སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཞུ་བའི་གཏམ་བཀྲ་ཤིས་དགུ་བརྩེགས །
སྤེལ་དུས། 2008-02-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།    རྩོམ་པ་པོ།   འདི་གའི་རྩོམ་སྒྲིག་པ།

 

 

           

     

 མེ་མོ་ཕག་གི་ལོ་འདི་ནི་ཀུན་ལ་བཀྲ་ཤིས་པ་ཞིག་ཡིན་པས་བོད་ལྗོངས་སུ་འབྲུ་དྲུག་གི་ལོ་ལེགས་སྨིན་ཞིང་། ཕྱུགས་རིགས་ཀྱི་འཕེལ་ཁ་ཡག་པ་དང་།    རྒྱུ་ནོར་ལོངས་སྤྱོད་ཀྱི་གཡང་འཁོར་བ།   མི་ཐོག་ལ་ན་ཚ་མེད་པ། ཕྱུགས་ཐོག་ལ་གོད་ཁ་མེད་པ། འཁྲུག་རྩོད་དང་མུ་གེ་མེད་པ།   རིག་གནས་དར་རྒྱས་ཆེ་བ། འགྲོ་དོན་འཕྲིན་ལས་འགྲུབ་པ། རྐྱེན་ངན་བར་ཆད་ཞི་བ་ལ་སོགས་པའི་དགེ་མཚན་གྱི་ཉི་མ་སྟོང་ཕྲག་འོད་དུ་འབར་བ་ཞིག་ཡིན།   ཁ་དྲོ་ཞིང་བཀྲ་ཤིས་པའི་ལོ་འདིས་ང་ཚོར་བདེ་ སྐྱིད་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པ་གཡང་དུ་བཞག་ནས་མི་མངོན་པའི་དབྱིངས་སུ་བཞུད་པའི་ཉམས་བརྒྱའི་གར་ལ་རོལ་ཞིང་། ས་ཕོ་བྱི་བའི་ལོ་ནི་ཕྱི་མར་འདྲེན་པའི་བླ་མ་དང་། སངས་རྒྱས་སྟོང་གི་ཕོ་ཉ། རྒྱ་བོད་གཉིས་ཀྱི་ནོར་བདག   གནམ་ས་གཉིས་ཀྱི་ཀ་བ། བགེགས་ཚོགས་འདུལ་བའི་དཔའ་བོ་ཞིག་དང་འདྲ་བར་སྟོད་རྒྱ་གར་ཡུལ་ལ་གཡས་བསྐོར་དང་། སྨད་རྒྱ་ནག་ཡུལ་ལ་གཡོན་བསྐོར་རྒྱག་བཞིན་བོད་ཁ་བ་ཅན་གྱི་ཡུལ་དུ་ཕེབས་པའི་སྐབས་འདིར། ངེད་ཅག་བོད་ཡིག་དྲ་ཚིགས་ལ་དོ་སྣང་དང་། ཐུགས་ཁུར། རོགས་རམ་བཅས་གནང་བའི་ཕྱི་ནང་གི་ལྷག་བསམ་ཅན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་ཡིན།

ལོ་གསར་བའི་ནང་དུ་ངེད་ཅག་བོད་ཡིག་དྲ་ཚིགས་ཀྱིས་བོད་ཀྱི་རིག་གནས་གོང་ནས་གོང་དུ་སྤེལ་བ་དང་གཞུང་ལུགས་ཆུང་ངུ་ཙམ་ཡང་ཇི་བཞིན་རྟོགས་པའི་བློ་གྲོས་ཀྱི་མཐུ་དང་སྐལ་བ་དམན་པ་རང་དང་རང་འདྲ་བ་དག་ལ་ཅུང་ཟད་ཕན་པར་འདོད་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་ཀུན་གྱིས་ཤེས་པར་འདོད་པའི་གོ་མྱོང་རྟོགས་གསུམ་བྱུང་བའི་ཤེས་རིག་རིག་གནས་དང་བོད་ཡུལ་གྱི་གནས་ཚུལ་རྣམས་གོ་རིམ་དང་མི་འགལ་བར་མཚམས་སྦྱོར་བྱེད་པ་དང་རིགས་པ་དང་མི་འགལ་བར་བརྒལ་ལན་སྤྲོད་པའི་ཐབས་ཀྱིས་ཕྱི་ནང་གི་བོད་པ་རྣམས་ཀྱི་ཐོས་འཛིན་ཟུང་ལ་བདུད་རྩིའི་དགའ་སྟོན་བསྒྲུབ་་རྒྱུ་ཡིན་པས། བོད་ཁ་བ་ཅན་གྱི་མིག་ལྡན་དག་གིས་ངེད་ཅག་གི་དྲ་ཚིགས་ལ་མུ་མཐུད་དུ་དོ་སྣང་དང་། ཐུགས་ཁུར། རོགས་རམ་སོགས་ལྷོད་གཡེང་མེད་པར་གནང་བར་རེ་བ་བཟློག་ཏུ་མེད་པ་ཞིག་བཅངས་ཡོད།  

ས་ཕོ་བྱི་བའི་ལོར་བོད་ཡུལ་དུ་རྫུན་དང་གཡོ་སྒྱུའི་ཚིག་ལ་འདུན་པ་དང་། མཛེས་དང་གོས་ཀྱིས་སྣང་བ་འཁྲུལ་བ། ཁྲེལ་མེད་བཙུན་མིང་སྤྱི་བོར་བཀུར་བ། ཆོས་དང་དམ་ཚིག་རླུང་ལ་བསྐུར་བ། ཉོན་མོངས་དུག་ལྔའི་གོ་བཙན་གྱོན་པ། ཕ་སྤུན་ཡིན་ཡང་བློ་གཏད་མེད་པ། ཚེ་གྲོགས་ཡིན་ཡང་ཕྱི་སེམས་འཛིན་པ། སྡིག་པའི་ལས་ལ་འཆི་ཡང་འབད་པ། དབུ་འཕང་བསྟོད་པར་ཤིན་ཏུ་མཁོ་ཡང་། ཡབ་མེས་ཤུལ་བཞག་ཕངས་མེད་འདོར་བ།   བོད་རྣམས་ཉམས་པའི་རྐྱེན་དུ་གྱུར་ཡང་།   ཕྱི་གླིང་གཏམ་ངན་ཤུགས་ཀྱིས་བཟློ་བ་ལ་སོགས་པའི་བགེགས་དང་བར་ཆད་རྣམས་དབྱར་གྱི་འཁྱག་རོམ་ཇི་བཞིན།   ཉིན་གྱི་མུན་པ་ཇི་བཞིན། རླུང་ཁའི་སྤྲིན་ཕུང་ཇི་བཞིན་ཉམས་པར་ཤོག   

ས་བྱིའི་ལོ་འདིར་ཡ་མཚན་ཆེ། ཧ་ཅང་ཡ་མཚན་ཆེ་ལུགས་ཀྱི། བཀྲ་ཤིས་ཁྱད་འཕགས་རྟགས་མཚན་རྣམས།   གངས་ཅན་ལྗོངས་སུ་བྱུང་ནས་ཐལ།   དགུང་ལ་ཉི་ཟླ་སྐར་གསུམ་ཤར།   ཆོལ་ཁ་གསུམ་པོ་བཀྲ་ཤིས་རྟགས། དགའ་སྐྱིད་ཕུན་སུམ་ཚོགས་པར་ཤོག   ཨ་སྔོན་དགུང་ལ་སྤྲིན་དཀར་གཡོ། རྟེན་འབྲེལ་ལས་ཀྱི་གདུགས་དཀར་མཚུངས། བོད་ཡུལ་དར་ཞིང་བདེ་སྐྱིད་འཛོམས།   གཡོ་མེད་སྲིད་ན་མཛེས་པར་ཤོག   མཁའ་ན་འཇའ་ཚོན་འོད་དུ་འཁྱིལ། ཤེས་རབ་སྦྲང་ཆར་ས་ལ་བབས། བསོད་ནམས་ལོ་ཏོག་འབྲུ་དྲུག་སྨིན། ཉམས་ལྡན་རྐང་དྲུག་གར་ལ་རོལ། པད་མོ་བཞད་པའི་བཀྲ་ཤིས་ཤོག   མདོ་དབུས་ཁམས་གསུམ་ཕུ་ནུ་རྣམས། ཞལ་དྲོ་བདེ་ལེགས་མངོན་པར་ཤར། བསམ་དོན་ཡིད་བཞིན་ལེགས་པར་འགྲུབ།   ཚེ་རིང་ནད་མེད་ལང་ཚོ་རྒྱས།   གསེར་ཉ་ལྟ་བུའི་བཀྲ་ཤིས་ཤོག   ལོངས་སྤྱོད་ཕྱུགས་བཞིས་ས་གཞིར་ཁྱབ།   དཔལ་འབྱོར་བདེ་སྐྱིད་གླིང་ལ་ཤར།   ཀུན་སྨོན་དཔལ་བེའུའི་བཀྲ་ཤིས་ཤོག   མི་རྒྱུད་དཀར་བའི་ཆོས་ལ་དགའ། སངས་རྒྱས་བསྟན་པ་དར་ཞིང་རྒྱས།   སྨོན་ལམ་དཀར་བོའི་དཔྱིད་དཔལ་ཤར།   བུམ་བཟང་འདོད་འཇོའི་བཀྲ་ཤིས་ཤོག   ད་ལོར་སྙིགས་མའི་རྒུད་པ་རྣམས།   སེལ་བའི་སྐྱེས་ཆེན་མང་བྱུང་ནས། བོད་ཁམས་གསལ་བའི་ཉི་མ་བཞིན། ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག   བོད་ཀྱི་རྒན་དར་གཞོན་གསུམ་གྱིས། མ་རབས་བསམ་སྦྱོར་ཡོངས་དོར་ཞིང་། བཀྲ་ཤིས་དཔལ་གྱི་སྣང་བ་ཡིས།   གཡས་འཁྱིལ་དུང་དཀར་འབུད་པར་ཤོག   མི་ལ་ཚེ་རིང་ནད་ཡམས་མེད། ཕྱུགས་ལ་གོད་མེད་འཕེལ་ཞིང་རྒྱས།   ཟས་ལ་བཅུད་འཛོམས་ཟད་མཐའ་མེད། བདེ་སྐྱིད་ཤར་བའི་བཀྲ་ཤིས་ཤོག   ཀྲུང་གོའི་རྒྱལ་ཁབ་དར་བར་ཤོག མི་རིགས་མཐུན་སྒྲིལ་དམ་པར་ཤོག སྤྱི་ཚོགས་བརྟན་གནས་ཡོང་བར་ཤོག   ནང་བདེ་ཕྱི་མཐུན་ཡོང་བར་ཤོག བོད་ཁམས་ཆོས་སྲིད་དར་བར་ཤོག    རིག་གནས་འཛིན་སྐྱོང་སྤེལ་བར་ཤོག   དཔལ་འབྱོར་དབང་ཐང་རྒྱས་པར་ཤོག   བོད་འབངས་བདེ་ཞིང་སྐྱིད་པར་ཤོག   ཀི་ཀི་བསོ་བསོ། ལྷ་རྒྱལ་ལོ། ཀི་ཀི་བསོ་བསོ། ལྷ་རྒྱལ་ལོ །   ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།། །།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060