ཁ་གཅོད་དགོས་པས།  ཉིན་ཞིག་ལ་ཆུ་ལེན་བུ་མོ་ཞིག་གིས་ཆུ་བླངས་རྗེས་རྡོ་ལེབ་འགེབས་པ་བརྗེད་པས་ཆུ་མིག་དེ་ལས་ཆུ་ཆེན་འཕྱུར་ནས་ཐང་ཆེན་པོ་དེ་རྒྱ་མཚོ་རུ་གྱུར་ཏེ་འབྲོག་ཁྱིམ་ཁྲི་ཕྲག་ཙམ་ཞིག་ཆུར་ཤོར་བས་མཚོ་ཁྲི་ཤོར་རྒྱལ་མོ་ཞེས་སུ་གྲགས། དེ་ནས་མུ་མཐུད་དུ་མཚོ་འཕྱུར་བའི་ཉེན་ཁ་འདུག་པར་རྒྱ་གར་ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ནས་སློབ་དཔོན་པདྨ་སཾབྷ་ཝས་ཐུགས་རྗེ་སྤྱན་གྱིས་གཟིགས་ཤིང་བྱིན་གྱིས་བརླབས་ཏེ།  འཕགས་ཡུལ་རི་བོ་མ་ཧཱ་དེ་ཝའི་མགོ་བཅད་དེ་མཚོ་འཕྱུར་བཞིན་པའི་ཕྱོགས་སུ་འཕངས་ནས་ཆུ་མིག་དེའི་ཁ་བཅད་པས་ད་ལྟའི་མཚོ་སྙིང་མ་ཧཱ་དེ་ཝ་ཞེས་པ་དེ་ཡིན་ཟེར་ཞིང་།  དབྱིབས་དང་ཆེ་ཆུང་དེ་དང་འདྲ་བའི་རྒྱ་གར་འཕགས་ཡུལ་གྱི་རི་བོ་མ་ཧཱ་དེ་ཝའི་མགོ་མེད་པ་སོགས་ཀྱང་གནས་མཇལ་པ་རྣམས་ཀྱི་ངག་རྒྱུན་དུ་འདུག་ཅིང་།  མཁས་པའི་དབང་པོ་སུམ་པ་ཡེ་ཤེས་དཔལ་འབྱོར་ཚང་གིས་མཛད་པའི་མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙནསོགས་ལས་ཀྱང་བྱིན་རླབས་ཆེན་པོས་མཚོ་འཕྱུར་བའི་ཁྲོན་པའི་གནས་སུ་ལྷང་ངེར་བཞུགས་ཏེ།  མཚོ་འཕྱུར་མཚམས་བཅད་པ་ན་ཡུལ་ཕྱོགས་འདིར་འདྲེ་མོ་སྤུན་ལྔ་ཞེས་བྱ་བ་ཞིག་གིས་ཕྲག་དོག་གི་ཁོང་ཁྲོ་མེ་ལྟར་འབར་ནས་ནུབ་བྱང་ཕྱོགས་སུ་བྲག་དཀར་ཐེམ་ཆེན་རི་བོའི་མགོ་བཅད་དེ་མཚོ་སྙིང་མ་ཧཱ་དེ་ཝ་རྩ་བ་ནས་གཏོར་དགོས་བསམས་ཏེ་འཕངས་པར་མ་ཐོན་པར་ད་ལྟ་མཚོ་སྙིང་གི་ཐག་ཉེར་འདྲེ་མོ་བྲག་དཀར་ཞེས་བྱ་བ་དེ་ཡིན་ཞིང་།  སློབ་དཔོན་པདྨ་སཾབྷ་ཝས་འདྲེ་མོ་སྤུན་ལྔ་དམ་ལ་བཏགས་ཏེ་ཚེ་རིང་མཆེད་ལྔའི་གྲས་སུ་བཞག་ཅིང་། དབྱིབས་དང་ཆེ་ཆུང་ཡང་དེ་དང་འདྲ་བའི་ད་ལྟའི་བྲག་དཀར་ཐེམ་ཆེན་རི་བོའི་མགོ་མེད་པ་སོགས་ཀྱང་སེམས་ཅན་ཐམས་ཅད་ཀྱི་འདྲེན་བྱེད་དབང་བོའི་ལམ་དུ་མཆིས་སྲིད་པ་དང་།  ཡང་སློབ་དཔོན་རིན་པོ་ཆེས་མགོན་པོ་གུར་གནོད་སྦྱིན་ཀྵེཏྲ་པ་ལའི་ཡུམ་ནི་དཔལ་ལྡན་ལྷ་མོ་ཡིན་པས།  སྲས་མགོན་པོ་གུར་གནོད་སྦྱིན་ཀྵེཏྲ་པ་ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཕྱོགས་སུ་མགོན་སྐྱབས་འཕྲིན་ལས་མཛད་པར་ཕེབས་པའི་དུས་མཚུངས་སུ་ཆོས་སྐྱོང་དཔལ་ལྡན་ལྷ་མོས་ཀྱང་བཅིབས་རྟ་དྲེལ་མཆོག་སྐྱང་སེར་ཞིག་ལ་ཆིབས་ཏེ།  ཞལ་གཟིགས་སུ་ཕེབས་ནས་མཚོ་འཕྱུར་བ་བཅད་པའི་རྗེས་སུ་མཁའ་དབྱིངས་སུ་འཕུར་སོང་བ་དང་། དྲེལ་སྐྱང་སེར་གྱི་སྤྲུལ་བ་ལྷ་མོ་བྲག་ལ་ཐིམ་པར་བཅུག་པ་མ་ཟད།   བྲག་དེ་ཟུར་གསུམ་དུ་འདུག་ཅིང་།  གཡས་སུ་ཆུ་སྲིན་གདོང་ཅན་གྱི་རྟགས་མཚན་ཆུ་མགོ་དང་།  གཡོན་དུ་སེངྒེ་གདོང་ཅན་གྱི་རྟགས་མཚན་ཆུ་མགོ་གཉིས་བཞུར་བར་བཅུག་པས།  ད་ལྟ་ལྷ་མོ་དྲེལ་ཞེས་ཡོངས་སུ་གྲགས་སོ། །

      གཞན་ཡང་འགྲོ་བའི་མགོན་པོ་ཞབས་དཀར་བ༧ ཚོགས་དྲུག་རང་གྲོལ་མཆོག་གིས་མཚོ་སྙིང་མ་ཧཱ་དེ་ཝའི་གནས་བསྟོད་ལས། 

འདོད་ཡོན་ལྔ་ཚང་དབེན་གནས་འདི། །

འདོད་ཁམས་ལྷ་ཡི་ཡུལ་དང་མཚུངས།  །

འདི་ལྟར་ཡོན་ཏན་ཚང་བའི་གནས། །

འདི་འདྲའི་དབེན་གནས་གཞན་ལ་དཀོན། །

ཞེས་གནས་འདིར་སྒྲུབ་པ་མཛད་ནས་མགུར་དབྱངས་གསུངས་པའི་མཚན་མོར་མལ་ལམ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ངོ་མཚར་ལྷ་ཡི་ཁང་བཟང་ཞིག་ཏུ། རིན་པོ་ཆེའི་ཁྲི་ཆེན་ཞིག་གི་སྟེང་ན་བུད་མེད་མཛེས་མ་དར་ཚོན་སྣ་ལྔའི་རྒྱན་གྱིས་སྤྲས་པའི་དཔོན་མོ་ཚུལ་དུ་བཞུགས་པ་དང་།  བུ་དང་བུ་མོ་གཞོན་ནུ་མང་པོས་བསྐོར་ནས་དགའ་སྟོན་དང་གླུ་གར་རོལ་མོ་སྣ་ཚོགས་ཀྱིས་ལོངས་སུ་སྤྱོད་པར་གདའ་བ་འདི་ཡང་ཀླུ་སྨན་མཚོ་རྒྱལ་ཞེས་གནས་ཀྱི་བདག་མོ་ཡིན་པར་སེམས། ཁྱད་པར་དུ་ཁོ་བོས་ཉེ་ལམ་བརྩམས་ཤིང་པར་དུ་སྐྲུན་ཏེ་འགྲེམ་སྤེལ་རྒྱས་པར་ཡོང་བའི་རྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་ལས།  ས་བཅུའི་དབང་ཕྱུག་ཆེན་པོ་ཡུལ་སྐྱོང་རྨ་རྒྱལ་སྦོམ་རའི་གནས་ཀྱི་བཀོད་པ་རགས་བསྡུས་ཀུན་གསལ་འཕྲུལ་གྱི་མེ་ལོངདང་། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ཤེལ་དཀར་ཕྲེང་བ་ངོ་མཚར་ལྷ་ཡི་རོལ་དབྱངསསོགས་ཞིབ་ཏུ་བཀོད་ཟིན་མོད།  འོན་ཀྱང་གྱི་ལིང་གཏེར་སྟོན ༧ བདེ་ཆེན་འཇིགས་མེད་རྡོ་རྗེ་དཔལ་བཟང་པོའི་ཞལ་སྔ་ནས།  ལྷ་ཆེན་རྨ་རྒྱལ་སྦོམ་ར་དང་།  གནས་ཆེན་བྲག་དཀར་སྤྲེལ་རྫོང་། མཚོ་སྙིང་མ་ཧཱ་དེ་ཝ་སོགས་གནས་ཆེན་གསུམ་གྱི་གནས་ཡིག་ཆ་ཚང་བ་ཞིག་མཆིས་ཏེ།  མ་སེམས་ཅན་ཐམས་ཅད་ཀྱིས་བལྟས་ན་མིག་དབང་གི་བདུད་རྩི་དང་།  བཀླགས་ན་སྨྲ་སྒོའི་མཛེས་རྒྱན།  ཉན་ན་རྣ་བའི་གསོས་སུ་འགྱུར་པ་ཞིག་ཡོང་ན་ལྷག་པར་བསམ་གྱིས་མ་ཁྱབ་པ་རེད་ཅེས་ཐུགས་འདུན་སྨོན་ལམ་གྱི་འབྲས་བུ་ཡང་དུས་གཅིག་ཏུ་སྨིན་ནས།  ཆབ་འགག་བཀྲ་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ཞེས་བྱ་བའི་གོ་སྐབས་འདི་ལ་བསྟུན་ནས།  ཁོང་གིས་དངོས་སུ་ཕུལ་བའི་ཨྱོན་བསམ་གཏན་གླིང་བས་ཉམས་སྣང་བཞིན་མཛད་པའིམཚོ་སྔོན་མ་ཧཱ་དེ་ཝའི་གནས་ཡིགཧ་ཅང་དཀོན་ཞིང་བྱིན་རླབས་ཆེ་བ་འདི་ཡང་ཇི་བཞིན་བཀོད་པ་སྟེ།

                  ཨེ་མ་ཧོཿ རྒྱལ་ཀུན་གཅིག་བསྡུས་ཨྱོན་པདྨ་དང་༔

གང་དང་དབྱེར་མེད་རིན་ཆེན་ཆོས་ཀྱིས་བརྒྱན༔

སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས༔

བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས༔

དག་སྣང་འོད་གསལ་ཉམས་ཀྱི་སྣང་བའི་སྐབས༔

དག་པ་རབ་འབྱམས་པ་ཞིག་འདི་འདྲ་མཐོང༔

གང་གི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ལ༔

ཕྱི་ནང་གསང་བའི་ཞིང་ཁམས་འདི་འདྲ་ཡོད༔

སྔར་བྱོན་སངས་རྒྱས་གྲངས་མེད་བཞུགས་པའི་གནས༔

ཁྱད་པར་འགྲོ་བའི་སྐྱབས་མགོན་སྤྱན་རས་གཟིགས༔

ས་ལམ་བགྲོད་པ་འཕགས་མཆོག་བསམ་མི་ཁྱབ༔

མཚོ་དབུས་པདྨའི་སྡོང་བོ་ཉི་ཟླའི་སྟེང༔

རྫུས་སྐྱེས་སློབ་དཔོན་ཆེན་པོ་པདྨ་འབྱུང༔

སྣང་སྲིད་ཟིལ་གནོན་རོལ་བའི་སྟབས་སུ་བཞུགས༔

འཁོར་དུ་རྗེ་འབངས་གྲུབ་ཆེན་བརྒྱད་ཅུའི་བསྐོར༔

དཀྱིལ་འཁོར་རྒྱ་མཚོའི་འཕྲིན་ལས་ཉི་ཟེར་བཞིན༔

ཆོས་སྐྱོང་དྲག་པོའི་ཚོགས་རྣམས་བྲན་དུ་འཁོར༔

འཇིག་རྟེན་འདུལ་བའི་ལྷ་ཚོགས་བསམ་མི་ཁྱབ༔

རྒྱལ་བའི་གསུང་མཆོག་ཡི་གེ་དྲུག་མའི་གནས༔

རྒྱལ་བ་གཉིས་བ་མགོན་པོ་སྤྱན་རས་གཟིགས༔

རྗེ་བཙུན་འཇམ་པའི་དབྱངས་དང་གསང་བདག་སོགས༔

འཕགས་པའི་གནས་བརྟན་བཅུ་དྲུག་དགྲ་བཅོམ་འཁོར༔

བསྟན་པའི་སྲོག་ཤིང་རྒྱལ་བ་ཡབ་སྲས་སོགས༔

གྲངས་མེད་འཁོར་དུ་བྱང་ཆུབ་ཚོགས་རྣམས་བཞུགས༔

ཁྱད་ཆོས་དྲུག་འཕགས་དཔལ་ལྡན་མར་མེ་མཛད༔

བཀའ་གཏེར་གསར་རྙིང་བརྒྱུད་པའི་བླ་མ་རྣམས༔

བཞུགས་པའི་གྲངས་ནི་བསམ་འདས་བརྗོད་མི་ལངས༔

གངས་རིའི་ཁྲོད་ཀྱི་གནས་རྣམས་འདུས་པའི་ཞིང༔

རྡེའུ་རྩི་ཤིང་ལ་སོགས་པ་སངས་རྒྱས་སྐུ༔

ཕྱག་སྐོར་སྒྲུབ་སྦྱོང་བྱས་ན་སྨྲས་ཅི་དགོས༔

དྲན་དང་ཐོས་པ་ཙམ་གྱིས་ངན་སོང་མེད༔

ཚེ་འདིར་འཇིགས་པ་བརྒྱད་ལས་སྐྱོབས་པར་ངེས༔

དེ་ནས་ཟླ་གཅིག་སྒོམ་སྒྲུབ་བྱས་གྱུར་ན༔

སྐྱེ་བ་གཅིག་གི་རིག་འཛིན་ས་ཐོབ་འགྱུར༔

ཨ་མའི་དེ་ཝའི་རི་ཡི་རྩེ་མོ་ན༔

རྗེ་བཙུན་ཐུགས་སྤྲུལ་མཁའ་འགྲོའི་བདེ་སྐུ་དང༔

སྲིད་རྒྱལ་རང་བྱོན་མ་ཡིས་སྒྲུབ་སྐོར་ཡོད༔

དབང་ཆེན་ཁྲོས་པའི་ལྷ་ཚོགས་བཞུགས་གནས་ཡོད༔

གླང་བོ་ཆེ་ཡི་སྣ་བཞག་བརྒྱངས་འདྲ་ཡོད༔

དངོས་གྲུབ་དབང་རྒྱལ་གཅོད་ཀྱི་གཏེར་ཁ་ཡོད༔

རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་བཞུགས་གནས་ཡོད༔

བཻ་རོ་ཙཱ་ནའི་གཏེར་ཁ་གསུམ་ཡོད་དོཿ

གསེར་དངུལ་དྲེལ་ཁ་ཉི་ཤུའི་གཏེར་ཁ་ཡོད༔

ཀ་བའི་བྲག་ལ་ཕུར་བས་རྗེས་བཏབ་ཡོད༔

གཏེར་ཁ་ཆེན་པོ་ཆ་གཅིག་དེ་རུ་ཡོད༔

རིག་འཛིན་དགུ་ཡིས་སྒྲུབ་པའི་གནས་རི་ཡིན༔

གྲུ་གསུམ་འདྲ་བའི་བྲག་ཕུག་ཡོད་པ་ལ༔

དྲག་པོའི་མཐུ་ཡི་སྒྲུབ་སྐོར་ཆ་ཚང་ཡོད༔

གནོད་སྦྱིན་ནག་པོའི་གཏད་ཁྲམ་ཚད་མེད་ཡོད༔

མི་ཁ་ཟློག་གཏད་གསང་བའི་མན་ངག་ཡོད༔

བྲག་རི་ནག་པོ་རུས་སྦལ་ཉལ་འདྲ་ལ༔

བདུད་རྩི་བུམ་པ་འདྲ་བའི་ཆུ་མིག་ཡོད༔

ནད་རིགས་ཐམས་ཅད་སེལ་བའི་སྨན་ཆུ་ཡིན༔

གཏེར་ཁ་མི་འདྲ་བརྒྱ་དང་རྩ་བརྒྱད་ཡོད༔

གཡུ་འབྲུག་སྔོན་མོར་འགྲན་འདྲའི་ཆུ་བོ་ལ༔

རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་བཞུགས་གནས་ཡོད༔

དྲན་པ་ཐུགས་རྗེའི་གཏེར་ཁ་བཞི་ཡོད་དོ༔

གསང་ཕུག་མི་འདྲ་བརྒྱ་དང་རྩ་བརྒྱད་ཡོདཿ

རིག་འཛིན་སྒྲུབ་གནས་གཞལ་ཡས་མང་པོ་ཡོད༔

བཻ་རོ་ཙཱ་ནའི་བྱུ་རུའི་གཏེར་ཁ་ཡོད༔

ཕག་རྒན་ཉལ་བ་འདྲ་བའི་ཕ་བོང་ལ༔

བཻ་རོས་དངུལ་གྱི་སྩ་ཙྪ་གཏེར་སྦས་ཡོད༔

ནོར་བུ་དབང་རྒྱལ་འདྲ་བའི་རི་བོ་ལ༔

རྒན་པོ་གཞོན་ནུར་འགྱུར་བའི་བདུད་རྩི་ཡོད༔

བྲག་རི་དམར་བོ་ཡོལ་བ་འཕྱར་འདྲ་ལ༔

ཨ་ཀ་ས་མ་ར་ཙ་རང་བྱོན་ཡོད༔

བྲག་རི་དཀར་པོ་དུང་གཤོག་བརྒྱངས་འདྲ་ལ༔

མཁའ་འགྲོ་འབུམ་ཕྲག་ཕྱག་རྗེས་རང་བྱོན་ཡོད༔

དྲན་པ་ནམ་མཁའི་ཞབས་རྗེས་རང་བྱོན་ཡོད༔

ཡེ་ཤེས་མཚོ་རྒྱལ་ཚེ་བུམ་རང་བྱོན་ཡོད༔

གྲུབ་ཆེན་བརྒྱད་བཅུའི་ཚེ་ཆུ་རང་བྱོན་ཡོད༔

སྣོད་སྣ་མི་འདྲ་བརྒྱ་སྟོང་གཏེར་ཁ་ཡོད༔

གསེར་གྱི་ལུག་མོ་འབའ་ཤེས་གཏེར་ཁ་ཡོད༔

ཆུ་བོ་བརྒྱ་དང་རྩ་བརྒྱད་འབབ་པ་དེར༔

སྐལ་བཟང་སངས་རྒྱས་སྟོང་རྩ་རང་བྱོན་ཡོད༔

མགོན་སྐྱབས་ལྷ་ཚོགས་མ་ལུས་བཞུགས་པའི་ཞིང༔

སྲིན་མོ་དམ་བཏགས་ཕུར་བའི་རྗེས་རྣམས་ཡོད༔

མཐོ་རིས་ཐར་ལམ་སྒྲོད་པའི་རྡོ་སྐས་ཡོད༔

སྨན་སྣ་ཁྱད་འཕགས་ནད་རིགས་ཀུན་སེལ་ཡོད༔

རིན་ཆེན་གསེར་གྱི་བྱེ་མ་ཁྱད་འཕགས་ཡོད༔

བྲག་རི་གླང་ཆེན་བྱ་རྒོད་འགྱིངས་འདྲ་ལ༔

གཏེར་ཁ་མི་འདྲ་བརྒྱ་དང་རྩ་བརྒྱད་ཡོད༔

སུན་ངྷུ་རྒྱ་མཚོ་ཆེན་པོའི་གཏིང་རིམ་ན༔

སློབ་དཔོན་པདྨའི་ཕྱག་རྗེས་མཚོ་ལ་བཞག༔

མཚོ་ལ་གནས་པའི་ཀླུ་རིགས་ཐམས་ཅད་ཀྱིས༔

གླུ་གར་མཆོད་པའི་བྱེ་བྲག་རྟག་ཏུ་འབུལ༔

རི་དང་ལུང་ཤུར་བོད་ཀྱི་སྒྲུབ་གནས་གྱུར༔

ལྷ་ཁང་སྒྲུབ་ཁང་དབུས་གནས་རི་བོ་ལ༔

བྲིས་སྐུ་འབུར་སྐུ་རང་བྱོན་ལ་སོགས་པ༔

སྐུ་གསུང་ཐུགས་རྟེན་རྣམས་ཀྱིས་རྒྱས་པར་འགངས༔

གནས་མཆོག་དེ་ལ་རབ་ཏུ་གནས་པར་འགྱུར༔

ཨེ་མ་ཧོ༔ རི་བོ་མ་ཧཱ་དེ་ཝའི་རྩེ་མོ་ན༔

ཞི་བའི་ལྷ་ཚོགས་ནམ་མཁའ་སྤྲིན་ལྟར་འཐིབས༔

རི་བོ་དེ་ཡི་མཐའ་སྐོར་ཐམས་ཅད་ན༔

བསྟན་སྲུང་ཆོས་སྐྱོང་ཆར་སྤྲིན་ལྟ་བུ་ཡོད༔

བོད་ཀྱི་གཏེར་ཁ་རིན་ཆེན་གཏེར་ཁ་དང༔

སྦས་པའི་གཏེར་ཁ་སྣ་ཚོགས་གཏེར་ཁ་བཞུགས༔

ཁྱད་པར་སྟེང་ལ་བླ་མ་རིག་འཛིན་བཞུགས༔

རྐེད་པར་ཡི་དམ་ལྷ་ཚོགས་འདུས་པའི་ཞིང༔

མཐའ་སྐོར་དམ་ཅན་ཆོས་སྐྱོང་ཁྲོམ་ཚོགས་བཞིན༔

རྩ་གསུམ་བྱིན་རླབས་སྤྲིན་ཕུང་བཞིན་དུ་གཡོ༔

ཚེས་བཅུ་བཅོ་ལྔ་ཉེར་ལྔ་གནམ་གང་ལ༔

སྟེང་ན་ལྷ་ཡི་སྤྲིན་དཀར་བླ་རེ་ཕུབས༔

བར་ན་མི་ཡིས་དད་གུས་འདོན་པ་བརྗོད༔

མདུན་ན་ཀླུ་རྒྱལ་ཚོགས་ཀྱིས་མཆོད་ཡོན་ཕུལ༔

ཕྱོགས་བཞིར་གནས་པའི་ལྷ་རིགས་བཞི་ཡིས་བསྲུང་༔

འདབས་ན་མ་དང་མཁའ་འགྲོའི་ཚོགས་འཁོར་བསྐོར༔

མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་བའི་གནས༔

རི་བོ་དེ་ལ་སྒོམ་སྒྲུབ་བྱེད་པ་ཀུན༔

འགྲོ་དོན་མཐར་ཕྱིན་འཇའ་ལུས་འགྲུབ་པར་འགྱུར༔

རི་བོ་དེ་ལ་བསྙེན་སྒྲུབ་བྱེད་པ་ཀུན༔

ཡི་དམ་ཞལ་འཇལ་ཚེ་འདིའི་བར་ཆད་སེལ༔

རི་བོ་དེ་ལ་ཕྱག་སྐོར་བྱེད་པ་རྣམས༔

ཚེ་རབས་འཁོར་བའི་སྡིག་སྒྲིབ་མ་ལུས་བྱང༔

རི་བོ་དེ་ལ་ཚོགས་མཆོད་འབུལ་བ་ན༔

ཉམས་ཆག་ཀུན་སེལ་རིག་འཛིན་ས་ཐོབ་འགྱུར༔

རི་བོ་དེ་ལ་ཡོ་བྱད་འབུལ་མི་རྣམས༔

ཚེ་འདིར་ནད་མེད་ཕྱི་མ་བདེ་འགྲོ་ཐོབ༔

རི་བོ་དེ་ལ་མར་མེ་ཕུལ་ན་ཡང༔

ཕྱི་མ་མི་ལུས་ཕུན་ཚོགས་ལྡན་པར་འགྱུར༔

རི་བོ་དེ་ལ་རླུང་རྟ་འབུལ་མི་རྣམས༔

མཚན་སྙན་རླུང་རྟ་དགུང་དང་མཉམ་པར་འགྱུར༔

རི་བོ་དེ་ལ་དད་གུས་བྱས་ན་ཡང་༔

བྱིན་རླབས་འབྱུང་ཞིང་གདོན་བགེགས་བར་ཆད་སེལ༔

རྩེ་མོ་སྐོར་བ་བཅོ་ལྔ་དགེ་བསྔོ་ལ༔

མ་ཎི་དུང་ཕྱུར་བཞི་བཅུའི་ཕན་ཡོན་ཡོད༔

གཞི་སྣང་འོད་གསལ་བར་སྐོར་བདུན་ཕྲག་བྱས༔

མ་ཎི་དུང་ཕྱུར་དྲུག་བཅུའི་ཕན་ཡོད་ཡོད༔

གང་གི་སྒྲུབ་སྦྱོང་མཐའ་སྐོར་ལྔ་ཙམ་བྱས༔

མ་ཎི་དུང་ཕྱུར་དགུ་བཅུའི་ཕན་ཡོན་ཡོད༔

གནས་མཆོག་ཁྱད་འཕགས་མ་ཧཱ་དེ་ཝ་རི༔

རྒྱ་གར་དང་ནི་རྒྱ་ནག་བོད་ཡུལ་སོགས༔

གནས་རྣམས་ཆེ་ཆུང་ཐམས་ཅད་དེ་ལ་འདུས༔

གང་ཟག་དབང་པོ་རབ་ཀྱིས་སྒོམ་སྒྲུབ་ན༔

ཚེ་འདིར་རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར༔

གང་ཟག་དབང་བོ་འབྲིང་གིས་སྒོམ་སྒྲུབ་ན༑

རིང་བོར་མི་ཐོག་རྫོགས་སངས་རྒྱས་པར་འགྱུར༔

ཁྱིམ་པ་ཕོ་མོས་ཕྱག་སྐོར་བྱས་གྱུར་ན༔

ཚེ་འདིར་ནད་མེད་ཕྱི་མ་ངན་སོང་མེད༔

རི་འདིར་དད་པའི་གང་ཟག་ཨེ་མ་ཧོ༔

ཡིད་གཉིས་ཐེ་ཚོམ་མེད་དོ་རྒྱལ་བའི་གསུང༔

གལ་ཏེ་འདི་ལ་དད་ལོག་བྱེད་མི་རྣམས༔

བསྟན་སྲུང་དྲག་པོའི་ཚོགས་ཀྱིས་བཀའ་ཆད་འོང༔

སྐལ་མེད་ལོག་ལྟ་ཅན་ལ་གསང་བར་བྱ༔

ཨེ་མ་ཧོ༔ གཞི་སྣང་འོད་གསལ་ཆོས་སྐུའི་མཁའ་དབྱིབས་སུ༔

ལྷུན་གྲུབ་འདུས་མ་བྱས་པའི་རྫོགས་པ་ཆེ༔

གདོན་མིའི་གནས་ལུགས་རང་མདངས་མངོན་གྱུར་ན༔

མ་ལུས་རྡོ་རྗེ་འཆང་གི་ས་ཐོབ་ཤོག༔

      ཅེས་གསུངས་པ་དང་།  གནས་ཀྱི་ཕན་ཡོན་སྨོན་ལམ་དང་བཅས་པ་ཡོངས་སུ་བཀོད་པ་འདིས་ཀྱང་མ་སེམས་ཅན་འགྲོ་དྲུག་དང་ཁྱད་པར་དུ་གང་ཟག་ལས་འཕྲོ་ཅན་རྣམས་ཀྱི་རྒྱུད་ལ་དགེ་བའི་ས་བོན་ལེགས་པོར་འཁྲུངས་པའི་དམིགས་པ་ཆེན་པོས་དགེ་བའི་རྒྱུ་རུ་བསྔོས་པ་ལས་མ་འདས་སོ། །གཞན་ཡང་ཡུལ་ཕྱོགས་ཀྱི་བསང་མཆོད་སོགས་ལས། 

ཀྱཻ༔ གནས་ཆོས་དབྱིངས་དག་པའི་ཞིང་ཁམས་ནས། །

ལྷ་ཆོས་སྐུ་ཀུན་ཏུ་བཟང་པོ་མཆོད། །

ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་ནས། །

ལྷ་ལུང་སྐུ་ཐུགས་རྗེ་ཆེན་པོ་མཆོད། །

གནས་བྱ་རྒོད་ཕུང་པའི་རི་བོ་ནས། །

ལྷ་བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་མཆོད། །

གནས་ཟངས་མདོག་དཔལ་རིའི་ཞིང་ཁམས་ནས། །

ལྷ་ཨུ་རྒྱན་པདྨ་འབྱུང་གནས་མཆོད། །

གནས་སྤྱི་གཙུག་པདྨའི་གདན་སྟེང་ནས། །

ཕ་དྲིན་ཅན་རྩ་་བའི་བླ་མ་མཆོད། །

གནས་མེ་རི་འབར་བའི་དུར་ཁྲོད་ནས། །

ལྷ་ཡི་དམ་ཞི་ཁྲོ་རབ་འབྱམས་མཆོད། །

གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །

མ་རྗེ་བཙུན་འཕགས་མ་སྒྲོལ་མ་མཆོད། །

ལྷོ་འཛམ་གླིང་ཉི་མའི་རྒྱལ་ས་ནས།།

སྐུ་སེང་ཆེན་ནོར་བུ་དགྲ་འདུལ་མཆོད། །

རི་མ་ལ་ཡ་བའི་དུར་ཁྲོད་ནས། །

དཔལ་མ་ཧཱ་ཀཱ་ལ་ལྕམ་བྲལ་མཆོད། །

སྤྲིན་དཀར་པོའི་སེངྒེ་འགྱིང་སྟེང་ནས། །

མ་ཨ་ནེ་གོང་མ་རྒྱལ་མོ་མཆོད། །

སྟེང་སུམ་བཅུ་རྩ་གསུམ་ལྷ་ཡུལ་ནས། །

སྟོད་ལྷ་ཆེན་ཚངས་པ་དཀར་པོ་མཆོད། །

བར་ལྷོ་སྤྲིན་འཁྲིགས་པའི་བང་རིམ་ནས། །

ཡབ་ཕོ་ལྷ་གེར་མཛོད་གཉེན་པོ་མཆོད། །

བོད་ཡུལ་ཁམས་སྐྱོང་བའི་གུར་ཁང་ནས། །

དཔལ་ཨ་མྱེས་རྨ་རྒྱལ་སྦོམ་ར་མཆོད། །

དཔལ་བདེ་མཆོག་ནོར་བུའི་ཕོ་བྲང་ནས། །

གནས་འགངས་ཅན་བྲག་དཀར་སྤྲེལ་རྫོང་མཆོད། །

འོག་ཀླུ་ཡུལ་དུང་གི་མཁར་ནང་ནས། །

མཚོ་སྔོན་པོ་ཁྲི་ཤོར་རྒྱལ་མོ་མཆོད། །

རི་མཚོ་སྙིང་མ་ཧཱ་དེ་ཝ་མཆོད། །

མཚོ་མགོ་ཡི་གློ་བ་རི་བོ་མཆོད། །

མཚོ་རྔ་ཡི་མཚེར་བ་རི་བོ་མཆོད། །

སྨན་ཀླུ་མོ་སྟོང་གི་བདག་པོ་སྟེ། །

ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་མཆོད། །

ས་འདི་ལ་གནས་པའི་ས་བདག་མཆོད། །

ཡུལ་འདི་ལ་གནས་པའི་གཞི་བདག་མཆོད། །

ཅེས་བོད་ཁ་བ་ཅན་གྱི་ཡུལ་ཕྱོགས་སུ་དུས་ནམ་ཞིག་ཡིན་རུང་མཆོད་པའི་སྤྲིན་ཕུང་འཁྲིགས་བཞིན་ཡོད་པ་དང་།  ཁྱད་པར་དུ་རྟ་ལུག་སྤྲེལ་གསུམ་ལོ་ལ་གངས་ལྗོངས་ཡུལ་གྲུ་ཆེན་པོའི་དད་ལྡན་སྐྱ་སེར་ཕོ་མོ་ཁྲི་འབུམ་མང་པོས་རྟ་ལོར་འཕྲད་ཚེ་གནས་མཆོག་རྨ་རྒྱལ་གངས་རིར་གངས་སྐོར་དང་།  ལུག་ལོར་འཕྲད་ཚེ་མཚོ་ཁྲི་ཤོར་རྒྱལ་མོར་མཚོ་སྐོར།  སྤྲེལ་ལོར་འཕྲད་ཚེ་གནས་ཆེན་བྲག་དཀར་སྤྲེལ་རྫོང་ལ་སྤྲེལ་སྐོར་སོགས་གནའ་ནས་ད་བར་དུ་ཆོས་དགེ་བ་དཀར་པོའི་ལས་ལ་བརྩོན་པའི་གནས་སྐོར་སོགས་ཀྱང་སྲོལ་རྒྱུན་མ་ཆད་པར་དར་ཆེ་བས།  ཁོ་བོས་རྩོམ་བསྒྲིགས་བྱས་པའིགངས་ལྗོངས་གནས་མཆོག་གསུམ་གྱི་གནས་ཕྱོགས་བསྒྲིགས་རྫོགས་ལྡན་འཕྲུལ་གྱི་མེ་ལོངཞེས་བྱ་བ་ལས་ཀྱང་ང་རང་ཚོས་ཤེས་གསལ་ལྟར་རོ། །

      དེ་བཞིན་དུ་གངས་ཅན་མཐོན་པོ་བཅུ་གསུམ་གྱི་ཡ་གྱལ་དུ་གྲགས་པའི་བློན་པོ་གསེར་ཆེན་དང་།  བྲག་དཀར་ཐེམ་ཆེན།   བཀྲ་ཤིས་འབྱུང་གནས།  བྲག་དམར་ལྷུན་པོ།  ཨ་མ་ཀླུ་མོ།   བཀྲ་ཤིས་ལྷ་རི་སྟེ་སྟོབས་ཆེན།  དཔའ་ཐུལ་རྫ་རྒན་སོགས་ཡུལ་ཕྱོགས་སྐྱོང་བའི་གནས་མཆོག་གང་མང་མཆིས་པ་དང་།   བྱང་ཕྱོགས་དཀར་པོ་སྐྱོང་བའི་བློན་པོ་གསེར་ཆེན་ལ་མཆོད་འབུལ་དོན་གཉིས་འགྲུབ་པའི་ནོར་བུཞེས་བྱ་བ་ལས།

ཧཱུཾཿ ཆོས་ཉིད་སྐྱེ་མེད་དབྱངས་ལས་འགག་མེད་རྩལ། །

སྣ་ཚོགས་རོལ་བའི་གར་བསྒྱུར་ལྷ་ཡི་བློན། །

དགེ་བསྙེན་གསེར་ཆེན་རབ་དཀར་གངས་རིའི་མདོག།།

རྟ་མཆོག་ངང་དཀར་རྒྱན་ལྡན་ལ་བཅིབས་ཏེ། །

སྣ་ཚོགས་དར་གྱི་ཆོས་གོས་མཛེས་པར་གསོལ། །

ཕྱག་གཡས་དར་མདུང་གཡོན་པའི་ནོར་གཞོང་བསྣམས། །

དར་དཀར་ཐོད་ཅིང་རིན་ཆེན་རྩེ་སྤྲན་གསོལ། །

གཡོན་དུ་ཡུམ་ཆེན་ཀླུ་སྨན་ཕྱུག་མོ་ནི། །

དཀར་ལ་དམར་བའི་མདངས་ཆགས་རྒྱན་གོས་མཛེས། །

མདའ་དར་དང་ནི་གཏེར་གྱི་བུམ་བཟང་བསྣམས། །

ཀླུ་ཡི་ནོར་མཆོག་གཡུ་འབྲུག་སྔོན་མོར་ཆིབས། །

བཀའ་བློན་ཕྱག་བསྙན་འཁོར་གཡོག་ཡང་བྲན་བཅས། །

སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུར་མྱུར། །

      ཞེས་བྱ་བའང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་ཀུན་གྱིས་གཙོ་བོར་གྱུར་བའི་བློན་ཆེན་བཅུ་དྲུག་སྟེ།  ནང་མི་བྱམས་ཀྱིས་སྐྱོང་བའི་བློན་ཆེན་རྣམ་དྲུག   ཕྱི་དགྲ་བཙན་གྱིས་འདུལ་བའི་བློན་ཆེན་རྣམ་དྲུག   མེད་དུ་མི་རུང་བའི་བློན་་ཆེན་བཞི་དང་བཅས་བཀའ་བློན་ཆེན་པོ་སུམ་བརྒྱ་ཡོད་པའི་ནང་གི་ཡ་གྱལ་བློན་པོ་མགར་སྟོང་བཙན་ནི་མཚན་སྙན་གྱི་འོད་ཟེར་འཇིག་རྟེན་ཡོངས་སུ་ཁྱབ་ཅིང་།  རྒྱལ་པོ་གཙུག་ཏུ་བཀུར་ནས་བོད་འབངས་བྱམས་ཀྱིས་སྐྱངས་པ།  བོད་ཁམས་ཀྱི་ཆོས་སྲིད་ཟུང་གི་འཕྲིན་ལས་རྒྱ་ཆེར་མཛད་པ།  ཕྱོགས་བཞིའི་རྒྱལ་ཁམས་སོ་སོར་འབྲེལ་བ་བཙུགས་ཏེ།  བལ་བོ་རྒྱལ་པོའི་སྲས་མོ་སྲོང་བཙན་སྒམ་པོར་བཙུན་མོར་བསུས་པ།  རྟག་ཏུ་སྤྲུལ་བའི་དམག་དཔུང་གི་ཁ་ལོ་མཛད་ནས་བོད་ཁམས་ཀྱི་མཐའ་མཚམས་སྲུང་སྟེ་རླབས་ཆེན་མཛད་རྗེས་གནང་བ།   བོད་རྒྱལ་ཁམས་ཡོངས་སུ་བཀའ་དྲིན་བརྗོད་ཀྱིས་མི་ལང་པ་སོགས་རྣམ་ཐར་གང་མང་མཆིས་ནའང་འདི་རུ་ཚིག་ཚོགས་ལ་འཛེམ་ནས་བཀོད་མ་ནུས་པ་དང་།  ད་ལྟ་ཡུལ་ཕྱོགས་ཀུན་གྱིས་བཀུར་ཞིང་མཆོད་པའི་དཀར་ཕྱོགས་སྐྱོང་བ་གཞི་བདག་ཆེན་པོ་བློན་པོ་གསེར་ཆེན་ཞེས་བྱ་བ་མདུན་རྒྱབ་ཀུན་ཏུ་དཔལ་མཁར་དུ་མ་དང་བཅས་པ་དབུས་ཕྱོགས་རི་རྒྱལ་ལྷུན་པོའི་ཕོ་བྲང་དུ་བཞུགས་སོ། །

      འདིར་འཛམ་གླིང་ས་ཡི་ལྟེ་བ།  བོད་ཁམས་ཆོས་ཀྱི་ཞིང་ས།  མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ཆབ་འགག་གསེར་གཞུང་རིང་མོའི་ཡུལ་ལྗོངས་ལྟ་ན་མཛེས་ཤིང་སྡུག་པ་དང་།  དགེ་བའི་ལས་འགྲུབ་ས།  བསམ་པའི་དོན་འགྲུབ་ས།  སྟོབས་འབྱོར་མངའ་ཐང་ལྡན་ས།  བདེ་སྐྱིད་ཕུན་སུམ་ཚོགས་ས།   དགེ་བའི་ཡོན་ཏན་ཚང་ཞིང་།  ནུབ་ཕྱོགས་སུ་གངས་ཅན་མཐོན་པོ་བཅུ་གསུམ་གྱི་ཡ་གྱལ་ཨ་མྱེས་བྲག་དཀར་ཐེམ་ཆེན་དང་།  གཡུ་འབྲུག་ཁྱུང་ཆེན་མཁའ་ལ་ལྡིང་པ་ལྟ་བུའི་འབྲུག་ཁྲུང་ཞེས་པའི་ས་ཆ་ཡང་གྲགས་སྙན་གྱི་རྫ་རྔ་སྲིད་པའི་ཁམས་ལ་མི་ཤོང་ཞིང་ཕྱི་སྣོད་ཀྱི་བཀོད་པ་ལྷ་ཡུལ་དང་མཚུངས་པ།  ནང་བཅུད་ཀྱི་གང་ཟག་དཀར་ཕྱོགས་ལ་དད་པ།  མཐོ་ལ་བཀུར་བ།  དམན་ལ་བྱམས་པ།  ཕན་ཚུན་མཐུན་པའི་ཡོན་ཏན་རྫོགས་པ།  ཁྱད་པར་དུ་རི་བོ་བཀྲ་ཤིས་འབྱུང་གནས་ལ་སོགས་གནམ་གོར་གོར་ཡིན་པས་ཞི་བའི་ལས་འགྲུབ་པ།  ཐང་གྲུ་བཞི་ཡིན་པས་རྒྱས་པའི་ལས་འགྲུབ་པ།  ལམ་ཟླ་གུམ་ཡིན་པས་དབང་གི་ལས་འགྲུབ་པ།  བྲག་ཟུར་གསུམ་ཡིན་པས་དྲག་པོའི་ལས་འགྲུབ་པ། ཅོང་གི་ཨ་ཏེན་ཤ་རྫ་ཤར་གྱི་སྟག་སྐྱ་པོ།  ཅོང་ཆུ་ལྷོ་ལ་བཞུར་བས་ལྷོ་ཡི་གཡུ་འབྲུག་སྔོན་མོ།  ཤར་ཝན་བྲག་དམར་ལྷུན་པོ་ནུབ་ཀྱི་བྱ་དམར་པོ།  ཅོང་རི་གླང་ཆེན་བྱང་གི་རུས་སྦལ་སེར་པོ་བཅས་པའི་སྲུང་བཞི་ཀྱང་ལྷུན་གྱིས་གྲུབ་ཅིང་།  ཕ་བཙན་ཤར་ཝན་འགག  མ་བཙན་ཅོང་གི་འགག  ཁྲ་རིས་ཆར་ཆུ་འགག   ཕྱུག་ལུང་ནགས་ཀྱི་འགག་བཅས་འགག་ཆེན་བཞི།  གཡས་ཀྱི་མཚལ་ནག་ཁ་མདོ་དམ།  ཤར་ཝན་རྟ་རྣ་སུམ་མདོ།  གཡོན་གྱི་སྒྲོག་དཀར་སུམ་མདོ་སྟེ།  ཅོང་གི་སྒྱེད་གསུམ་སུམ་མདོ།  ཆུ་གསུམ་འདུས་པའི་ཁ་མདོ་དམ།  ཅོང་ཤར་ཝན་བུ་ཧྭའི་སུམ་མདོ།  ཆུ་མང་ཆུ་ཡི་འདུས་མདོ་སྟེ། མཚོ་སྔོན་ཁྲི་ཤོར་རྒྱལ་མོ་བཅས་མདོ་ཆེན་བཞི།  ཁྲ་རིས་གསེར་གྱི་ན་ཐང་།  བཙུན་མོ་ཕྱུགས་ཀྱི་རྩྭ་ཐང་།  བྲག་སྒམ་ཆོས་ཀྱི་རྡོ་ཐང་།   མེ་ཏོག་དྲི་ཡི་ན་ཐང་སྟེ་ཤར་ཝན་ན་རྒན་ཆེན་མོ་སོགས་སྐྱིད་པའི་ཐང་ཆེན་བཞི་སོགས་ས་དཔྱད་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལེགས་པ་མ་ཟད།  རྒན་པ་སྨྲ་ལ་མཁས་པ་ཞིག་གིས་ཀྱང་ས་ན་རང་སྐྱེས་བུ་བཞི།  གནམ་ན་རྒྱལ་ཆེན་སྡེ་བཞི།  ནགས་ན་སྟག་པོ་སྤུན་བཞི།  རྫ་ན་ཤ་བོ་རྭ་བཞི།  ཕྱོགས་བཞི་དབང་དུ་འདུ་ཞིང་།  སྡེ་བཞིའི་དཔོན་དུ་འགྱུར་རོ། །ཞེས་ཤིས་ཚིག་གི་མེ་ཏོག་འཐོར་བ་དང་།  ཕྱི་ཡི་དགྲ་བཏུལ།  ནང་གི་གཉེན་བསྐྱངས། ཡ་རབས་ཀྱི་སྲོལ་ཚུགས།  མ་རབས་ཀྱི་རྒྱུན་ཆད།  བཀྲ་ཤིས་ཕུན་སུམ་ཚོགས་པའི་ཡུལ་ཕྱོགས་འདི་ལ་ཡང་ཁ་གཡང་པད་དཀར་བཞད་པ་སྟེ། 

ཀྱཻཿ མདོ་སྨད་ས་ཡི་ལྟེ་བ་སྨིན་གྲོལ་གླིང་། །

རབ་དཀར་འོ་ཞོ་བཀྲ་ཤིས་གནམ་མཆོག་ནས། །

སྐྱབས་གནས་སླུ་མེད་དཀོན་མཆོག་རྣམ་གསུམ་གྱིས། །

མཆོག་དང་དངོས་གྲུབ་ཐོབ་པའི་གཡང་ཁུག་ཅིག།།

གནས་འདིར་མཁའ་ལྡིང་ཁྱུང་ཆེན་བཞུགས་འདྲ་བའི། །

སྨིན་གྲོལ་དར་རྒྱས་གླིང་གི་གདན་ས་རུ། །

གྲུབ་པའི་སྔགས་འཆང་གཏེར་སྟོན་ཡབ་སྲས་བཅས། །

རིག་འཛིན་འདུས་སྡེ་རྒྱས་པའི་གཡང་ཁུག་ཅིག།།

གསང་སྔགས་སྲུང་མ་ཨེ་ཀཱ་རལ་གཅིག་མ། །

མ་ཧཱ་ཀ་ལ་ཞིང་སྐྱོང་ལྷ་མོ་དང་། །

གཟའ་མཆོག་ཆེན་པོ་དམ་ཅན་རྡོར་རྗེ་ལེགས།  །

མཐུ་རྩལ་འཕྲིན་ལས་སྒྲུབ་པའི་གཡང་ཁུག་ཅིག།།

གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་ཙིའུ་དམར། །

འཛམ་གླིང་སྐྱེས་མཆོག་དགྲ་འདུལ་འཁོར་བཅས་དང་། །

ཁྲི་ཀའི་ཡུལ་ལྷ་བློན་ཆེན་སྡེ་བཞི་སོགས། །

ཕྱོགས་བཞིའི་དགྲ་དཔུང་ཐུལ་བའི་གཡང་ཁུག་ཅིག།།

གཏེར་གྱི་བདག་པོ་བྲག་དཀར་ཆེམ་ཆེན་དང་། །

གཡང་ཆགས་མཚོ་སྔོན་ཁྲི་ཤོར་རྒྱལ་མོ་སོགས། །

ཀླུ་རྒྱལ་ནོར་བདག་གྲངས་ལས་འདས་པ་ཡིས། །

དངོས་གྲུབ་ཆར་བཞིན་གནང་བའི་གཡང་ཁུག་ཅིག།།

དཀར་ཕྱོགས་སྐྱོང་བའི་བྲག་དམར་ལྷུན་པོ་དང་། །

གར་སྐྱེས་གར་བཞུགས་ཕ་བུའི་སྐྱེས་ལྷ་སོགས། །

མཐུ་སྟོབས་དགྲ་ལྷ་གཉན་པོ་རྫ་སྐྱ་རྣམས། །

དགྲ་ལྷས་སྡོངས་གྲོགས་མཛད་པའི་གཡང་ཁུག་ཅིག།།

ཁྱད་པར་ཆུ་བར་ནོར་བུའི་གླིང་མཆོག་གི།

གནས་བདག་ཆེན་པོ་བློན་པོ་གསེར་ཆེན་དང་། །

ཀླུ་སྨན་ཕྱུག་མོ་སྟོབས་ཆེན་དཔའ་ཐུལ་སོགས། །

ཡུལ་ལྷ་གཞི་བདག་ཚོགས་ཀྱིས་གཡང་ཁུག་ཅིག།།

མི་ཡི་ནད་ཚ་ཕྱུགས་ཀྱི་གོད་ཁ་ཟློག།།

འབྲུ་རིགས་ལོ་ཏོག་འདོད་འཇོའི་རྒྱུན་བཞིན་སྨིན། །

བདེ་སྐྱིད་དབང་ཕྱུག་ཆེན་མོའི་ལོངས་སྤྱོད་དང་། །

བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང་ཁུག་ཅིག།།

      ཅེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ལས་གནས་ཀྱི་ཆེ་བ་བརྗོད་པའི་སྐོར་ཏེ་དགུ་བའོ། །

ལེའུ་བཅུ་བ།  དགོན་པའི་ལྷ་སྡེ་སོགས་གྲུབ་པའི་སྐོར། 

དེ་ཡང་སྐྱབས་རྗེ་གྱི་ལིང་གཏེར་སྟོན་ཡབ་སྲས་ཀྱིས་སྐུ་དངོས་སུ་ཕྱག་འདེབས་མཛད་པའི་མགོ་ལོག་གྱི་ལིང་རི་ཁྲོད་དམ་བྲག་ཤུར་ཀཿ ཐོག་སྐྱིད་པའི་དོ་ར་དང་།  ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་།  མདོ་ལ་བ་དམ་སྒོ་མེ་སྔགས་དགོན་བསམ་གཏན་ཨེ་ཝཾ་གླིང་།  འབྲུག་ཁྱུང་སྔགས་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་།  བོང་སྟག་བྲ་ཚའི་སྔགས་དགོན་ནམ་བྲག་དམར་སྨིན་གྲོལ་དར་རྒྱས་གླིང་སོགས་རིག་འཛིན་འདུས་སྡེ་ཆེན་པོ་འདི་དག་གི་ལྷ་སྡེ་དཀར་པོ་སྟེ་རྒྱ་ར་ཨེར་སྟི་སྐེ་ར་སོགས་ཆབ་འགག་གསེར་གཞུང་རིང་མོའི་ཡུལ་གྲུ་དང་། བོང་སྟག་ཚོ་བ་བཅོ་བརྒྱད་སོགས་ལོངས་སྤྱོད་རྨད་དུ་བྱུང་བའི་ཡལ་ག་ཕྱོགས་དང་ཕྱོགས་སུ་རྒྱས་པར་བདེ་སྐྱིད་དཔལ་གྱི་ལོ་འདབ་བྱེ་བས་བརྒྱན་ཞིང་།  རབ་དཀར་དད་འདུན་མོས་པའི་མེ་ཏོག་སྣ་ཚོགས་འཁྲུངས་པ་དང་།  དགེ་བཅུའི་ལེགས་ཚོགས་མ་ལུས་འདོད་དགུའི་འབྲས་བུ་ཕུན་ཚོགས་མངར་པོས་བརྒྱན་པ།  སྔ་ཕྱི་བར་གསུམ་ཀུན་ཏུ་སྐྱེས་པའི་རྗེ་འབངས་ལས་ཅན་རྣམས་ཀྱིས་རྣམ་དཀར་ལས་ཀྱི་ས་བོན་ལེགས་པོའི་རྩ་བ་ཡོངས་སུ་ཚུགས་སོ། །

      འདིར་ཡང་རབ་བྱུང་བཅོ་ལྔ་བའི་མེ་ཕོ་བྱི་བ1876ལོའི་ཡས་མས་སུ་ཆབ་འགག་གསེར་གཞོང་རིང་མོའི་ཡུལ་ཕྱོགས་འདི་ལ་གཞན་ནས་ཡོང་བའི་དུད་ཁྱིམ་དྲུག་བདུན་ཙམ་གྱིས་འཁྱམས་རུའི་དཔོན་པོ་བསོད་ལོ་ལ་ས་སྐལ་ཅུང་ཙམ་གཡར་བའི་ས་འཛིན་གྱི་ཐོག་མ་སྟེ།  གཅིག་ནི་དཔོན་བྱམས་པ་ཞེས་བྱ་བ་ཡིན་ལ་དེའི་ཤུལ་རྒྱ་ར་ཐ་བྷེ་ཞེས་པ་དེ་ད་ལྟ་ཤུལ་ཆད།   གཉིས་ནི་ཀ་མདོ་ཕག་མོ།  དེའི་བུ་ད་ལྟའི་དཔལ་འབྲུག་སོགས་ཡིན།  ཀ་མདོ་དགེ་བསྙེན་རིང་ལ་རྒྱ་ར་ཨེར་སྟི་གཉིས་ཀྱི་དཔོན་འགོ་བཟུང་སྟེ།  ཕོ་ཁྲལ་མགོ་གཅིག་ནི་དང་མ་འདུན་མགོ་གཅིག་ནི་བྱས་ཤིང་།  ཀ་མདོ་ཕག་མོའི་རིང་ལ་སྡེ་བ་ཇེ་ཆེར་སོང་བས་དཔོན་འགོ་ཅུང་ཟད་མ་མཆིས་པར་ཨེར་སྟི་ཁེར་འགོ་ཆད་ཅིང་དཔོན་ཀླུ་འབུམ་རྒྱལ་གྱིས་ཨེར་སྟིའི་དཔོན་པོ་ཁུར་ནས་ཆོས་སྲིད་ཟུང་གིས་བསྐྱངས།   དེའི་ཤུལ་རྡོ་རྗེ་དང་རྡོ་རྗེ་སྒྲོལ་མ་མིང་སྲིང་ཡིན།   རྡོ་རྗེ་ཡིས་ཡུལ་ཤུལ་ཆུ་དམར་ལེབ་སོགས་ནས་རྒྱལ་ཁབ་ཀྱི་བྱ་བ་ལས།  ཨ་མདོ་རྡོ་རྗེ་ཞེས་སྐད་གྲགས་ཆེ།  རྡོ་རྗེ་སྒྲོལ་མའི་བུ་སངས་རྒྱས་འབུམ། ལྷ་ལྕགས་འབུམ།  ཨ་ལོ་སོགས་ཀྱིས་བྱ་བ་ལས་བཞིན་ཡོད།  རྒྱ་ར་ཕག་མོའམ་ཀ་མདོ་ཕག་མོ་ལ་སྙན་གྲགས་ཧ་ཅང་ཆེ། རྒྱ་ར་སྡེ་བ་ལ་བཀའ་དྲིན་ཆེན་པོས་བསྐྱངས། ཁྱད་པར་དུ་གྱི་ལིང་གཏེར་སྟོན་སྐུ་གོང་མ་ཀྲོངས་རྗེས་སུ་དཀྱིལ་གདོང་སྔགས་ཁང་ལ་བདག་དམ་ལེགས་པོར་མཛད།  རྒྱ་ར་ཕོ་ཀྲང་དང་།  བཅིངས་བཀྲོལ་རྗེས་སུ་རྒྱ་ར་ཆུའུ་ཀྲང་སོགས་ཁུར་ནས་རྒྱལ་ཁབ་ལ་བྱས་རྗེས་ངེས་ཅན་བཞག་ཡོད།   གསུམ་ནི་རྒྱ་ར་རྡོ་ཚེ་ཟེར་བ་དེའི་བུ་རྒྱ་ར་གནམ་ཐར་ཡིན་ལ་ད་ལྟ་ཤུལ་མེད།  བཞི་ནི་ཚེགས་དོན་གྲུབ་ཅེས་པའི་ཤུལ་ད་ལྟ་རྒྱ་ར་བར་སྐོར་ཡིན་ལ་དེའི་བུ་གནམ་རྒྱལ།  དེའི་བུ་རྒྱལ་མཚན་དང་སྟོབས་ལྡན། ད་ལྟ་པདྨ་རྒྱལ་དང་བསོད་ནམས་རིན་ཆེན་སོགས་ཤུལ་འཛིན་ཡོད་པ་དང་།  གནམ་རྒྱལ་གྱིས་རྒྱ་ར་ཅ་ཀྲང་ཁུར་མྱོང་ཞིང་།  རྒྱལ་མཚན་དང་སྟོབས་ལྡན་གཉིས་ཀྱིས་གསར་བརྗེ་བྱ་བ་ལས།  ད་རུང་རྒྱ་ར་ཅོད་ལེ་ཞེས་གཏམ་ཁ་ལྕེ་དང་།  མདའ་བ།  ཕྱུག་པོ་ཞིག་སྐྱེས།  དེའི་བུ་པད་མ་དབང་རྒྱལ་གྱིས་རྒྱ་ར་ཞང་གི་ཞང་ཀྲང་གཞོན་པ་ཁུར་མྱོང་བ་དང་།  གཅོད་པ་དོན་གྲུབ་ཀྱིས་གུང་ཧོ་རྫོང་མི་དམངས་སྲིད་གཞུང་གི་ཞན་ཀྲང་གཞོན་པ་དང་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་ཧྲའོ་ཀྲང་སོགས་ལས་འགན་ཁུར་ཏེ། བོད་ཀྱི་མཁས་པ་གྲགས་ཅན་ཞིག་ཏུ་གྱུར།  ལྔ་ནི་རྒྱ་ཡཱན་ཁྲ་ཟེར་བ་དེ་ད་ལྟ་ཤུལ་མེད།  དྲུག་ནི་གྱི་ལིང་གཏེར་སྟོན་སྐུ་གོང་མ་སོགས་ས་འཛིན་གྱི་ཐོག་མ་དང་གཞི་འཛིན་གྱི་མགོ་མ་དེ་ཙམ་མོ། །

      ཁྱད་པར་དུ་རྒྱ་ར་ཀ་མདོ་བླ་མ་དང་།  གཡང་རོང་དགེ་ལེགས་སོགས་ནི་སྐུ་གོང་མའི་ཡོན་བདག་གི་གཙོ་བོ་ཡིན་ཞིང་།  གཡང་རོང་དགེ་ལེགས་ལ་བུ་གཡང་རོང་ཚེ་རྒྱལ་དང་བུ་མོ་ཡག་ལོ་གཉིས་ཡོད།   བུ་མོ་ཡག་ལོ་དེ་བོང་སྟག་ཆེན་ཧུ་བསྟན་ཁོའི་བཙུན་མོ་ཡིན་ཞིང་།  གཡང་རོང་ཚེ་རྒྱལ་གྱི་སྲས་ཨ་ལགས་ཁྲི་བ་དང་།  ཨ་ལགས་རྒྱ་ཡས།  ཨ་ལགས་རི་སྙིང་།   མགོན་པོ་ཚེ་བརྟན་སོགས་སྲས་མིང་སྲིང་བཅུ་ལྷག་ཡོད།  འོན་ཀྱང་གཡང་རོང་དགེ་ལེགས་ཀྱི་ཁྱིམ་ཤུལ་ནི་ཁོང་གི་ཚ་མོ་སྟེ་གཡང་རོང་ཚེ་རྒྱལ་བུ་མོ་ཚེར་མ་ཡིན་ལ་དེའི་བུ་ལྷ་རྒྱལ་ཚེ་རིང་གིས་ཐེམ་ཆེན་རྫོང་བྲག་དམར་ཞང་གི་ཞང་ཀྲང་ཁུར་མྱོང་།   དེ་ཡང་སྡེ་བ་ཁག་གི་ཆ་ནས་སྐ་སར་དཔོན་པོ་བཀྲ་ཤིས་ཀྱིས་པོ་ཀྲང་ཁུར་མྱོང་བ་དང་དེའི་ཤུལ་ཚེ་རིང་རྣམ་རྒྱལ་གྱིས་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དང་རྫོང་་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སོགས་ཁུར་མྱོང་ཞིང་།  སྐ་སར་སྒྲོལ་འབུམ་ཞེས་རྟ་རྒྱུགས་མཁན།  མེ་མདའ་འཕེན་མཁན། གྲགས་ཆེ་བ་དེའི་ཤུལ་པད་མ་རིན་ཆེན་ཡིན་ལ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དང་ཁུལ་ཞང་གྲོང་ཁེ་ལས་ཅུའུ་ཡི་ཅུའུ་ཀྲང་།  ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོགས་ཁུར་མྱོང་།  སྐ་སར་ནུ་ཁོ་ཟེར་བའི་ཕྱི་རབས་པ་ནི་ཆབ་འགག་རྡོ་རྗེ་ཚེ་རིང་སོགས་ཡིན་ལ་ད་ལྟ་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་ཧྲུའུ་ཀྲང་གཞོན་པ་སོགས་ཁུར་ཏེ།   དེང་རབས་ཀྱི་གངས་ཅན་མཁས་པའི་གྲས་སུ་འདུག  དཀྱིལ་གདོང་ཡི་དམ་ཟེར་བ་དེ་ཐོག་མར་ས་འདིར་ཡོང་རྗེས་གཞན་ལ་གཡོག་བྱས།  རྗེས་སུ་ཕྱུག་པོར་གྱུར།  ལུག་སྟོང་ཕྲག་ཏུ་སླེབས།  དེའི་བུ་པད་མ་རྒྱ་མཚོ་དང་།   དེའི་བུ་ད་ལྟའི་དཀྱིལ་གདོང་ནོར་བུ་སོགས་ཡིན།  སོ་རྒྱག་གི་ས་འཛིན་སྔ་བ་ལྷ་འབུམ་ཟེར་བ་དེའི་བུ་སྟོབས་ལྡན་ནི་དཔོན་གྲགས་ཅན་ཡིན་པས་ཐུགས་དམ་གྱིས་ཀྲོངས།  གྱི་ལིང་གཏེར་སྟོན་སྐུ་གོང་མའི་སློབ་མ་སྟེ་དཔོན་སེང་སྟག་ཟེར་བས་ཆུ་བར་ནོར་བུའི་གླིང་གི་ཁྲི་བ་དང་དབུ་མཛད་ཁུར་མྱོང་ཞིང་སྙན་གྲགས་ཆེ།  སོ་རྒྱག་རིན་ཆེན་གྱི་རིང་ལ་དཔོན་པོ་ཁུར་ཞིང་ཧ་ཅང་གྲགས་ཆེ།  དེའི་བུ་སོ་རྒྱག་དཔལ་ལྡན།  དེའི་བུ་འབུམ་པ་ཐར་དང་ལྕགས་ཐར་སོགས་ད་ལྟ་ཡོད།   སོ་རྒྱག་བན་ལོག་ཟེར་བའི་ཕྱུག་པོ་མིང་ཅན་བྱུང་བ་དེའི་བུ་སོ་རྒྱག་ཚེ་རིང་རྒྱལ་ཡིན་ལ་བོད་ལྗོངས་སོགས་ནས་གསར་བརྗེ་བྱ་བ་ལས།  དེའི་བུ་རིག་འཛིན་དང་།  བསམ་གྲུབ།  ཕག་ལོ།  དཔལ་འབྱོར་སོགས་ཀྱིས་ཀྱང་རྒྱལ་ཁབ་ཀྱི་སྲིད་ཕྱོགས་སུ་བྱ་བ་ལས།  ཡུལ་གྲོ་ཚང་ནས་ཆད་པའི་རིན་ཆེན་བསོད་ནམས་ཏེ་ཨ་ཕོ་ཏཱ་ཧན་ཟེར་བ་དེའི་བུ་རིན་ཆེན་རྒྱལ་དང་།  མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ།  མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་དཔོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཨིག་གྱུར་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྲའུ་ཞི་སོགས་ཁུར་བ་རེད།   ཁྲ་ཚང་ལ་ཡང་པཱ་པ་བརྒྱད་བཅུ་ཟེར་བའི་རྒད་པོ་ཞིག་གི་རིང་ལ་ས་འདིར་ཆད་ནས་ཡོང་བ་ད་ལྟ་ཤུལ་མེད།  ཁྲ་ཚང་རིན་ཆེན་ཟེར་བའི་བུ་གསོན་ཁོ་ཡིན།   ཕ་རིན་ཆེན་རིང་ལ་ཞང་ཀྲང་ཁུར་བ་དང་།   བུ་གསོན་ཁོའི་རིང་ལ་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་ནས་བྱ་བ་ལས་ཤིང་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སོགས་ཁུར།  འགག་ཀླུ་རྒྱལ་ཟེར་བའང་ཁྲ་ཚང་པཱ་པ་བརྒྱད་བཅུའི་སྤུན་ཡིན་ཞིང་དེའི་ཤུལ་འགག་བཀྲ་ཤིས་དང་།   དེའི་ཤུལ་ན་ད་ལྟ་མག་པ་པད་མ་རྒྱ་མཚོ་སོགས་ཡོད། 

      ཨེར་སྟི་ལྷ་ཐར་ཟེར་བ་ཧ་ཅང་སྔ་བས་གྲགས་ཆེ་ཞིང་གོ་མིན་ཏང་གི་སྐབས་སུ་ཞང་ཀྲང་སོགས་ཁུར་མྱོང་བ་དང་།  ཨེར་སྟི་བུན་ཁྲང་གིས་ཀྱང་དཔོན་འགོ་བཟུང་ཞིང་། ཨེར་སྟི་ཚེ་རིང་གིས་པོ་ཀྲང་ཁུར་ནས་བཅིངས་བཀྲོལ་རྗེས་སུ་ཞང་ཀྲང་ཁུར།  ཚེ་རིང་གི་ནུ་བོ་རིག་བྷ་ཡིས་ཨེར་སྟི་ཞང་ཀྲང་དང་། རྒྱ་ར་ཆུའུ་ཀྲང་།  གསེར་ཆེན་རྫོང་དཔོན།  རྫོང་ཏང་ཨུའི་ཧྲུའུ་ཅི།  མཚོ་ལྷོ་ཁུལ་དཔོན།  ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སོགས་ཁུར་མྱོང་བ་ཡིན། །

      སྐེ་ར་སྒྲོལ་མ་ཐར་ནི་ཧ་ལམ་ས་འཛིན་གྱི་ཐོག་མ་ཡིན་ལ་སོག་པོ་ཝང་རྒྱ་ལྡང་གི་མངའ་འོག་ཡིན་ཞིང་།  སོག་པོ་ཝང་རྒྱ་ལྡང་གི་ཤུལ་ད་ལྟའི་ར་གོང་མ་ཚང་ཡིན་པ་དང་།  སོག་པོ་ཝང་རྡོ་རྗེ་ཡིས་བཅིངས་བཀྲོལ་རྗེས་སུ་སྐེ་ར་ཞང་ཀྲང་ཁུར།  དུམ་པ་དཔོན་པོ་འཇམ་དབྱངས་ཀྱིས་ཁུལ་སྲིད་གྲོས་ཨུ་ཡོན་སོགས་ཁུར།  མེ་ཏོག་ལུང་བ་གོང་མར་རྩིས་རྒྱག་པ་སྒོམ་པ་དང་དཔོན་ཁྱི་ཕྱུག་སོགས་ས་འཛིན་གྱི་སྔ་བ་ཡིན།  ཁྱད་པར་དུ་ཀ་མདོ་བླ་མ་བསམ་གཏན་ལ་སྙན་གྲགས་ཆེ་ཞིང་ཕྱུག་པོ་ཡིན།   ཁུལ་དང་རྫོང་མི་དམངས་འཐུས་མི་སོགས་ཁུར་བ་རེད།  མེ་ཏོག་ལུང་བ་ཞོལ་མའི་ལྷ་རྒྱལ་ཟེར་བས་སྐེ་ར་ཞང་ཀྲང་ཁུར་བ་དང་དེའི་བུ་བསོད་ནམས་ཚེ་རིང་གིས་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སོགས་ཁུར་བ་རེད།  སྐེ་ར་མངའ་འོག་ཏུ་ར་གོང་མ་དང་།  དུམ་པ།  ཡི་གེར་གོང་ཞོལ།  མེ་ཏོག་ལུང་བ་གོང་ཞོལ།  སོ་རྒྱ།  གཟི་ལངས་ཐང་།  ཧོ་ཐོག་སོགས་ཡིན། 

      ད་ལྟ་རྒྱ་ར་སྐེ་ར་ཨེར་སྟི་སོགས་ཀྱི་ཆ་ནས་ཆབ་ཆའི་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་དང་།  དཀྱིལ་གདུང་སྔགས་དགོན་ཆུ་བར་ནོར་བུའི་གླིང་།  སྐ་སར་བོན་དགོན།  རྒྱ་ར་མ་ཎི་ཁང་།  དུམ་པ་མ་ཎི་ཁང་།  དུང་དཀར་བོན་དགོན།  ཧོ་ཐོག་སྒར་བ།  སྐྱ་རེངས་ཐང་ལྷ་ཁང་སོགས་ཆོས་ཀྱི་སྡེ་ཆེ་ཆུང་དུ་མ་བཞུགས་ཤིང་དར་ཞིང་རྒྱས་པའི་སྐབས་སོ། །

      འདིར་ཡང་བསྟན་པའི་སྦྱིན་བདག་ཆེན་མོ་བོང་སྟག་ཚོ་བ་བཅོ་བརྒྱད་ཅེས་པ་སྟེ།  དཔོན་ཚང་དང་།  ཨ་སྒུར་ཚང་།   སྔགས་པ་ཚང་།  ཞ་སྐོར་ཚང་།  ལྷ་སྒོམ་སྐྱབས་ཚང་།  མོག་ཆེན་ཚང་།  མོག་ཆུང་ཚང་།  ཉྭ་ནག་ཚང་།  ཀ་ཤུལ་ཚང་།  ནག་བཟའ་ཚང་།  སྟོད་ཆེན་ཚང་།   སྟོད་ཆུང་ཚང་།  བྲ་ཚ་ཚང་།  མཁར་ཟུར་ཚང་།  མྱིག་སྐོར་ཚང་།   ཐགས་ཀ་ཚང་།   ས་ཉལ་ཚང་།  གོ་ན་ཚང་སོགས་ཡིན་ཞིང་།  ལྟ་བ་མཁའ་ཁྱབ་ཕྱོགས་བྲལདང་།  རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲདང་། ཁོ་བོས་བརྩམས་པའིརྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་སོགས་ལས། རོང་བོ་བློན་ཆོས་བོང་སྟག་གོང་ཞོལ་ནི་དཔལ་ལྡན་སྐྱ་ས་པའི་གདུང་རྒྱུད་ལས་རོང་ཆེན་ཀུན་དགའ་དོན་གྲུབ་ཅེས་མཚན་སྙན་ཡོངས་སུ་གྲགས་པའི་ལྷ་རྗེ་བྲག་སྣ་པ་རིན་པོ་ཆེར་ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་གྲགས་པའི་སྲས་གསུམ་བྱོན་པའི་ཆེ་བ་སྟེ་རོང་བོ་ལྷ་རྒྱལ་དཔལ་གྱི་རིགས་རུས་ཡིན་ཟེར་ཞིང་།  རབ་བྱུང་བཅུ་གཉིས་པའི་མེ་ཕོ་འབྲུག1736ལོའི་ཡས་མས་སུ་རེབ་གོང་ནས་རིམ་བཞིན་ད་ལྟའི་ས་ཆ་འདི་དག་བདག་བཟུང་བྱས་ཏེ།  བོང་སྟག་དཔོན་པོ་ལྕགས་ཁོ་དང་།  བ་ལོ།  བན་ཐོ།  ཚེ་ཁོ།  འབྲུག་གོ   དཀོན་མཆོག་ཚེ་རིང་།  དཔལ་བཟང་།  བསྟན་ཁོ་སོགས་གོང་མས་བསྐོས་པའི་ཆེན་ཧུ་དཔོན་རབས་བརྒྱད་ཀྱིས་རྗེ་འབངས་བསྐྱངས་པ་དང་།  དཔོན་རབས་བརྒྱད་པ་བོང་སྟག་ཆེན་ཧུ་བསྟན་ཁོས་མཚོ་ནུབ་ཁུལ་གྱི་ཁུལ་དཔོན་སོགས་འགན་བཞེས་གནང་བ་མ་ཟད།  བོང་སྟག་གོང་མའི་ཆེན་ཧུ་བརྩོན་འགྲུས་ཀྱིས་མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་སོགས་འགན་བཞེས་གནང་བ་དང་།  གོང་མ་ནས་བོང་སྟག་རྒྱ་ལི།   བྲ་ཚའི་ཚེ་རིག  ལྷ་དཔལ།  བན་ཀྱཱའི་ལྷ་རྩེ།   རྗེ་བཟའི་གནམ་པོ།  སྟོད་པའི་འཕགས་པ་སྐྱབས་སོགས་དང་།  ཞོལ་མ་ནས་བོང་སྟག་ཆོས་རྒྱམ།  ས་ཉལ་སྟོང་དཔོན།   ཨ་ཕ་སྲེ་ལི།  སྔགས་པའི་ཚེ་ལྷ།  བོང་སྟག་བློ་རྒྱམ།  མོག་ཆུང་ཀུན་བྷ།  སྨན་པ་བརྩོན་རྒྱམ།  རྫོང་དཔོན་གཡང་བྷ།  ཨ་རྒུར་ཀརྨ།  གོང་བ་ཨ་མྱེས།  དཔོན་ཚང་གཡང་གསང་།  དཔོན་ཚང་དངོས་གྲུབ།  དཔོན་ཚང་དཔལ་མཁར་རྒྱལ།  རྫོང་དཔོན་ཀུན་བྱམས།  དཔོན་པོ་ལྷ་སྒོམ་སྐྱབས།  གཡུང་དྲུང་རྒྱལ།   མོག་ཆེན་བེ་ཧུ་སྐལ་བྷ།  མོག་ཆེན་རྟ་མ།   མོག་ཆུང་དཔོན་པོ་ཉི་མ།  མོག་ཆུང་སྐལ་ཚེ།   ཉྭ་ནག་དཔོན་པོ་ལྷ་མཁར་ཡག  ཉྭ་ནག་ཚེས་བཅུ།  ཀ་ཤུལ་དོ་རིས།  ཀ་ཤུལ་ཐུབ་བསྟན།  ནག་ཟའི་པུ་ཏེ།  སྟོད་ཆེན་དཔོན་པོ་བཙན་སྐྱབས། སྟོད་ཆུང་ཐ་དྲིས།  བྲ་ཚའི་ཅ་ཀྲང་དབང་ཚེ།  བྲ་ཚའི་གསང་སྔགས།  ཟུར་ཚང་མགོན་རྒྱལ།   མྱིག་སྐོར་དཔོན་པོ་དཔལ་སྐྱོང་།  ཐགས་ཀ་མཁྱེན་བརྩེ།  ས་ཉ་ཚེམ་བློ།  གོ་ན་ཚོགས་རྒྱམ།  བོང་སྟག་བསྟན་ལོ།  བྲ་ཚའི་བླ་མ་མདོ་སྔགས་ཡོན་ཏན་རྒྱ་མཚོ།  བླ་མ་རབ་དགའ།  བྲ་ཚའི་བླ་མ་ཚེ་རིང་རྡོ་རྗེ།  ཨ་ལགས་བཤད་སྒྲུབ་ཉི་མ་ཚང་།  ཨ་ལགས་རྒུ་རུ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ།  ཨ་ལགས་རྒྱལ་སྲས་ཚང་།  ཨ་ལགས་བརྩི་བཞག་བློ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ།   རྡོར་རྒྱ་སྐུ་ལོ་བློ་བཟང་བསྟན་འཛིན་ཚང་།  བླ་མ་བྱ་འཕུར་ཚང་།  ཨ་རིག་བླ་མ་ཕུན་ཚོགས་ཚང་སོགས་མི་དྲག་ཧ་ཅང་མང་པོ་བྱུང་བ་དང་།  ཁྱད་པར་དུ་བྲ་ཚའི་དཔོན་པོ་རྡོར་ཁོ་ནི་གྱི་ལིང་གཏེར་སྟོན་ཡབ་སྲས་ཀྱི་དངོས་སློབ་གཙོ་བོར་གྱུར་བ་ཡིན་ལ་བོང་སྟག་བེ་ཧུ་བཅོ་བརྒྱད་ནང་གི་ཙུང་བེ་ཧུ་ཞེས་མཚན་གྱིས་གཟེངས་སུ་བསྟོད་པ་དང་བཅིངས་བཀྲོལ་རྗེས་སུ་མཚོ་ནུབ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་སོགས་ཞལ་བཞེས་གནང་ཞིང་།   ཆེན་ཧུ་བསྟན་ཁོའི་བུ་དཔོན་ཚང་བསྟན་ལོས་ཀྱང་ད་ལྟ་མཚོ་ནུབ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་སོགས་ཞལ་བཞེས་གནང་བཞིན་པའི་སྐབས་སོ། ཞེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བ་ངོ་མཚར་པདྨའི་དགའ་ཚལ་ལས་དགོན་པའི་ལྷ་སྡེ་སོགས་གྲུབ་པའི་སྐོར་ཏེ་བཅུ་བའོ། །

               སྨྲས་པ།  

ཨེ་མ་སྐྱེས་མཆོག་ལྷན་སྐྱེས་ལྷུན་གྲུབ་པའི། །

མཛད་བཟང་འཕྲིན་ལས་རྫོགས་པའི་པདྨ་དཀར། །

ལེགས་ཚོགས་ངང་ལས་ཞི་དུལ་འཛུམ་གྲོལ་གྱི། །

དཔག་ཡས་ཡོན་ཏན་མོས་ལ་སླར་ཡང་གུས། །

གདོད་ནས་གཞན་ཕན་བདེ་བའི་ཐུགས་སེམས་ཀྱིས། །

མཐའ་ཡས་སེམས་ཅན་སྒྲོལ་བར་ཞལ་བཞེས་པའི། །

ཐུགས་དམ་འགྱུར་མེད་རྡོ་རྗེ་རང་བཞིན་ཁམས། །

བསྙིལ་མེད་སྲིད་མཐར་གནས་པ་རྒྱལ་སྲས་གཤིས། །

འདྲེན་དབང་མི་འཛུམ་ཐུགས་རྗེ་ཉི་གཞོན་འོད། །

རིག་གྲོལ་སྐྱེད་མོས་ཚལ་དུ་རྩེན་པ་ལས། །

འཛམ་གླིང་ནོར་འཛིན་སྒེག་མོ་མཛེས་བྱེད་པའི། །

མཁས་གྲུབ་པད་དཀར་ལྗོན་པའི་འཛུམ་བརྒྱ་གྲོལ། །

ཆུ་བར་ནོར་བུའི་ལྗོན་པར་ཡལ་འདབ་བཀྲ། །

ཆོས་སྲིད་ལེགས་ཚོགས་ཡོན་ཏན་དར་ཞིང་རྒྱས། །

དྲན་དབང་དཔག་བསམ་པདྨའི་དགའ་ཚལ་བཞིན།  །

དུས་ཀྱི་མཐར་ཡང་ཉམས་པ་མེད་གྱུར་ཅིག།།

མདོར་ན་དཔལ་ལྡན་བླ་མའི་ཞབས་བརྟན་ཞིང་། །

འཇིག་རྟེན་ཀུན་ཏུ་བདེ་སྐྱིད་དཔལ་རོལ་བའི། །

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག།།

      ཅེས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ་ཞེས་བྱ་བ་འདི་ཡང་སྔ་འགྱུར་སྒྲུབ་རྒྱུད་བསྟན་པའི་ཤིང་རྟ་པ་དཔལ་ལྡན་བླ་མ་རིན་པོ་ཆེ ༧ གྱི་ལིང་གཏེར་སྟོན་བདེ་ཆེན་འཇིགས་མེད་རྡོ་རྗེ་མཆོག་གིས་ལྷ་རྫས་མཎྚལ་གྱི་རྟེན་དང་བཅས་པ་བཀས་བསྐུལ་ངོར།  རོང་ཆེན་དེ་ཝ་རཱ་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག1998ལོའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལ་ཆབ་འགག་གསེར་ཞོང་རིང་མོའི་གྲོང་བརྡལ་གྱི་རང་ཁྱིམ་བདེ་སྟོང་རྣམ་རྒྱལ་ཕོ་བྲང་དུ་ཡིག་གཟུགས་སུ་བཀོད་ནས་རེ་ཞིག་རྫོགས་པར་གྱུརཏོ། །སརྦ་ཛ་ཡནྟུ། །      ། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716