སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བད་ཀན་སྨུག་པོའི་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས་ལ་ཅུང་ཙམ་དཔྱད་པ།
སྤེལ་དུས། 2017-11-27   ཡོང་ཁུངས། དུས་དེབ།   རྩོམ་པ་པོ།  གཡུང་དྲུང་ཚེ་རིང་།
གླེང་བཞི་བཤད་པ། 
          བད་ཀན་སྨུག་པོའི་ནད་ནི་ནད་ཐོག་ལག་ལེན་ཁྲོད་དུ་ཧ་ཅང་བའི་ནད་རིགས་ཤིག་ཡིན་ལ་དེ་ཉིད་གཙོ་བོ་ཕོ་མཆིན་གྱི་ནད་ཅིག་ཡིན་ལ་དེ་ཡང་རྐྱེན་གྱིས་དབང་གིས་སྨུག་པོ་ཚ་རྐྱེན་དང་གྲང་རྐྱེན་གཉིས་སུ་བཤད་པ་ལས་དང་པོ་སྨུག་པོ་ཚ་རྐྱེན་ནི་འགྲམས་ཚད་ཀྱི་ལྷག་མ་དང་མཚོན་ཁྲག་ལུས་པ་དེ་གཉིས་མཆིན་པར་བབས་པ་འམ་ཡང་ན་ཚ་སྐྱུར་རིགས་བསྟེན་དྲགས་ནས་མཆིན་ཁྲག་རྒྱས་ནས་ཕོ་བ་ལྷུང་ནས་བད་ཀན་གྱི་ནད་འདྲེས་པ་དང་དེ་ཉིད་རྒྱུ་མ་ལ་ལྷུང་ནས་མཁྲིས་ནད་ལ་འདྲེས་པ་དང་དེ་ཉིད་ལོང་དུ་ལྷུང་ནས་ལོང་ནད་དང་འདྲེས་པ་སྟེ་སྨུག་ཡས་བབས་ཀྱི་ནད་དང་ཡང་གྲང་རྐྱེན་འཇུ་དཀའ་བ་དང་གྱོང་པོ། མ་ཚོས་པ། ཁེངས་པོ་ལ་སོགས་པ་བསྟེན་དྲགས་པས་མེ་དྲོད་རྣམ་གསུམ་གྱི་བྱེད་ལས་ཉམས་ནས་སྙིགས་མ་མ་ཞུ་བའི་ནད་མ་ཞུ་བེ་སྣབས་ཏེ་གྲང་བའི་ནད་བྱུང་བ་དང་དེ་ཉིད་དུས་ཐོག་ཏུ་མ་བཅོས་པར་རྙིང་ནས་དྭངས་སྙིགས་འདྲེས་ནས་མཆིན་པའི་རྩ་ལམ་བརྒྱུད་མཐར་དྭངས་མ་མ་ཞུ་བའི་ཚ་བའི་ནད་དུ་གྱུར་བ་དང་དེ་ཡང་དུས་ལྟར་མ་བཅོས་པར་རྙིང་ནས་མཆིན་པར་ངན་ཁྲག་རྒྱས་ནས་སླར་ཡང་ཕོ་བ་ལུད་ནས་བད་ཀན་གྱི་ནད་དང་འདྲེས་པ་དང་དེ་ཉིད་རྒྱུ་མ་ལ་ལྷུང་ནས་མཁྲིས་བ་ནད་དང་འདྲེས་བ་དང་དེ་ཉིད་ལོང་དུ་ལྷུང་བས་རླུང་དང་བསྡོངས་བ་སྟེ་སྨུག་པོ་མས་ཆགས་ཀྱི་ནད་དང་གནས་ཀྱི་དབང་གིས་སྨུག་པོ་རང་གནས་ཀྱི་དབྱེ་བ་བཞི་དང་དུས་དབང་གིས་སྨུག་པོ་ཚ་བ་དང་སྨུག་པོ་འཐབ་པ། སྨུག་པ་གྲང་བ་གསུམ་དུ་བཤད་པ་དང་སྨུག་པོ་བྱེར་བའི་ནད་ལ་ཕྱི་ནང་གཉིས་ལས་དང་པོ་ཕྱི་ཤ་པགས་ལ་བྱེར་བ་དང་རྩ་ལ་བྱེར་བ། ཚིགས་མཁར་ལ་བྱེར་བ་སྟེ་ལྔ་དང་ནང་བྱེར་ལའང་ཡར་གྱི་མགོ་ལ་བྱེར་བ་དང་གཉེན་པའི་སྲོག་རྩ་ལ་བྱེར་བ། འཁོར་རྒྱུག་ཁྲག་ལ་བྱེར་བ་གསུམ་དང་ནང་དོན་གྱི་སྙིང་ལ་བྱེར་བ་དང་གློ་བ་ལ་བྱེར་བ། མཆེར་བ་ལ་བྱེར་བ། མཁལ་མ་ལ་བྱེར་བ་བཞི་དང་སྣོད་བསམ་སེའུ་ལ་བྱེར་བ་གཅིག་བཅས་སྨུག་པོ་རྣམ་འགྱུར་བཅུ་གསུམ་དུ་བཤད་ལ། སྨུག་པོ་རིགས་ཀྱི་དབྱེ་ན་སྨུག་པོ་བྱེར་བ་དང་རྒྱས་བ། འགྱིངས་བ། འདྲིལ་བ་བཅས་བཞི་དང་དེ་ལས་སྨུག་པོ་རྒྱས་པ་ལ་བརྡོལ་མ་བརྡོལ་གཉིས་དང་འགྱིངས་ལ་གབ་མ་གབ་གཉིས། འདྲིལ་བ་ལ་གསར་རྙིང་གཉིས་སུ་དབྱེ་བ་སྟེ་སྨུག་པོ་ནད་ཀྱི་དབྱེ་བ་དབྱེ་སྟངས་མང་པོ་ཡོད་པ་དེ་དག་ཀྱང་མདོར་བསྡུས་ནས་བཤད་ན་རྒྱུ་ཡི་དབང་གིས་སྨུག་པོ་བད་ཀན་བད་ཀན་དང་བསྡོངས་པ་དང་མཁྲིས་པ་དང་བསྡོངས་པ། ཁྲག་དང་བསྡོངས་བ། རླུང་དང་བསྡོངས་བ་སྟེ་རྒྱུ་ཡི་སྒོ་ནས་བཞི་དང་རྐྱེན་གྱིས་དབང་གིས་ཚ་རྐྱེན་དང་གྲང་རྐྱེན་གཉིས་གཉིས་སུ་དབྱེ་བ་དང་དེ་ཉིད་གནས་ས་ནི་ཕོ་བ་དང་མཆིན་པ། རྒྱུ་མ། ལོང་བཞི་ཡིན་པས་ཕོ་ནད་དང་མཆིན་ནད། རྒྱུ་ནད། ལོང་ནད་སོགས་ལ་ཧ་ཅང་འཁྲུལ་ཆེ་བ་དང་ཁྱད་པར་དུ་སྲོག་རྩ་ནི་སྨུག་པོའི་ནད་ཀྱི་རྫོང་ལྟ་བུ་ཡིན་པས་རྩ་དཀར་གྱི་ནད་དང་འཁྲུལ་ཉེན་ཞིང་ཁྲག་ནི་སྨུག་པོའི་ནད་ཀྱི་རྟ་ལྟ་བུ་ཡིན་ཕྱིར་ཁྲག་ནད་ལ་འཁྲུལ་ཉེན་ཆེ་བ་དང་ཚིགས་པ་ནི་སྨུག་པོ་ནད་ཀྱི་མཁར་ལྟ་བུ་ཡིན་ཕྱིར་དྲེག་གྲུམ་གྱི་ནད་དང་ནོར་ཉེན་ཆེ་བ་དང་ཡར་ལ་མགོ་ལ་བྱེར་ན་མགོ་ནད་དང་དོན་སྣོད་ལ་བྱེར་ན་དོན་སྣོད་ཀྱི་ནད་རྟགས་དང་འཁྲུལ་ཉེན་ཆེ་བ་དང་། ཁོང་ནད་ཕལ་ཆེལ་བ་བད་ཀན་སྨུག་པོའི་རྒྱུ་ཡིས་སྐྱེད་པ་ཡིན་ཕྱིར་སྨན་པ་གསོ་དཔྱད་ཀྱི་གནས་ལ་མི་མཁས་པ་རྣམས་ཀྱི་དུག་ནད་ལ་ངོས་འཛིན་པ་འང་མང་པོ་ཡོད་ལ་ཡང་ལ་ལས་ཚ་བ་བའི་ནད་དུ་འདོད་པ་དང་ལ་ལས་གྲང་བའི་ནད་ལ་འདོད་པ་པ་དང་ཡང་ལ་ལས་ས་བདག་གདོན་ནད་དུ་ངོས་འཛིན་པ་འང་ཡོད། དེ་ཕྱིར་བད་ཀན་སྨུག་པོ་ལ་ནམ་བྱ་ར་སྒྲིམ་དགོས་པ་ཞིག་རེད། སྤྱིར་བཤད་ན་བད་ཀན་སྨུག་པོ་ནི་འདུས་པའི་ནད་ཅིག་ཡིན་པས་གཉེན་པོ་ཡང་བསིལ་དྲོད་སྙོམ་པོར་བསྟེན་དགོས་པ་དང་ས་དང་འདྲ་བར་གཉེན་པོ་སྨན་གྱི་ཁ་རུ་ལྕི་བ་དང་ནད་གནས་གཅིག་ཏུ་མི་འདུག་པར་ཡར་མར་སྣུར་ནས་འགྲོ་བ་སོགས་ཀྱི་རྐྱེན་གྱིས་སྨན་ལན་རེ་ལ་བསྟེན་པ་ཙམ་གྱིས་ཞི་བར་མི་འགྱུར་བར་ཡང་དང་བསྐྱར་དུ་ཞིབ་གཤེར་དང་སྨན་བཅོས་བྱ་རྒྱུ་ཧ་ཅང་གལ་ཆེ་བ་དང་ལུས་ཟུངས་མ་གསོས་བར་སྨན་དཔྱད་བསྟུད་དྲགས་ན་གསེར་ལ་གཡའ་ཆགས་པ་རྡོ་ལ་བརྡར་ན་གསེར་གཡའ་གཉིས་དུས་གཅིག་ཏུ་ཟད་པ་ལྟར་ནད་ཟད་པ་དང་ལྷན་ཅིག་ཏུ་ལུས་ཟུངས་ཀྱང་ཟད་འགྲོ་ཕྱིར་ནད་སྟོབས་ཅུང་ཟད་མར་བྲི་པ་ཆབས་ཅིག་ཏུ་གསར་བཅུད་ཟས་གྱིས་ལུས་ཟུངས་གསོ་ཞོར་སྨན་བཅོས་བྱེད་དགོས་པ་དང་ཐ་མ་ནད་དེ་སླར་མི་བཟློག་བར་ཞི་རྗེས་གཅོད་ཐབས་ལ་བཤལ་སྨན་གཏོང་བ་དང་ཕྱེ་མ་རིགས་ཀྱི་སྨན་གྱིས་སྦྱོང་གཏོང་བ་དང་། སྲོག་རྩ་ཕོ་ལོང་མཆིན་གསང་ལ་སོགས་པ་མེ་ཡིས་གདམས་དགོས་པ་དང་ཟས་རུལ་སྐྱུར་དང་ཁ་ཚའི་རིགས་དང་འཇུ་དཀའ་བ་ལ་སོགས་པ་ལོ་ཟླའི་བར་དུ་གཟབ་པར་བྱས་ན་སྨུག་པོ་སངས་དྲགས་ཡོང་བ་སྨན་རྒྱལ་གཡུ་ཐོག་མགོན་པོས་གསུངས་ཡོད། དེ་ལྟ་བུའི་བད་ཀན་སྨུག་པོའི་ནད་འདི་ལ་རྒྱུ་ཡི་དབྱེ་བ་དང་རྐྱེན་གྱིས་དབྱེ་བ། དུས་ཀྱི་དབྱེ་བ། གནས་ཀྱི་དབྱེ་བ། རིགས་ཀྱི་དབྱེ་བ་ལ་ལ་སོགས་པ་མང་པོ་ཡོད་པས་ན་སྨན་སྣ་གཅིག་བསྟེན་པ་ཙམ་གྱིས་དྲགས་ཏུ་མི་འགྲོ་བ་དང་ལྷག་པར་དུ་ནད་བད་ཀན་ཁྲག་མཁྲིས་རླུང་ལ་སོགས་པ་འདུས་ནས་ཡོད་ཕྱིར་ནད་གཞི་འགྱུར་སླ་ཞིང་གནད་ཐོག་ཏུ་འཁེལ་དཀའ་བས་འདིར་སྨུག་པོ་ནད་ཅེས་ཆེད་དུ་དགར་ནས་དཔྱད་པ་བགྱི་བ་གཤམ་གསལ་ལྟར་རོ། ། 
          དང་པོ།  སྨུག་པོ་ནད་ཀྱི་གོ་དོན་བཤད་པ། 
          དེ་ཡང་རང་རེའི་བོད་ལུགས་གསོ་བ་རིག་པ་ལས་འདུས་པའི་ནད་ལ་རང་བཞིན་རྒྱུ་ཡི་སྒོ་ནས་འདུས་པ་དང་བྱུང་ཚུལ་དུས་ཀྱི་སྒོ་ནས་འདུས་པ། འདུ་བ་འཁྲུགས་པའི་སྒོ་ནས་འདུས་བ་སྟེ་འདུས་ནད་ལ་དབྱེ་བ་གསུམ་དུ་བཤད་ཡོད་ལ། གཉིས་པ་ནི་མ་སྨིན་ཚ་བ་དང་གསུམ་པ་ནི་དུག་ནད་དང་དང་པོ་ནི་བད་ཀན་སྨུག་པོ་ཡིན་ལ་བད་ཀན་སྨུག་པོ་ནི་རང་བཞིན་རྒྱུ་ཡི་སྒོ་ནས་བསྟན་པའི་འདུས་ནད་ཀྱི་ཁོངས་སུ་གཏོགས་པ་དང་དེ་ཡང་བད་ཀན་སྨུག་པོ་ལ་རྒྱུ་བད་ཀན་དང་མཁྲིས་པ། རླུང་། ཁྲག་བཞི་བོ་འདུས་ནས་ཡོད་ལ། དེ་ལ་སྨུག་པོ་ནད་ཅེས་འདོགས་དགོས་དོན་ནི་སྨུག་པོ་ལ་བད་ཀན་གྱི་རང་མདོག་དཀར་བ་དང་མཁྲིས་བའི་རང་མདོག་སེར་བ། རླུང་གི་རང་མདོག་སྔོ་བ་དང་ཁྲག་གི་རང་མདོག་དམར་བ་སྟེ་དཀར་སེར་སྔོ་དམར་གྱི་མདོག་ཡོངས་སུ་ཚང་བ་འམ་དེ་དག་འདྲེས་ནས་ཡོད་ཕྱིར་སྨུག་པོ་ཞེས་རང་མདོག་ལ་བལྟོས་བཞག་པ་ཡིན་ནོ། ། 
          གཉིས་པ།  སྨུག་པོ་ནད་ཀྱི་རྒྱུ་བཤད་པ། 
          རང་རེའི་བོད་ལུགས་གསོ་རིག་ལས་ནད་རིགས་མི་གཅིག་པ་རེ་ལ་རྒྱུ་རེ་ཡོད་པ་ཡིན་ལ་དེ་ཡང་སྨུག་པོ་ནད་ཀྱི་རྒྱུ་ནི་བད་ཀན་དང་ཁྲག་དང་མཁྲིས་བ། རླུང་བཅས་བཞི་བོ་ཡིན་ལ་རྒྱུད་ལས་རྒྱུ་ནི་བད་ཀན་ཁྲག་མཁྲིས་རླུང་དང་བཞི། ། ནད་ཀུན་འདུས་ཕྱིར་འདུས་ནད་རྟགས་བཅོས་དཀའ། ། ཞེས་གསུངས་ཡོད་དོ། ། 
          གསུམ་པ།  སྨུག་པོ་ནད་ཀྱི་རྐྱེན་བཤད་པ། 
          དེ་ཡང་གསོ་རིག་རྒྱུད་བཞི་ལས་དེ་ལ་སྐྱེད་པའི་རྐྱེན་ནི་ཚ་གྲང་གཉིས། ། ཞེས་གསུང་བ་ལྟར་སྨུག་པོ་ནད་ཀྱི་རྐྱེན་གྱི་དབྱེ་བ་ལ་ཚ་རྐྱེན་དང་གྲང་རྐྱེན་གཉིས་སུ་བཤད་པ་ལས་ཚ་རྐྱེན་ནི་འགྲམས་ཚད་ཀྱི་ལྷག་མ་དང་མཚོན་ཁྲག་ལུས་པ་དེ་གཉིས་མཆིན་པའི་སྟེང་དུ་ལྷུང་པའམ་ཡང་ན་ཚ་སྐྱུར་ཀྱི་ཟས་བསྟེན་དྲགས་ནས་ངན་ཁྲག་རྒྱས་པ་དེ་དག་ཟུངས་སུ་འགྱུར་མ་འདོད་པར་མཆིན་པའི་གནས་སུ་མ་སྡད་པར་ཕོ་བ་བབས་པས་བད་ཀན་གྱི་ནད་དང་འདྲེས་མཐར་ཁྲག་བད་ཀན་རུལ་ནས་རྒྱུ་མ་ལ་ལྷུང་ནས་མཁྲིས་པ་དང་འདྲེས་པའི་ཁ་དོག་དུད་ཁུར་འགྱུར་བ་དང་དེ་ཉིད་ལོང་གི་གནས་སུ་འཕྱུགས་པས་རླུང་ནད་དང་བསྡོངས་པ་ལ་གསོ་རིག་གི་གཞུང་དུ་སྨུག་པོ་ཡས་བབས་ཞེས་སུ་བརྗོད་པ་དང་གྲང་རྐྱེན་ནི་འཇུ་དཀའ་བ་དང་མི་འཕྲོད་པའི་ཟས་རིགས་བསྟེན་པས་ཕོ་བ་ལ་མ་ཞུ་ནད་བྱུང་བ་དང་དེ་ཡིས་བེ་སྣབས་མང་དུ་འཕེལ་ནས་མེ་ཉམས་རླུང་དང་འཇུ་བྱེད་ཀྱི་མཐུ་ཉམས་པས་དྭངས་སྙིགས་ཀྱི་དབྱེ་བ་མ་ཕྱེད་པར་མཆིན་པའི་གནས་སུ་ཤོར་ནས་ཟུངས་སུ་མ་གྱུར་བར་ཁྲག་ངན་མཆིན་པ་ལ་རྒྱས་པ་དང་དེ་ཡི་ཁ་ལུད་གོང་ལྟར་ཕོ་རྒྱུ་ལོང་གསུམ་དུ་ལྷུང་བ་དེ་མ་ཞུ་བའི་རྒྱུ་བྱས་པའི་བད་ཀན་གྲང་ཤས་ཆེ་བ་སྟེ་སྨུག་པོ་གབ་ཡོད་པའི་ཕྱིར་ཝ་ལྟར་གཞའ་བར་བྱེད་པ་སྟེ་གཉེན་པོ་ནད་སྟེང་དུ་འགྲོ་དཀའ་བ་ཡིན། དེ་ལ་གསོ་རིག་གི་གཞུང་དུ་སྨུག་པོ་མས་ཆགས་ཞེས་ཟེར་བ་དང་སྨུག་པོ་ནད་བསྡུས་ན་མཆིན་ནད་ཕོ་བར་ལྷུང་བ་དང་ཕོ་ནད་མཆིན་པ་ལ་ཤོར་ནས་སླར་ཁ་ལུད་ཕོ་བ་བབས་པ་འདི་གཉིས་ཡིན་ལ་སྨན་བཅོས་བྱེད་དུས་ཀྱང་ཚ་གྲང་གི་རྐྱེན་འདི་གཉིས་ལ་དཔག་ནས་གཉེན་སྨན་པོ་ཡང་བསིལ་དྲོད་གཉིས་སུ་གཙོ་བོར་བཟུང་རྒྱུ་དེ་ཤིན་ཏུ་གལ་ཆེ་ལ་ཧ་ཅང་གནད་འགག་ཅིག་ཀྱང་ཡིན་པར་འདོད། དེ་ལྟར་མ་བྱས་པར་སྨུག་པོ་ཚ་རྐྱེན་ལྟ་བུར་ལ་གཉེན་པོ་སྨན་ཡང་དྲོད་བ་བསྟེན་ཚེ་ནད་པའི་སྐྱོབ་པ་ཕར་ཞོག་ཐ་ན་སྲོག་གཅོད་པའི་གཤེད་མར་འགྱུར་བའང་གདོན་མི་ཟ། དེ་བས་སྨུག་པོ་ནད་ཀྱི་རྐྱེན་གཉིས་རྟོགས་རྒྱུ་ནི་ཤིན་ཏུ་གལ་ཆེའོ། ། 
          བཞི་བ།  སྨུག་པོ་ནད་ཀྱི་གནས་ཀྱི་དབྱེ་བ་བཤད་པ། 
          དེ་ཡང་རང་རེའི་གསོ་རིག་ལས་ནད་དབྱེ་བ་ཀྱི་དབྱེ་བ་ལ་གཙོ་བོར་རིགས་དང་གནས་གཉིས་སུ་བཤད་པ་དང་དེ་ལས་དང་པོ་རིགས་ཅེས་པ་ནི་རླུང་ནད་གསོ་བའི་སྐབས་སུ་རིགས་ནི་གཞན་རྒྱུད་ལོག་པའི་ལས་ཞུགས་པ། ། ཞེས་བཤད་ཡོད་པ་དང་གནས་ནི་རླུང་ནད་གསོ་བའི་སྐབས་སུ་གནས་ནི་རང་རྒྱུད་གནོད་བྱ་ལ་ཞུགས་པ། ། ཞེས་གསུངས་བ་ལྟར་ནད་གཞི་རླུང་མཁྲིས་བད་གསུམ་ལ་སོགས་པ་ལ་རང་རང་གི་སྡོད་སའི་གནས་ཅིག་ཡོད་ལ་དེ་དག་རང་རང་གི་སྡོད་སའི་གནས་ལས་མ་སྡད་པར་གཞན་གྱི་སྡོད་གནས་སུ་ཕྱིན་ནས་ཉེས་པ་ཕན་ཚུན་འཐབ་པ་སྟེ་རྩ་རྒྱུད་ལས་རླུང་ནི་དཔྱིད་རྐེད་ལ་བརྟེན་སྨད་ན་གནས། ། མཁྲིས་པ་མཆིན་མཁྲིས་ལ་བརྟེན་བར་ན། ། བད་ཀན་ཀླད་པ་ལ་བརྟེན་སྟོད་ལ་གནས། ། ཞེས་རླུང་མཁྲིས་བད་ཀན་གསུམ་པོའི་རང་རང་གི་ཐ་མལ་གནས་ས་བཤད་ཡོད་ལ་འཕེལ་འགྲུབ་ནད་ལས་དེ་ལྟར་ཞུགས་ནས་གང་དུ་བརྟེན་པའི་གནས། ། རུས་པའི་མིག་དང་རེག་བྱ་རྣ་བ་རླུང་། ། མཁྲིས་གནས་ལྟེ་བ་ཕོ་བ་ཁྲག་དང་རྔུལ། ། བད་ཀན་བྲང་དང་མགུལ་བ་གློ་མགོ། ། ཞེས་དང་རླུང་ནད་གསོ་བའི་སྐབས་སུ་པགས་གྲམ་ཤ་རྒྱས་པ་དང་རུས་ལ་ཞེན་དང་དོན་བབས་སྣོད་དུ་ལྷུང་། ། ཞེས་རླུང་མཁྲིས་བད་གསུམ་གྱི་ཐ་མལ་གནས་དང་རྣམ་འགྱུར་གྱི་འབྱུང་ས་སོགས་གསལ་བོར་གསུངས་ནས་རླུང་ནད་ལ་གནས་ཀྱི་གནས་ཀྱི་དབྱེ་བ་ཉེར་བརྒྱད་དང་མཁྲིས་ནད་ལ་བཅུ་དགུ། བད་ཀན་ལ་ཉི་ཤུ་སོགས་བཤད་ཡོད་པ་རེད། 
          དེ་གསུམ་རང་རང་གི་གནས་ནས་མ་སྡད་པར་གཞན་བད་ཀན་གྱི་གནས་སུ་ཕྱིན་པའམ་ཡང་ན་རླུང་དང་མཁྲིས་པའི་གནས་སུ་ཞུགས་པ་སྟེ་ཉེས་པ་རྣམས་ཕན་ཚུན་འཐབ་པ་འམ་ཡང་ན་ཕན་ཚུན་འཁྲིགས་ཏེ་རླུང་གནས་མཁྲིས་པས་བླངས། མཁྲིས་གནས་བད་ཀན་གྱིས་འཕྲོག་པ་དང་མཁྲིས་བས་བད་ཀན་དང་རླུང་གཉིས་ཀྱི་གནས་འཕྲོག་པའམ་བད་ཀན་ནད་གྱིས་རླུང་དང་མཁྲིས་བ་གཉིས་ཀྱི་གནས་ས་འཕྲོག་ནས་རླུང་མཁྲིས་བད་གསུམ་པོ་ཕན་ཚུན་འཐབ་ནས་ཉེས་པ་རྣམས་གསུམ་པོ་ལས་རེ་འགའ་ཟད་རེ་འགའ་འཕེལ། རེ་འགའ་འཁྲུག་པར་གྱུར་ནས་དེ་དག་རང་རང་ལ་རྒྱུན་ལྡན་གྱི་བྱེད་ལས་ཞིག་ཡོད་པ་དེ་ཉེས་པ་གཞན་གྱིས་བླངས་ནས་བྱེད་ལས་ལོག་པའི་ལས་བྱས་པ་ལ་གཞན་རྒྱུད་ཅེས་བརྗོད་པ་དང་རང་རྒྱུད་ཅེས་པ་ནི་རླུང་མཁྲིས་བད་གསུམ་པོའི་རང་རང་གི་གནས་སུ་ཉེས་པ་གཞན་མ་ཞུགས་པར་ཉེས་པ་རིགས་མཚུངས་བ་གཅིག་ནང་ཕན་ཚུན་ལ་འཐབ་ནས་ཉེས་པ་རང་རང་གི་བྱེད་ལས་ལོག་པའི་ལས་བྱས་པ་སྟེ་ཉེས་པའི་ནད་རྐྱང་བ་ལ་ཟེར་པ་དང་གནས་ཞེས་པ་ནི་རྒྱུད་བཞི་ཡི་ཉེས་གསུམ་གསོ་སྐབས་སུ་གནས་ནི་རང་རྒྱུད་ལ་གནོད་ལ་ཞུགས་པ། ། ཞེས་གསུང་བ་ལྟར་ནད་རླུང་མཁྲིས་བད་གསུམ་པོ་རང་རང་གི་གནས་ལ་ཉེས་པ་གཞན་མ་ཞུགས་པར་ཉེས་པ་རིགས་མཚུངས་བ་གཅིག་གམ་ཉེས་པ་རྐྱང་བ་གཅིག་ཁོ་ན་ནང་ཕན་ཚུན་འཁྲིགས་ཏེ་རང་རང་གི་བྱེད་ལས་ལོག་པའི་ལས་བྱས་པ་སྟེ་དཔེར་ན་རླུང་ནི་དཔྱི་རྐེད་ལ་བརྟེན་ནས་གཙོ་བོར་ལུས་སྨད་ལ་གནས་པ་དང་དེ་ཡིས་ལས་དབུགས་འབྱུན་རྔུབ་དང་ལུས་ཀྱི་འགུལ་སྐྱོད། མིག་འབྱེད་འཛུམ། སྙིང་འཕར་ལྡིང་། ཟས་མིད་པ་ལ་སོགས་པའི་རྒྱུན་ལྡན་གྱི་ལས་བྱེད་ཞིག་བྱེད་བཞིན་ཡོད་པ་དེར་རྐྱེན་དབང་གིས་ནད་འགྱུར་བྱུང་ནས་དེའི་བྱེད་ལས་ཚུལ་བཞིན་དུ་ཐོན་མ་ཐུབ་པར་ལུས་དང་སྙིང་མིག་ལ་སོགས་པའི་བྱེད་ལས་ལ་བཀག་འགོག་བྱེད་པ་ལྟ་བུ་ལ་ཟེར་བ་དང་གཞན་རྒྱུད་ལོག་པའི་ལས་བྱེད་པ་ཟེར་པ་ནི་ཉེས་པ་རྐྱང་བ་ཞིག་ཉེས་པ་གཞན་གྱི་གནས་སུ་སོང་ནས་དེ་གོ་གནས་འཕྲོག་པའམ་ཡང་ཉེས་རྐྱང་བ་ཞིག་གིས་ཉེས་པ་གཞན་དག་གི་གནས་བླངས་པ་འམ་ཕན་ཚུན་འཁྲུག་པ་སྟེ་དཔེར་ན་རླུང་ནད་དེ་བད་མཁྲིས་གཉིས་ཀྱི་གནས་སུ་ཞུགས་ནས་མཁྲིས་པ་དང་བད་ཀན་གཉིས་ཀྱི་བྱེད་ལས་ལ་བཀག་འགོག་བྱེད་པའམ་ཡང་ན་དེ་དག་གསུམ་པོར་ཕན་ཚུན་འཁྲུགས་ནས་རང་རང་གི་བྱེད་ལས་ལོག་པའི་ལས་བྱས་པ་རླུང་ནད་བརླ་རེངས་ལྟ་བུ་ལ་ཟེར་བ་དང་དེ་གཉིས་ཀྱི་ཁྱད་པར་ནི་རང་རྒྱུད་ཅན་ནི་ཉེས་པ་གཅིག་ནང་ཕན་ཚུན་འཐབ་པ་དང་གཞན་རྒྱུད་ཅན་ནི་ཉེས་པ་གཉིས་སམ་ཡང་ན་གསུམ་འཐབ་པ་ཟེར་བ་དང་ཉེས་པ་གཅིག་ནང་ཕན་ཚུན་འཐབ་པ་ཞེས་པ་ནི་རླུང་ཕན་ཚུན་ནང་འཐབ་བྱས་པ་དང་མཁྲིས་པ་ཕན་ཚུན་ནང་འཐབ་བྱས་པ། བད་ཀན་ཕན་ཚུན་ནང་འཐབ་བྱས་པ་སྟེ་དཔེར་ན་རླུང་ནད་གནས་ཀྱི་གནས་ཀྱི་དབྱེ་བ་ཉེར་བརྒྱད་དང་མཁྲིས་ནད་གནས་ཀྱི་དབྱེ་བ་བཅུ་དགུ། བད་ཀན་གནས་ཀྱི་དབྱེ་བ་ཉི་ཤུ་ལྟ་བུ་སྟེ་རྐྱང་བའི་ནད་ལ་ཟེར་བ་དང་ཉེས་པ་གཉིས་སམ་གསུམ་འཐབ་པ་ཞེས་པ་ནི་རླུང་དང་མཁྲིས་པ་འཐབ་པའམ་ཡང་ན་བད་ཀན་དང་མཁྲིས་པ་གཉིས་འཐབ་པ་ཡང་ན་རླུང་མཁྲིས་བད་གསུམ་པོ་ཕན་ཚུན་འཐབ་རེས་བྱེད་པ་ལྟ་བུའི་རྐྱང་བའི་ནད་མ་ཡིན་པར་ལྡན་པའམ་འདུས་བའི་ནད་ཡོད་ཚད་ལ་ཟེར་བ་ཡིན་ཏེ་ཚ་བ་གསོ་བའི་སྐབས་སུ་རང་རྒྱུད་རྐྱང་བའི་ནད་རྣམས་རང་རྟགས་སྟོན། ། གཞན་རྒྱུད་ལྡན་ཚད་འདུས་འདྲེས་ལས་ཤེས། ། ཞེས་གསུང་ཡོད་ལ། དེ་བཞིན་དུ་སྨུག་པོ་གནས་ཀྱི་དབྱེ་བ་ལ་རང་གནས་དང་གཞན་གནས་གཉིས་སུ་བཤད་པ་ལས་དང་པོ་སྨུག་པོ་རང་གནས་ཀྱི་དབྱེ་བ་ལ་ཕོ་མཆིན་རྒྱུ་ལོང་བཞི་རུ་བཤད་པ་དང་ཕོ་མཆིན་རྒྱུ་ལོང་བཞི་པོ་སྨུག་པོ་རང་གནས་འཇོག་དགོས་དོན་ནི་བད་ཀན་སྨུག་པོ་ཐོག་མ་འབྱུང་ས་ནི་ཕོ་བ་དང་མཆིན་པ། རྒྱུ་མ། ལོང་ག་བཞི་བོའི་གནས་རུང་ཡིན་ཕྱིར་ཕོ་མཆིན་རྒྱུ་ལོང་བཞི་ལ་སྨུག་པོ་རང་གནས་བཞི་འམ་ཡང་ན་ཡང་པོ་སྨུག་པོ་རྐྱང་བ་བཞི་ཡང་ཟེར། སྨུག་པོ་རྐྱང་བའི་དེ་ཉིད་རང་གནས་ཕོ་མཆིན་རྒྱུ་ལོང་བཞི་བོའི་གང་རུང་ལས་གཞན་མགོ་སྙིང་གློ་མཆེར་མཁལ་ལྔ་དང་བསམ་སེའུ་ཤ་པགས་རྩ་ཚིགས་མཁར་ལ་སོགས་པ་ལ་བྱེར་བ་ལ་སྨུག་པོ་གཞན་གནས་ཞེས་བཤད་ལ་ཡང་སྐབས་ལ་ལར་འདི་ལ་སྨུག་པོ་རྣམ་འགྱུར་བཅུ་གསུམ་ཡང་ཟེར་བ་ཡིན་ལ་འདིའི་སྐབས་སུ་སྨུག་པོ་རྐྱང་མ་ཡིན་པར་གནས་གང་ལ་བྱེར་ན་དེའི་ནད་ཀྱང་བྱུང་ཡོད་པ་རེད། སྨུག་པོ་རང་གནས་གཞན་གནས་གང་ཡིན་ཡང་སྨུག་པོ་གནོད་བྱ་ལ་ཞུགས་པས་སྨུག་པོ་གནས་ཀྱི་དབྱེ་བ་ཡིན་པ་ཤེས་པར་བྱའོ། ། 
          ལྔ་བ།  སྨུག་པོ་ནད་ཀྱི་དུས་ཀྱི་དབྱེ་བ་བཤད་པ། 
          སྨུག་པོ་ནད་ལ་རྒྱུ་ཡི་དབྱེ་བ་དང་རྐྱེན་གྱིས་དབྱེ་བ། རིགས་ཀྱི་དབྱེ་བ། གནས་ཀྱི་དབྱེ་བ་སོགས་མང་པོ་ཡོད་པ་ལས་རྒྱུ་རྐྱེན་གཉིས་ཀྱི་དབྱེ་བ་གོང་དུ་ཅུང་ཙམ་བཤད་ཟིན་ནས་ད་ནི་སྨུག་པོ་ནད་ཀྱི་དུས་ཀྱི་དབྱེ་བ་བཤད་པར་བྱའོ། ། 
          དེ་ཡང་སྨུག་པོ་ནད་ཀྱི་དུས་ཀྱི་དབྱེ་ལ་རྒྱུད་བཞི་ཡི་བད་ཀན་སྨུག་པོའི་སྐབས་སུ་སྨུག་པོ་དུས་གསུམ་དང་པོ་ཚ་བའི་དུས། ། བར་དུ་ཚ་གྲང་འཐབ་པའི་དུས་ཡིན་ཏེ། ། ཐ་མ་གྲང་བ་ལྷིང་ཆད་པ་གསུམ། ། ཞེས་གསུང་ལྟར་བད་ཀན་སྨུག་པོ་ནད་ཀྱི་དུས་ཀྱི་དབྱེ་བ་ལ་ཐོག་ཐ་བར་གསུམ་དུ་ཕྱེ་བ་དང་དང་པོ་སྨུག་པོ་ཚ་བའི་དུས་དང་བར་དུ་ཚ་གྲང་འཐབ་པའི་དུས། ཐ་མ་གྲང་ལྷིང་ཆད་པའི་དུས་བཅས་གསུམ་དུ་བཤད་པ་ལས་དང་པོ་སྨུག་པོ་ཚ་དུས་ནི་ཁྲག་མཁྲིས་ཚ་བ་རྒྱས་པའི་སྐབས་ལ་ཟེར་དང་བར་དུ་ཚ་གྲང་འཐབ་པ་ནི་ཁྲག་མཁྲིས་ཚ་བའི་མགོ་བད་རླུང་གྲང་བས་གཡོགས་ནས་ཚ་གྲང་གཉིས་ཀ་འཐབ་པའི་དུས་ལ་ཟེར་བ་དང་གྲང་བ་ལྷིང་ཆད་པའི་དུས་ནི་ཁྲག་མཁྲིས་ཚ་བའི་སྟོབས་དེ་བད་རླུང་གྲང་བས་ཡོངས་སུ་འཕྲོག་ནས་སྨུག་པོ་གྲང་བ་གྱུར་བའི་ནད་ལ་ཟེར་བ་ཡིན་ལ་བད་ཀན་སྨུག་པོ་ཐོག་མའི་སྐབས་སུ་ཚ་བའི་ནད་སྟོབས་ཤས་ཆེ་བ་དང་བར་དུ་ཚ་གྲང་འཐབ་པའི་སྐབས་སུ་ཚ་གྲང་གཉིས་ཀའི་ནད་སྟོབས་ཆ་མཚུངས་བ་ཡིན་ལ་ཐ་མ་གྲང་ལྷིང་ཆད་པའི་སྐབས་སུ་ཚ་བའི་ནད་སྟོབས་དེ་བད་རླུང་གྲང་བས་ཡོངས་སུ་བླངས་ནས་ནད་གཞི་གྲང་བ་གྱུར་ཡིན་ལ། དེ་ཡང་སྨུག་པོ་ནད་དེ་མཆིན་པ་ལ་གནས་པའི་སྐབས་སུ་སྨུག་པོ་ཚ་དང་ཕོ་བར་གནས་པའི་སྐབས་སུ་གྲང་བ་དང་རྒྱུ་མར་གནས་པའི་སྐབས་སུ་འཐབ་པ། ལོང་དུ་གནས་པའི་སྐབས་སུ་གྲང་བ་ལྷང་ཆད་པའི་དུས་ཞེས་བཤད་ན་ཕལ་ཆེར་འགྲིག་པར་སྙམ་ཡང་དཔྱད་པར་བྱའོ། ། 
          དེ་ལྟར་སྨུག་པོ་ལ་དུས་གསུམ་དུ་དབྱེ་ནས་ཚ་བའི་སྐབས་ལ་སྨན་དཔྱད་ཀྱང་ཚ་བཅོས་གཙོ་བོར་འཛིན་དགོས་པ་དང་བར་དུ་ཚ་གྲང་འཐབ་བ་པའི་སྐབས་སུ་སྨན་དཔྱད་ཀྱང་ཚ་གྲང་སྤེལ་མ་ཡི་བཅོས་གཙོ་འཛིན་དགོས་པ་དང་། གྲང་བ་ལྷིང་ཆད་ཀྱི་དུས་སུ་སྨན་དཔྱད་ཀྱང་གྲང་བཅོས་གཙོ་བོར་འཛིན་པ་ལས་སྨུག་པོ་ནད་གཞི་ཡོད་ཚད་ལ་གྲུབ་རིལ་དང་བཙོ་ཟླ། ཟླ་ཤེལ་ཆེན་མོ་ལ་སོགས་པ་བསྟེན་ན་ནི་ཕན་མི་ཐོག་ལ། ཚ་བ་ལ་ཚ་བཅོས་དང་གྲང་བ་ལ་གྲང་བཅོས་དང་འཐབ་པ་ལ་གཉིས་ཀར་གཙུགས་ཆེན་དུ་འཛིན་རྒྱུ་དེ་ཧ་ཅང་གལ་ཆེ་བར་འདོད་ལ། དེང་སང་དུས་དབང་གིས་ཟས་རིགས་འདྲ་མིན་སྣ་ཚོགས་ཤིག་སྤྱི་ཚོགས་ཀྱི་ཁྲོམ་རའི་ཁྲོད་ག་སར་གང་དུ་ཡོད་པས་མི་རྣམས་ཀྱི་ཟས་རིགས་དེ་དག་གི་ཕན་གནོད་སོགས་མ་རྟོགས་པར་ཟ་རྐྱང་བྱས་པས་ཕོ་མཆིན་གྱི་ན་ཚ་འབྱུང་བ་ཅུང་མང་ཞིང་ཁྱད་པར་དུ་རྫས་འགྱུར་གྱིས་བཟོས་པའི་བསྙལ་ཟས་ཡི་རིགས་དང་སྐོམ་ཆུ་སྣ་མང་ཁྲོམ་རའི་ག་སར་གང་དུ་ཡོད་པ་དེ་དག་ཟ་འཐུང་དྲགས་པའི་རྐྱེན་གྱིས་སྨུག་པོའི་ན་ཚ་འབྱུང་བ་ཧ་ཅང་མང་བ་རེད། དེ་བས་སྨན་པ་དག་གིས་སྨུག་པོའི་དུས་དབྱེ་བ་དང་ཁྱད་པར་དུ་ཚ་གྲང་གི་རྐྱེན་གཉིས་པོ་སླད་མེད་པར་རྟོགས་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། སྨུག་པོ་རྣམ་འགྱུར་གྱི་ནད་དང་སྨུག་པོ་རིགས་གནས་ཀྱི་དབྱེ་བ་སོགས་ཞིབ་ཕྲ་མ་ཤེས་ན་སྨུག་པོར་སྨན་དཔྱད་ཀྱིས་བཅོས་ཀྱང་ཕན་བསྐྱེད་དཀའ་ཕྱིར་ཡང་དང་བསྐྱར་དུ་གཞུང་ལ་ལྟ་བ་དང་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་སོགས་ལ་ཞིབ་ཏུ་མ་གཟིགས་ན་ནད་བཅོས་མི་ཤེས་པས་འདིར་ཡང་བསྐྱར་གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་བཤད་པ་ཡིན། ། 
          དྲུག་པ།  སྨུག་པོ་ནད་ཀྱི་རིགས་ཀྱི་དབྱེ་བ་བཤད་པ། 
          སྨུག་པོ་རྒྱུ་ཡི་དབྱེ་བ་དང་རྐྱེན་གྱིས་དབྱེ་བ། གནས་ཀྱི་དབྱེ་བ་ལ་སོགས་པ་རེ་ཞིག་བསྡུས་ནས་བཤད་ཟིན་ནས་ད་ནི་སྐབས་བབས་ཀྱི་རིགས་ཀྱི་དབྱེ་བ་བཤད་པར་སྟེ་རྒྱུད་ལས་རིགས་དབྱེ་ན་བྱེར་རྒྱས་འགྱིང་འདྲིལ་བཞི། ། ཞེས་གསུངས་བ་ལྟར་བད་ཀན་སྨུག་པོ་ནད་ཀྱི་རིགས་ཀྱི་དབྱེ་ལ་སྨུག་པོ་བྱེར་པའི་ནད་དང་སྨུག་པོ་རྒྱས་པའི་ནད། སྨུག་པོ་འགྱིངས་པའི་ནད། སྨུག་པོ་འདྲིལ་བའི་ནད་བཅས་མི་འདྲ་བ་ཁག་བཞི་རུ་བཤད་ཡོད་པ་ལས་དང་བོ་བྱེར་བ་ལའང་ཕྱི་ཤ་པགས་ལ་བྱེར་བ་དང་ནང་དོན་སྣོད་དང་རྩ་ཚིགས་ལ་བྱེར་བ་གཉིས་སུ་བཤད་པ་དང་གཉིས་པ་རྒྱས་པ་ལའང་བརྡོལ་མ་བརྡོལ་གཉིས་སུ་བཤད་ཡོད། གསུམ་པ་སྨུག་པོ་འགྱིངས་པའི་ནད་དེ་ལ་འང་གབ་མ་གབ་གཉིས་སུ་བཤད་ཡོད། བཞི་བ་སྨུག་པོ་འདྲིལ་བ་ལ་གསར་བ་དང་རྙིང་བ་གཉིས་སུ་བཤད་པ་ཡོད་པ་སྟེ་དང་བོ་སྨུག་པོ་རྐྱང་བའི་ནད་བྱུང་བ་དང་དེ་ཉིད་དུས་མ་བཅོས་བར་རྙིང་ནས་ཤ་པགས་དང་དོན་སྣོད་ལ་བྱེར་ནས་སྨུག་པོ་བྱེར་བའི་ནད་བྱུང་བ་དང་སྨུག་པོ་བྱེར་བའི་ནད་དེ་རྙིང་ནས་སྨུག་པོའི་ནད་སྟོབས་གནས་གཞན་དུ་རྒྱས་པ་ལ་བརྟེན་ནས་སྨུག་པོ་རྒྱས་པའི་ནད་བྱུང་བ་དང་དེ་ཡང་དུས་ལྟར་མ་བཅོས་རྙིང་ནས་སྨུག་པོ་འགྱིང་བའི་ནད་བྱུང་བ་དང་དེ་ཡང་དུས་ལྟར་མ་བཅོས་པར་རྙིང་ནས་སྨུག་པོ་འདྲིལ་བའི་ནད་བྱུང་བ་དང་དེ་དག་གཅིག་རྙིང་ནས་གཅིག་ལ་འགྱུར་སྟེ་བྱེར་བ་ནས་རྒྱས་པ་དང་རྒྱས་པ་ནས་འགྱིངས་བ། འགྱིངས་བ་ནས་འདྲིལ་བ་ལ་འགྱུར་ཡིན་ལ། འདྲིལ་བ་ཡང་དུས་ལྟར་མ་བཅོས་ན་རྙིང་ན་སྨུག་པོ་ཟག་པའི་ནད་འགྱུར་བ་ཡིན་ལ་འདི་དུས་སུ་སྨུག་པ་ཟག་པའི་ནད་ཅེས་སྨན་དཔྱད་གང་གིས་ཀྱང་བཅོས་མི་ཐུབ་པར་འཆི་བར་འགྱུར་བ་ཡིན་པ་སྟེ་རྒྱུད་ལས་སྨུག་པོ་ཟག་པའི་ཚ་ཆུ་མི་འཚོ་སྤང་། ། ཞེས་གསུངས་ཡོད་ཀྱང་ཕྱི་འབྱུང་མཁས་པ་འགའ་རེས་བཅོས་མྱོང་ཚུལ་ཆུ་འདྲེན་ཟླ་ཤེལ་གྱི་ཕན་ཡོན་ལས་གསལ་ཤེས་ཐུབ་བོ། ། མདོར་ན་སྨུག་པོ་རང་གནས་བཞི་མ་གཏོགས་གཞན་གནས་བཅུ་གསུམ་པོ་ཡང་སྨུག་པོ་རིགས་ཀྱི་ཁོངས་སུ་གཏོགས་ཞིང་དེ་དག་སྨུག་པོ་ནད་རྐྱང་བ་མ་ཡིན་པར་སྨུག་པོ་ནད་དེ་གཞན་གྱི་ནད་དང་བསྡོངས་པ་འམ་ཡང་ན་གཞན་དང་འདྲེས་ནས་ཡོད་ཕྱིར་རྐྱང་བ་རང་གནས་ཀྱི་ཁོངས་སུ་མ་བཞག་པ་ཡང་རྒྱུ་མཚན་ཡོད་པ་ཡིན་ལ་སྨུག་པོ་རྒྱས་བ་ནི་སྨུག་པོ་རང་གནས་ལ་བཀང་ནས་གཞན་གྱི་གནས་ཤ་པགས་དང་རྩ་ཚིགས་དོན་སྣོད་སོགས་ཀྱི་གནས་གང་རུང་ཕྱིན་ནས་སྨུག་པོ་ནད་སྟོབས་ཕྱོགས་གཞན་ནས་རྒྱས་བར་གྱུར་བ་ཡིན་ཏེ་དཔེར་ན་སྨུག་པོ་ནད་གཞི་དེ་ཉིད་ཡར་གྱི་མགོ་བོར་རྒྱས་ནས་སྨུག་པོ་ནད་ཀྱིས་མགོ་བོ་ཟིན་པ་ལྟ་བུ་གོ་དགོས་པ་དང་བྱེར་བ་ནི་སྨུག་པོ་ནད་ཡར་མགོ་ལ་བྱེར་ནས་བད་ཀན་དང་འཐབ་པ་ལྟ་བུ་ཡིན་ལ་བྱེར་རྒྱས་གཉིས་ནི་ནད་སྟོབས་རྫོགས་མ་རྫོགས་ནད་ཤུགས་རྒྱས་མ་རྒྱས་ཀྱི་ཁྱད་པར་ཡོད་ལ་འགྱིངས་ནི་དུས་ཡུན་ལོན་པ་དང་འདྲིལ་བ་ནི་སྨུག་པོ་ནད་སྐྲན་དུ་འདྲིལ་བ་ལྟ་བུ་ཡིན་པས་དེ་གཉིས་ཤེས་སླ་བའོ། ། 
          ༡ བྱེ་བྲག་ཏུ་སྨུག་པོ་བྱེར་བའི་ནད་བཤད་པ། 
          སྤྱིར་ལུས་ཀྱི་ཕུང་བོ་ལ་ཕྱིའི་པགས་པ་དང་བར་ཤ་ཚིལ་དང་ཆུ་རྒྱུས་རུས་བ། ནང་རྐང་ཀླད་དང་དོན་སྣོད་ཁྲག་ལ་སོགས་པའི་ཕྱི་ནང་གི་དབྱེ་བ་ཡོད་ལ། སྒོས་སུ་ལུས་ཀྱི་ཆ་ཤས་པགས་པ་དང་ཤ། ཚིལ་བུ། རུས་པ། རྐང་། དོན་སྣོད་ལ་སོགས་པ་ལའང་ཕྱི་ནང་དབྱེ་བ་ཡོད་པ་དང་ཁྱད་པར་དུ་རྟེན་དང་ན་ཚོད། རང་བཞིན། ནད་ཁམས་སོགས་ཀྱི་དབང་གི་ཕྱི་ལུས་ཀྱི་རྣམ་པ་པ་མི་འདྲ་བ་མང་པོ་ཡོད་ཀྱང་ལུས་ཕྱི་ནང་གི་དབྱེ་བ་དང་དེའི་ཆ་ཤས་དྭངས་མ་ཁྲག་ཤ་ཚིལ་རུས་པ་རྐང་ཁུ་བ་ལ་སོགས་པའི་ཟུངས་བདུན་དང་དྲི་མ་བཤང་གཅི་རྔུལ་ལ་སོགས་པ་ནི་དེ་དག་ཐུན་མོང་ཀུན་ལ་ལྷན་སྐྱེས་སུ་མངའ་བ་དང་ཟུངས་བདུན་དང་དྲི་མ་གསུམ། རླུང་མཁྲིས་བད་གསུམ། རྣས་ཤེས་ཚོགས་དྲུག་ལ་སོགས་ཀྱིས་ཡོངས་སུ་གྲུབ་པའི་སྤུངས་གཟུགས་འདི་ཉིད་ལ་ཉོན་མོངས་བའི་རྒྱུ་འདོད་ཆགས་ཞེ་སྡང་རྣམས་ལྷན་སྐྱེས་སུ་གནས་ཡོད་ལ། མ་རིག་པའི་ཉོན་མོངས་ཀྱི་དབང་གིས་ཟས་སྤྱོད་ཀྱི་བླང་དོར་ཚུལ་བཞིན་མ་ཤེས་པར་ནད་བཞི་རྒྱ་རྩ་བཞི་ལ་སོགས་པ་འབྱུང་བར་བྱེད་པ་ཡིན། དེ་ལྟ་བུའི་སྤུངས་གཟུགས་དེ་ལ་ལྷན་སྐྱེས་རང་བཞིན་དུ་གྲུབ་ཡོད་པའི་རླུང་མཁྲིས་བད་གསུམ་མམ་ཉོན་རྨོངས་པའི་རྩ་བ་མ་རིག་པ་དང་རྣམ་ཤེས་ཚོགས་དྲུག་ལ་སོགས་ཀྱིས་དབང་སྒྱུར་ཞིང་ཚེ་གནས་པ་དང་རྒས་སྲ་བ་ནད་མི་འབྱུང་བ་སོགས་ཀྱི་རྩ་བ་ཡང་ཟས་སྤྱོད་ཀྱི་གནས་ལ་བླང་དོར་ཤེས་མ་ཤེས་ལ་འབྲེལ་བ་ཡོད་ལ་གལ་སྲིད་ཟས་སྤྱོད་ཀྱི་སྤང་བླང་ཚུལ་བཞིན་དུ་ལེགས་པར་སྤྱོད་ཤེས་ན་ཚེ་རིང་ཞིང་རྒས་སྲ་བའི་རྡོ་རྗེ་ལྟ་བུའི་ལུས་ཞིག་ཐོབ་པར་འགྱུར་ལ་ཟས་སྤྱོད་ཀྱི་སྤང་བླང་ཚུལ་བཞིན་ལེགས་པར་མ་ཤེས་ན་ཚེ་ཐུང་ཞིང་ནད་རིགས་མཐའ་དག་གི་ཨ་མ་ལྟ་བུའི་ལུས་ཞིག་ཐོབ་པར་མི་འགྱུར་བའི་ངེས་པའང་མེད་དོ། ། ཟས་སྤྱོད་ཀྱི་སྤང་བླང་ལ་བརྟེན་ཞིང་གནས་བར་བྱེད་པའི་མིའི་ལུས་པོ་འདི་ཉིད་ལ་ནད་ཀྱིས་གདུང་བར་གྱུར་ཚེ་དེ་ཉིད་གནས་སའང་ལུས་ཕྱི་ནང་ལས་མ་ཁྱབ་ལ་བྱེ་བྲག་ཏུ་པགས་པའི་ཕྱི་ནང་དང་ཤའི་ཕྱི་ནང་། ཚིལ་བུའི་ཕྱི་ནང་། རུས་པའི་ཕྱི་ནང་། རྐང་གི་ཕྱི་ནང་། དོན་སྣོད་ཀྱི་ཕྱི་ནང་སོགས་ལའང་འབྱུང་སྲིད་ལ། ནད་རིགས་མི་གཅིག་པའི་དབང་གིས་ནད་འགྱུར་འབྱུང་སའང་མི་གཅིག་ཏེ་དཔེར་ན་དྲེག་ནད་དང་པོ་པགས་པ་དང་ཁྲག་ལ་གནས་པ་དང་རྙིང་ན་རྩ་ཚིག་རུས་ལ་ཁྱབ་འགྲོ་བ་དང་གྲུམ་བུ་ལ་རུས་པ་གནས་པ། དེ་བཞིན་དུ་བད་ཀན་སྨུག་པོ་ཕོ་མཆིན་རྒྱུ་ལོང་བཞི་བོའི་གང་རུང་ལ་གནས་པ་དང་རང་གི་གནས་ནས་རྒྱས་ཏེ་གནས་གཞན་ལ་བྱེར་ན་ཤ་པགས་རྩ་ཚིགས་སོགས་ལ་འབྱུང་བ་ཡིན་ལ་སྤྱིར་ན་ལུས་ཀྱི་ཕུང་བོའི་ཕྱི་ནི་པགས་པ་དང་ནང་ནི་ཤ་རུས་རྩ་དོན་སྣོན་ལ་སོགས་པ་ཡིན་ཞིང་ཁྱད་པར་དུ་ཤ་པགས་རྩ་རུས་དོན་སྣོད་ལ་སོགས་པ་ལའང་ཕྱི་ནང་གི་དབྱེ་བ་ཡོད་པ་ཡིན་ཏེ་ཤའི་ཕྱི་ནང་དང་པགས་པའི་ཕྱི་ནང་དང་དེ་བཞིན་དུ་རྩ་རུས་དོན་དོན་སྣོད་སོགས་ལའང་ཕྱི་ནང་གི་དབྱེ་བ་ཡོད་པ་ཡིན་ལ། དཔེ་དེ་བཞིན་དུ་ནད་ལའང་ཕྱི་ཤ་པགས་ཀྱི་ནད་དང་བར་རུས་མིག་དང་ཆུ་རྒྱུས་ཀྱི་ནད། ནང་དོན་སྣོད་དང་རྩ་མིག་གི་ནད་ལ་སོགས་པ་ཧ་ཅང་མང་པོ་ཡོད་པ་ཡིན་ལ་དེ་དག་རང་རང་གི་ནད་འགྱུར་འབྱུང་སའི་གནས་མི་གཅིག་པའི་དབང་གིས་ལ་ལ་ཤ་པགས་ལ་འབྱུང་བ་དང་ལ་ལ་རུས་ཚིགས་འབྱུང་བ། ལ་ལ་དོན་སྣོད་དང་རྩ་མིག་སོགས་ཀྱི་ཡུལ་དུ་འབྱུང་བ། ལ་ལ་མགོ་བོའི་གནས་སུ་འབྱུང་བ། ལ་ལ་ཉྭ་བཞི་གནས་སུ་འབྱུང་བ། ལ་ལ་ཕོ་མོའི་མཚན་མ་ལ་འབྱུང་བ་ལ་སོགས་པ་ཤིན་ཏུ་མང་པོ་ཡོད་པ་དེ་དག་ཀྱང་མདོར་བསྡུས་ན་ཕྱི་ནང་གཉིས་སམ་གསུམ་དུ་བཤད་ལ། ལུས་ཕྱི་ནང་གཉིས་སམ་ཕྱི་པགས་ཤ་དང་བར་རུས་མིག། ནང་དོན་སྣོད་དེ་ལུས་ཕྱི་ནང་བར་གསུམ་ལ་བལྟོས་ཏེ་ནད་ལ་ཕྱི་ནང་གཉིས་སམ་བར་གསུམ་དུ་བཤད་ཡོད་པ་རྒྱུད་བཞི་ཡི་སྨུག་པོ་སྐབས་སུ་བྱེར་ལ་ཕྱི་བྱེར་བ་ནང་བྱེར་གཉིས། ། ཞེས་སྨུག་པོ་བྱེར་བའི་ནད་ལ་ཕྱི་རུ་བྱེར་བ་དང་ནང་དུ་བྱེར་གཉིས་སུ་བཤད་པ་ནི་གཙོ་བོར་ནད་ཀྱི་གནས་གཞི་ལ་དགོངས་པ་དང་ཁྱད་པར་དུ་ནད་འགའ་ཞིག་ཤ་དང་རུས་པ། དོན་སྣོད་དང་འབྲེལ་བ་རྩ་ལ་སོགས་པ་ལ་དམིགས་སུ་གཏད་ནས་བྱུང་བ་ལ་དགོངས་ནས་ནད་ཀྱང་ལུས་ཕྱི་ནང་བར་གསུམ་དུ་འབྱུང་བར་བྱེད་པ་ཡིན་ཏེ་དཔེར་ན་བད་ཀན་སྨུག་པོ་ཕྱི་ཤ་པགས་པ་ལ་བྱེར་བ་ནི་ལུས་ཀྱི་ཕྱི་དང་ཤ་རུས་དོན་སྣོད་རྩ་ལ་སོགས་ལ་བྱེར་བ་ནི་ལུས་ཀྱི་དབང་བོའི་ནང་ཡིན་ལ་ཁྱད་པར་དུ་པགས་པ་ནི་ཤ་ཡི་ཕྱི་ན་པགས་པ་ཡོད་པས་པགས་ལ་བྱེར་བ་ལ་སྨུག་པོ་ཕྱི་པགས་ལ་བྱེར་བ་ཞེས་ཕྱིར་བྱེར་གྱི་ཁོངས་སུ་བཞག་པ་དང་ཤ་ལ་བྱེར་བ་ནི་པགས་པའི་ནང་རོལ་ཤ་ཡིན་པས་སྨུག་པོ་ནང་བྱེར་གྱི་ཁོངས་སུ་བཞག་པ་ཡིན་ལ་དེས་རྩའི་ཕྱི་ལ་བྱེར་ན་རྩའི་ཕྱིའི་པགས་སྨུག་ནག་དང་རྨ་ཐོར་འབྱུང་བ་དང་རྩའི་ནང་དུ་བྱེར་ན་རྩའི་ནང་པགས་སྨུག་ནང་རྨ་ཐོར་འབྱུང་བ། ཚིགས་ཀྱི་ཕྱི་ལ་བྱེར་ན་ཚིགས་ཀྱི་ཕྱི་ངོས་སྨུག་པོ་འགྱུར་བ་དང་དེ་བཞིན་དུ་ཚིགས་ཀྱི་ནང་དུ་བྱེར་བ། མཁར་གྱི་ཕྱི་ལ་བྱེར་བ་དང་ནང་དུ་བྱེར་བ། དོན་གྱི་ཕྱིའི་སྐྱི་པགས་པ་ལ་བྱེར་བ་དང་དོན་གྱི་ནང་ཤ་སྙིང་ལ་བྱེར་བ། སྣོད་ཀྱི་ཕྱིའི་སྐྱི་པགས་དང་ནང་ཤ་སྙིང་ལ་བྱེར་བ་ལ་སོགས་པའང་སྨུག་པོའི་ནད་ཀྱི་རང་རྟགས་རྣམས་སྟོན་པར་བྱེད་ལ། ཡིན་ནའང་སྨུག་པོ་བྱེར་བའི་ནད་དེ་ཚ་གྲང་གང་ཡིན་ཡང་ཕོ་མཆིན་ལ་ནད་འགྱུར་བྱུང་ཚར་ནས་གཞན་གནས་གང་ལ་བྱེར་ན་དེའི་ནད་ཀྱང་ཡོད་པས་ཤ་པགས་ཀྱི་ཕྱི་ཁོ་ན་འབྱུང་བའི་ནད་གཞན་དང་གཏན་ནས་མི་འདྲ་བ་ལ་ཤ་པགས་ལ་བྱེར་བ་དང་དོན་སྣོད་ལ་བྱེར་བ། ཚིགས་མཁར་ལ་བྱེར་བའི་ན་ཚ་གང་ཡིན་ཡང་ཕོ་མཆིན་སོགས་ལ་ནད་འགྱུར་བྱུང་ཡོད་པ་གསལ་བོར་ངེས་དགོས་ལ། གཞན་ཡང་བད་ཀན་སྨུག་པོ་བྱེར་བའི་ནད་དེ་ཤ་པགས་དང་རྩ་ཚིགས་དང་སྒལ་ཚིགས་ཀྱི་མཁར། ཁྲག། སྙིང་། གློ་བ། མཆེར་བ། མཁལ་མ། བསམ་སེའུ་ལ་སོགས་ཀྱི་ཕྱི་ནང་ལ་ངེས་གཏན་ཡོད་པར་ཤ་པགས་ཀྱི་ཕྱི་དང་དོན་སྣོད་ཀྱི་ནང་ཁོ་ན་ལ་བྱེར་བ་འདོད་མཁན་ཡང་ཡོད་པའི་དཔྱད་པར་བྱའོ། 
          ༢ བྱེ་བྲག་ཏུ་སྨུག་པོ་རྒྱས་པའི་ནད་བཤད་པ། 
          སྨུག་པོ་རྒྱས་པ་ཞེས་པ་ནི་བད་ཀན་སྨུག་པོ་རང་གནས་སམ་གཞན་གནས་གང་རུང་ནས་ནད་སྟོབས་ཡོངས་སུ་རྒྱས་པར་གྱུར་བ་ཞིག་ལ་ཟེར་ཡིན་ཏེ་དཔེར་ན་སྨུག་པོ་ཕོ་ནས་རྒྱས་པ་དང་མཆིན་པ་ནས་རྒྱས་པ། རྒྱུ་མ་ནས་རྒྱས་པ། ལོང་ནས་རྒྱས་པ་སྟེ་སྨུག་པོ་རང་གནས་བཞི་ནས་རྒྱས་པའམ་ཡང་ན་ཕྱི་ཤ་པགས་ལ་བྱེར་ནས་ཤ་པགས་ལ་རྒྱས་པ། བར་ཚིགས་མཁར་ལ་བྱེར་ནས་ཚིགས་མཁར་ལ་རྒྱས་པ། རྩ་ལ་བྱེར་ནས་རྩ་ལ་རྒྱས་པ། གཉེན་པ་སྲོག་རྩ་ལ་བྱེར་ནས་སྲོག་རྩ་ལ་རྒྱས་པ། འཁོར་རྒྱུག་ཁྲག་ལ་བྱེར་ནས་ཁྲག་ལ་རྒྱས་པ། ཡར་གྱི་མགོ་ལ་བྱེར་ནས་མགོ་ལ་རྒྱས་པ་དང་སྙིང་ལ་བྱེར་ནས་སྙིང་ལ་རྒྱས་པ། གློ་བ་ལ་བྱེར་ནས་གློ་ལ་རྒྱས་པ། མཆེར་ལ་བྱེར་ནས་མཆེར་བ་ལ་རྒྱས་པ། མཁལ་མ་ལ་བྱེར་ནས་མཁལ་ལ་རྒྱས་པ་སྟེ་ནང་དོན་གྱི་གནས་བཞི་དང་སྣོད་བསམ་སེའུ་ལ་བྱེར་གཅིག་ཏེ་སྨུག་པོ་གཞན་གནས་བཅུ་གསུམ་ལ་སོགས་པའི་རང་གཞན་གྱི་གནས་གང་རུང་ནས་རྒྱས་རྒྱུ་ཡོད་ཕྱིར་སྨུག་པོ་རྒྱས་པའི་ནད་ཅེས་དམིགས་བསལ་དུ་དགར་ནས་བཤད་པ་ཡིན་ལ་སྨུག་པོ་རྒྱས་པའི་ནད་ནི་བད་ཀན་སྨུག་པོའི་ནད་སྟོབས་ཡོངས་སུ་རྒྱས་པ་ཡིན་ལ་འདི་དུས་སྨན་པའི་སྨན་དཔྱད་དང་ནད་པའི་ཟས་སྤྱོད་སོགས་ལ་གཟབ་གཟབ་མ་གནང་ན་སྨུག་པོ་བརྡོལ་བའི་ཉེན་་བའི་ཁ་ཆེའོ། ། 
          ༣ བྱེ་བྲག་ཏུ་སྨུག་པོ་བརྡོལ་བའི་ནད་བཤད་པ། 
          རང་རེའི་བོད་ལུགས་གསོ་རིག་རྒྱུད་བཞི་ལས་སྨུག་པོ་བརྡོལ་བའི་གནས་གཙོ་བོར་ཕོ་རྒྱུ་ལོང་གསུམ་དུ་བསྟན་ཡོད་པ་སྟེ་དེ་ཡང་མ་ཞུ་ནས་རྒྱས་དུད་ཁུ་སྐྱུགས། ། ཞུ་བའི་གནས་རྒྱས་ཁྲག་ནག་འཁྲུལ། ། བར་དུ་རྒྱས་ན་གཉིས་ཀར་བརྡོལ་གྱུར་ཏེ། ། ཞེས་བད་ཀན་སྨུག་པོ་བརྡོལ་སའི་གནས་གཙོ་བོར་ཕོ་རྒྱུ་ལོང་གསུམ་བསྟན་པའི་ཤུགས་ལ་གཞན་ཕྱི་ཤ་པགས་དང་ནང་དོན་སྣོད། ཡར་མགོ་བོ་སོགས་གནས་གང་རུང་ནས་རྒྱས་ཏེ་བརྡོལ་རྒྱུ་ཡོད་པའང་་བཤད་ཡོད་པ་རེད། དེ་བས་སྣ་ཁྲག་ཐོན་པ་དང་མངལ་ཁྲག་ཡོང་བ་ལ་སོགས་པའི་ཁྲག་ཤོར་བའི་ནད་རིགས་ཡོད་དོ་ཅོག་ལའང་སྨུག་པོ་བརྡོལ་མིན་ལ་བྱ་སྒྲིམ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད་འདོད་ལ། དེང་སང་དུས་དབང་གིས་དར་བའི་སྣ་ཁྲག་ཤོར་བའི་ནད་དང་ཀླད་ཁྲག་ཤོར་བའི་ནད། མངལ་ཁྲག་ཤོར་བའི་ནད་ལ་སོགས་པའི་ནད་པ་མི་ཉུང་བ་ཞིག་ཡོད་ལ་དེ་དག་ལ་ཁྲག་གཅོད་སྨན་བཏང་ན་མི་ཕན་པའི་རྒྱུ་མཚན་གཙོ་བོ་ཡང་སྨུག་པོ་ནད་ལ་བྱ་ར་མ་སྒྲིམ་པའི་རྐྱེན་ཡིན་ནམ་སྙམ་བྱུང་། ཁྲག་ཤོར་བ་ནི་ནད་རྐྱེན་གྱིས་ཁྲག་ཤོར་དང་བཙས་རྐྱེན་གྱིས་ཁྲག་ཤོར་བ། མཚོན་རྐྱེན་གྱིས་ཁྲག་ཤོར་བ་གསུམ་ཡོད་པ་ལས་དང་ནད་རྐྱེན་གྱིས་ཁྲག་ཤོར་བ་ནི་ནད་གཞི་གནས་གང་རུང་ཞིག་ནས་རྒྱས་ཏེ་ཁྲག་རྩ་བརྡོལ་བ་ཡིན་པས་དེ་ལ་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་པ་རེད། དེ་བས་ནད་ཀྱི་རྒྱུ་རྐྱེན་དང་དེའི་རྣམ་འགྱུར་ངོ་བོ། ནད་རྟགས། ནད་གནས་སོགས་ལ་ཞིབ་ཏུ་བསམ་བློ་མ་བཏང་ན་བད་ཀན་སྨུག་པོ་གློ་སྙིང་དང་ཀླད་པ་ལ་སོགས་པ་བྱེར་ནས་ངན་ཁྲག་རྒྱས་པ་གནས་གང་རུང་ནས་བརྡོལ་བ་ཡོད་ཕྱིར་འདི་དག་ལ་ངེས་པར་དུ་བད་ཀན་སྨུག་པོའི་བཅོས་ཐབས་གཙོ་བོར་མ་བཟུང་བར་ཁྲག་ཤོར་གྱི་བཅོས་ཐབས་གཙོ་བཟུང་ན་ཕན་པར་མི་འགྱུར་བ་ནི་མིག་མཐོང་ལག་ཟིན་ཡིན་ལ། ཁྲག་ཤེད་མཐོ་བ་དང་དྲེག་གྲུམ་གྱི་ནད། བད་ཀན་ཟ་ཁུའི་ནད་ལ་སོགས་པ་བད་ཀན་སྨུག་པོ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་ཕྱིར་བད་ཀན་སྨུག་པོ་ནད་བྱ་ར་མ་སྒྲིམ་ན་སྨན་གནད་ཐོག་ཏུ་འཁེལ་དཀའ་བ་ཡིན། ། 
          བདུན་པ།  བད་ཀན་སྨུག་པོ་ནད་ཀྱི་སྤྱི་ཡི་བརྟག་ཐབས་བཞི་བཤད་པ། 
          བད་ཀན་སྨུག་པོ་ནད་ཀྱི་སྤྱིའི་བརྟག་ཐབས་ལ་རྒྱུད་བཞི་ཡི་སྨུག་པོའི་ལེའུ་སྐབས་སུ་སྤྱི་ཡི་བརྟག་ཐབས་ལ་རྣམ་པ་བཞི་དང་བྱེ་བྲག་གི་བརྟག་ཐབས་ལ་རིགས་གནས་སོགས་ཧ་ཅང་མང་བོར་བཤད་ཡོད་ལ་དེ་དག་རེ་རེ་བཞིན་འདིར་བཀོད་ན་ཧ་ཅང་མང་བའི་རྐྱེན་གྱིས་འདིར་སྤྱིའི་བརྟག་ཐབས་དང་བྱེ་བྲག་གི་བརྟག་ཐབས་འགའ་ཞིག་དམིགས་བསལ་གྱིས་བསྡུས་ནས་བཤད་རྒྱུ་ཡིན་ཏེ་དེ་ཡང་སྤྱི་ལ་རྩ་ཆུ་ནད་རྟགས་ལོ་མ་དང་། ། ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་བཞི། ། ཞེས་གསུངས་པ་ལྟར་བད་ཀན་སྨུག་པོ་ནད་ཀྱི་སྤྱི་ཡི་བརྟག་ཐབས་ལ་སྨུག་པོའི་འཕར་རྩའི་རྣམ་པའི་བརྟག་ཐབས་དང་ཆུ་ཡི་བརྟག་ཐབས། དེའི་ནད་རྟགས་ཀྱི་བརྟག་ཐབས། དེའི་ལོ་མའི་བརྟག་ཐབས། ཟས་སྤྱོད་ཀྱི་ཕན་གནོད་ཀྱི་བརྟག་ཐབས་ཏེ་ཁག་བཞི་རུ་བསྟན་ཡོད་ལ། དེ་ལས་དང་པོ་རྩ་ཡི་བརྟག་ཐབས་ལའང་ཚ་གྲང་གི་རྐྱེན་གཉིས་ལས་ཚ་རྐྱེན་གྱི་རྩ་རྟགས་ནི་རྒྱུད་ལས་རྩ་ངོས་བཟུང་སྦོམ་ཁེངས་ཀན་རྩ་ཞར། ། ཞེས་དང་གྲང་རྐྱེན་གྱི་རྩ་ནི་རྒྱུད་ལས་གྲང་བའི་རྐྱེན་ན་ཕལ་ཆེར་ཕྲ་ལ་གུད། ། ཞེས་གསུང་བ་དང་གཉིས་པ་ཆུ་ཡི་བརྟག་ཐབས་ལའང་ཚ་རྐྱེན་གྱི་ཆུ་དང་གྲང་རྐྱེན་གྱི་ཆུ་གཉིས་ལས་ཚ་རྐྱེན་གྱི་ཆུ་མདོག་ནི་རྒྱུད་ལས་ཆུ་མདོག་དམར་སྨུག་སྐ་སླ་རྙོགས་མ་ཅན། ། ཞེས་དང་ཡང་གྲང་རྐྱེན་ཆུ་མདོག་ནི་རྒྱུད་ལས་ཡང་ན་དམར་སྨུག་ལྗང་ཡང་སྲིད་པ་ཡིན། ། ཞེས་གསུང་བ་དང་བད་ཀན་སྨུག་པོ་སྤྱི་ཡི་ན་ལུགས་ནི་རྒྱུད་ལས་ན་ལུགས་ཕོ་མཆིན་ཁ་འཁོར་རོ་རྒྱབ་སྦྲགས། ། ལུས་ལྕི་བྱིན་པ་མི་ཐེགས་སྒལ་ཚིགས་ན། ། དང་ག་མི་བདེ་ཁ་མལ་ཉ་དྲི་བྲོ། ། བྲང་ཚ་སྐྱུགས་སྙམ་བྱེད་ཅིང་སྐྱུགས་པ་དཀའ། ། སྐབས་སུ་ཁོང་ཚ་མགོ་དང་མིག་རུས་ན། ། རྔུལ་གྲངས་རྗེས་ལ་གླང་ཐབས་ལྡང་བ་ཡིན། ། དྲི་མ་སྨུག་སྐམ་ཞིང་ཤ་རིལ་འདྲ། ། འགྲངས་ཀྱང་ན་ལ་ལྟོགས་ཀྱང་ན་བ་དང་། ། གྲངས་ཀྱང་ན་ས་དྲོས་ཀྱང་ན་བར་བྱེད། ། ཕལ་ཆེར་སྟོན་དཔྱིད་དུས་ན་བ་ཡིན། ། ཞེས་གསུང་ཡོད་ལ་བད་ཀན་སྨུག་པོའི་ལོ་མའི་རྟགས་ལ་དུས་ཀྱི་སྒོ་ནས་མི་འདྲ་བ་གསུམ་དུ་བཤད་ཡོད་པ་སྟེ་རྒྱུད་ལས་དེ་ལ་དུས་ཀྱི་ལོ་མ་རྣམ་གསུམ་སྟེ། ། དང་པོ་འཇུག་དུས་གྲང་ཚ་ཆུ་སྐྱུར་སྐྱུགས། ། བར་དུ་སྨིན་ནས་མཁྲིས་པ་རྒྱ་བཤལ་སྐྱུགས། ། ཐ་མ་རུལ་ནས་ཁྲག་རུལ་དུད་ཁུ་སྐྱུགས། ། ཅེས་གསུང་ཡོད་ལ། བད་ཀན་སྨུག་པོའི་ནད་དེ་ཕོ་བ་ལ་ལྷུང་ནས་བད་ཀན་གྱི་ནད་འཐབ་པའི་བྲང་ཚ་བ་ལངས་པ་དང་ཆུ་སྐྱུར་སྐྱུགས་པའི་རྟགས་འབྱུང་བ་ཡིན་ལ། དེ་ཉིད་ཀྱང་དུས་སུ་མ་བཅོས་པར་བར་དུ་ཚ་གྲང་གཉིས་པོ་འཐབ་ནས་ཚ་སྟོབས་རྒྱས་ནས་མཁྲིས་པའི་རང་རྟགས་མངོན་ནས་སེར་བོ་རྒྱ་བཤལ་དུ་སྐྱུགས་པ་ཡིན་ལ། དེའང་དུས་སུ་མ་བཅོས་བར་རྙིང་ནས་སྨུག་པོའི་ནད་སྟོབས་ཤིན་ཏུ་རྒྱས་ནས་སྨུག་པོ་བརྡོལ་བའི་ནད་བྱུང་ནས་ཁྲག་རུལ་དུད་ཁུ་སྐྱུགས་པ་ཡིན་ལ་འདི་ནི་སྨུག་པོ་ཕོ་ལ་གནས་པའི་སྐབས་ཀྱི་ལོ་མ་རྣམ་པ་གསུམ་གྱི་རྟགས་ཡིན་ལ་གཞན་དུ་མཆིན་པ་དང་རྒྱུ་མ། ལོང་ལ་སོགས་པའི་གནས་གང་ལ་བབས་ཀྱང་བད་ཀན་སྨུག་པོ་བད་ཀན་ཤས་པ་དང་བད་ཀན་སྨུག་པོ་མཁྲིས་ཤས་ཆེ་བ། བད་ཀན་སྨུག་པོ་རླུང་ཤས་ཆེ་བ། བད་ཀན་སྨུག་པོ་ཁྲག་ཤས་ཆེ་བ་ལ་སོགས་པ་འབྱུང་སྲིད་པས་མཆིན་པ་ནི་ཁྲག་ནད་ཤས་ཆེ་བ་དང་ཕོ་བ་ནི་བད་ཀན་གྱི་ནད་ཤེས་པ་དང་རྒྱུ་མ་ནི་མཁྲིས་ནད་ཤས་ཆེ་བ། ལོང་ནི་རླུང་ནད་ཤས་ཆེ་བ་ཡིན་པ་ནི་མཐའ་གཅིག་ཏུ་མ་ངེས་ལ་རང་རང་གི་རྟགས་དང་བསྡོངས་ཟླ་ལ་སོགས་པར་དཔག་ནས་རླུང་མཁྲིས་བད་ཁྲག་གང་གི་ནད་སྟོབས་དང་གང་གི་བསྡོངས་ཟླ་ཤས་ཆེ་བ་ཡོད་ན་དེའི་སྨན་བཅོས་ཀྱང་གང་ལ་གང་འཚམས་བྱ་རྒྱུ་ནི་རྒྱུད་ཀྱི་དགོངས་པ་ཡིན། སྨུག་པོའི་ནད་དེ་ཚ་གྲང་གང་ལ་འབྲེལ་བ་ཡོད་མིན་དང་སྨུག་པོ་ཚ་བ་དང་སྨུག་པོ་འཐབ་པ། སྨུག་པོ་གྲང་བ་ཡིན་མིན་རིག་པའི་ཞིབ་མོར་བརྡར་ཤ་བཅད་མཐར་ཚ་རྐྱེན་ལ་ཚ་བཅོས་གཙོ་བོ་དང་གྲང་རྐྱེན་ལ་གྲང་བའི་བཅོས་གཙོ་བོར་འཛིན་དགོས་པ་དང་བད་ཀན་གྱི་བསྡོངས་ཟླ་ཤས་ཆེ་བ་ཡོད་ན་བད་ཀན་གྱིས་བཅོས་གཙོ་བོར་འཛིན་པ་དང་མཁྲིས་པ་ཡི་བསྡོངས་ཟླ་ཤས་ཆེ་ན་མཁྲིས་ནད་ཀྱི་བཅོས་གཙོ་བོར་འཛིན་པ། རླུང་གི་བསྡོངས་ཟླ་ཤས་ཆེ་ན་རླུང་ནད་ཀྱི་བཅོས་གཙོ་བོར་འཛིན་པ། ཁྲག་གི་བསྡོངས་ཟླ་ཤས་ཆེ་ན་ཁྲག་བཅོས་གཙོ་བོར་འཛིན་པ། འཐབ་པ་ཤས་ན་སྙོམ་བཅོས་གཙོ་བོར་འཛིན་དགོས་པ་ཞིག་ཡིན་ལ་དེ་དག་ཀྱང་བསྡུས་ནས་ཚ་གྲང་གི་དབྱེ་བ་གསལ་བོར་བྱས་མཐར་སྨན་བཅོས་ཀྱང་ཚ་གྲང་གཉིས་སུ་འཛིན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ལ། དེ་མིན་སྨུག་པོ་གནས་གང་ལ་བྱེར་ནས་གནས་གང་ནས་བརྡོལ་ནའང་དེའི་ལོ་མ་རྣམ་གསུམ་ལས་དང་པོ་དང་གཉིས་བའི་རྟགས་རྣམས་མེད་ཀྱང་ཁྲག་ནག་དུད་ཁུ་ལྟ་བུར་ཕལ་ཆེར་ཆ་ཚང་ལ་ཡོད་ངེས་པས་ཁྲག་མདོག་གི་དབྱེ་བ་དང་ངོ་བོ་སོགས་ཀྱང་ཞིབ་ཏུ་ཤེས་བར་གྱིས་ཤིག། ། 
          བད་ཀན་སྨུག་པོའི་ཕན་གནོད་བརྟག་ཐབས་ལ་རྒྱུད་ལས་གསར་ཐོག་འབྲུ་དང་གྲོ་ཡོས་ཕྱེ་སུངས་ཟན། ། མར་རྙིང་ཁྲག་ཚོད་འབྲུ་མར་ར་ཤ་དང་། ། གནག་ཤ་རུལ་སུངས་ཉ་ཕག་ཤ་བེམ་དང་། ། ཆང་སྐྱུར་སྒོག་སྐྱ་ཞོ་མ་ལངས་ལ་སོགས། ། སྣུམ་ལྕི་ཟས་དང་བསིལ་དྲོད་དྲགས་པ་གནོད། ། གནའ་དགོ་བ་ལང་ཤ་གསར་རྙིང་བའི་འབྲུ། ། སྲན་མ་བ་ར་མཛོ་ཞོ་དར་བ་དང་། ། ར་ཤ་ཕག་སོལ་བ་ལ་སོགས་པ། ། ། ཟས་སྐོམ་ཡང་བཅུད་སྙོམས་པ་འཕྲོད། ། ཅེས་གསུང་བ་ལྟར་འབྲུ་རིགས་གསར་བ་དང་ཤ་རིགས་རྙིང་བ། སྒོག་སྐྱ། རུལ་སྐྱུར་གྱི་རིགས་དང་སྣུམ་ཆེ་བ་སྤྱོད་ལམ་དྲག་ཤུལ་དང་བསིལ་སར་བསྡད་དྲགས་པ་སོགས་ཀྱིས་ནད་སློང་བར་བྱེད་པ་དང་ཡང་ཤ་གསར་མར་གསར་འབྲུ་རྙིང་པ། བ་ར་མཛོ་ཞོ་སོགས་དང་ཟས་སྐོམ་ཡང་རྩུབ་སྙོམ་པའི་རིགས་དག་འཕྲོད་ཅིང་ཕན་པར་བྱེད་ནི་བད་ཀན་སྨུག་པོ་ནད་ཡིན་པས་སྨན་དཔྱད་ཀྱང་སྨུག་པོ་ལྟར་བྱ་དགོས་སོ། ། 
          བརྒྱད་པ།  སྨུག་པོ་བྱེ་བྲག་གི་དུས་གསུམ་གྱི་དབྱེ་བའི་རྟགས་དང་རང་གཞན་གྱི་རྟགས་དང་བཅས་པ་བསྡུས་ནས་བཤད་པ། 
བད་ཀན་སྨུག་པོའི་བྱེ་བྲག་གི་རྟགས་ལ་རང་གནས་ཀྱི་རྟགས་དང་སྨུག་པོ་ཚ་པའི་རྟགས། སྨུག་པོ་འཐབ་པའི་རྟགས། སྨུག་པོ་གྲང་བའི་རྟགས། སྨུག་པོ་གཞན་གནས་ཀྱི་རྟགས་དང་སྨུག་པོ་རྒྱས་པའི་རྟགས། སྨུག་པོ་འགྱིངས་པའི་རྟགས། སྨུག་པོ་འདྲིལ་བའི་རྟགས། སྨུག་པོ་ཟགས་པའི་རྟགས་ལ་སོགས་པ་ཧ་ཅང་མང་བོ་ཡོད་ལ་དེ་དག་རེ་རེ་ཡི་ནད་རྟགས་དང་བཅས་པ་བཀོད་ན་ཧ་ཅང་མང་དྲགས་པས་ཤེས་འདོད་པ་ཚོས་རྒྱུད་བཞི་སྨུག་པོ་ལེའུ་ལ་བལྟ་བར་བྱ་ལ། འདིར་སྨུག་པོ་ཚ་བའི་རྟགས་དང་འཐབ་པའི་རྟགས་སྨུག་པོ་གྲང་བའི་རྟགས་ཏེ་སྨུག་དུས་ཀྱི་དབྱེ་བའི་རྟགས་མདོར་བསྡུས་ན་བཤད་ན་དེ་ཡང་རྒྱུད་བཞི་ཡི་སྨུག་པོའི་ལེའུ་ལས་དུས་ཀྱིས་བརྟག་པ་དང་པོ་ཚ་བའི་དུས། ། རྩ་གྲིམས་ཆུ་མདོག་སྨུག་ལ་དྲི་རླངས་ཆེ། ། ལྕེ་སྐམ་གྱོང་ལ་ཁ་ཁ་དང་འགག། ལུས་ལྕི་གཉིད་ཆེ་གདོང་སྣུམ་མིག་སྤྲིན་དམར། ། མཆིན་དྲི་རོ་རྒྱབ་གཉིས་སུ་སྦྲག་ཅིང་གཟེར། ། མགོ་དང་མིག་རུས་ན་ཞིང་ཚོགས་མ་ལྕི། ། མེ་དང་ཉི་མའི་དྲོས་ཚེ་ཁྱད་པར་ན། ། རུལ་སྐྱུར་དྲག་ཤུལ་རྗེས་ལ་གླང་ཐབས་ལྡང་། ། དེ་ཉིད་སྨུག་པོ་ཚ་བའི་དུས་ཞེས་བྱ། ། ཞེས་གསུང་ཡོད་ལ། སྨུག་པོ་ཚ་གྲང་འཐབ་པའི་རྟགས་ལ་རྒྱུད་ཀྱི་སྨུག་པོ་ལེའུ་ལས་འཐབ་པ་སྨུག་པོ་མཉམ་གནས་ལམ་དགགས་པས། ། མཉམ་གནས་སྣོད་ཀྱི་རྩ་ནང་ཀུན་དུ་ཞུགས། ། རླུང་ཁྲག་ཕར་འབོར་ཚུར་འདེད་ཅིང་རྒྱུ། ། དུས་མེད་རྒྱུན་དུ་ཟུག་ཆེ་གླང་ཐབས་ལྡང་། ། ཉིན་ཅུང་བདེ་མཚན་མོར་རྒྱུན་དུ་ན། ། ལྟོགས་ཤིང་དུགས་ན་དུས་ན་བདེ་སྙམ་བྱེད། ། ཤ་ཞུ་པགས་པ་སྐམ་ལ་རྩ་རྣམས་རྒྱས། ། བསིལ་དྲོད་བསིལ་སྨན་ཅིས་ཀྱང་ཕན་གནོད་ཆུང་། ། འདི་ནི་སྨུག་པོ་འཁྲུགས་པ་ཞེས་བྱ་སྟེ། ། གསོ་བ་དཀའ་བ་ཕལ་ཆེར་འཆི་བ་ཡིན། ། ཞེས་གསུངས་ཡོད། སྨུག་པོ་གྲང་བའི་རྟགས་ལ་རྒྱུད་ཀྱི་སྨུག་པོ་ལེའུ་ལས་ཐ་མར་ལུས་གྲང་ཉམ་ཆུང་ཟས་མི་འཇུ། ། སྒྲེག་སྐྱུག་གྲང་རྗེས་ན་ལ་འཁྲུ་ཡང་སྲིད། ། སྦོ་འཁྲོག་འགྱིང་ཞིང་ཆུ་དང་སིངས་གླེག་གནོད། ། ཅེས་གསུང་ཡོད་ལ་སྨུག་པོ་ཚ་བའི་དུས་ལ་རྩ་ཆུ་ནད་རྟགས་སོགས་ཀྱང་ཚ་བའི་རྟགས་རྣམས་སྟོན་པར་བྱེད་ལ་གྲང་བའི་སྐབས་སུ་རྩ་ཆུ་ནད་རྟགས་སོགས་ཀྱང་གྲང་བའི་རྟགས་རྣམས་སྟོན་པ་དང་འཐབ་པའི་སྐབས་སུ་རྩ་ཆུ་ནད་རྟགས་སོགས་ཀྱང་འཁྲུགས་པའི་རྟགས་རྣམས་སྟོན་པ་ཡིན་ལ་ཚ་གྲང་འཐབ་གསུམ་སོགས་གང་ཡིན་གྱི་དབྱེ་བ་ཞིབ་མོར་གནང་མཐར་སྨན་བཅོས་ཀྱང་བསིལ་དྲོད་སྙོམས་པོར་གང་མཁོ་མ་ནོར་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ལ་མདོར་ན་སྨུག་པོ་ཡས་བབས་དང་མས་ཆགས་གང་ཡིན་ཡང་ཕོ་མཆིན་རྒྱུ་ལོང་དང་རྩ་ཚིགས་དོན་སྣོད་སོགས་རང་གཞན་གྱི་གནས་གང་ལ་བབས་ཀྱང་དེའི་ནད་རྟགས་ཀྱང་གོང་གསལ་གྱི་སྤྱི་རྟགས་གཞིར་བཞག་ཐོག་ཕོ་ལ་བབས་ན་ཕོ་ནད་ཀྱི་རྟགས་རྣམས་མངོན་ཆེ་ལ། དེ་བཞིན་དུ་མཆིན་པ་ལ་བབས་ན་མཆིན་ནད་ཀྱི་རྟགས་རྣམས་དང་རྒྱུ་མ་ལ་བབས་ན་རྒྱུ་ནད་ཀྱི་རྟགས་རྣམས། ལོང་ལ་ལྷུང་ན་ལོང་ནད་ཀྱི་རྟགས་རྣམས། ཤ་པགས་བྱེར་ན་ཤ་པགས་ཀྱི་ནད་རྟགས་རྣམས། རྩ་ལ་བྱེར་ན་དུག་གི་ནད་རྟགས་རྣམས། མགོ་ལ་བྱེར་ན་མགོ་བའི་ནད་རྟགས་རྣམས། སྙིང་ལ་བྱེར་ན་སྙིང་གི་ནད་རྟགས་རྣམས། གློ་བ་བྱེར་ན་གློ་ནད་ཀྱི་རྟགས་རྣམས། མཆེར་བ་ལ་བྱེར་ན་མཆེར་ནད་ཀྱི་རྟགས་རྣམས། མཁལ་མ་ལ་བྱེར་ན་མཁལ་ནད་ཀྱི་རྟགས་རྣམས། བསམ་སེའུ་ལ་བྱེར་ན་མཚན་མའི་ནད་རྟགས་རྣམས་ཀྱང་མངོན་པར་བྱེད་པ་ཡིན་ལ་སྨུག་པོ་རྒྱས་པ་དང་སྨུག་པོ་བརྡོལ་བ། སྨུག་པོ་འགྱིངས་བ། སྨུག་པོ་འདྲིལ་བ། སྨུག་པོ་ཟགས་པ་ལ་སོགས་པ་གང་ཞིག་ཡིན་ཡང་སྤྱི་རྟགས་ཕལ་ཆེར་མངོན་ལ། སྤྱི་རྟགས་གཞིར་བཞག་ཐོག་རྒྱས་པ་ལ་རྒྱས་པའི་རྟགས་དང་འགྱིངས་བ་ལ་འགྱིང་རྟགས། འདྲིལ་བ་འདྲིལ་བའི་རྟགས། ཟགས་པ་ལ་ཟགས་པའི་རྟགས་རྣམས་མངོན་ཆེ་བས་སྨན་བཅོས་ཀྱང་གཞུང་ལྟར་མ་ནོར་བ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེའོ། ། 
          དགུ་བ།  བད་ཀན་སྨུག་ནད་ཀྱི་ནད་འགྱུར་གྱི་གོ་རིམ་དང་སྨན་བཅོས་ཀྱི་རྩ་དོན་བཤད་པ། 
          གོང་དུ་བད་ཀན་སྨུག་པོ་ནད་ཀྱི་རྒྱུ་རྐྱེན་དང་དབྱེ་བ་ནད་རྟགས་དང་བཅས་པ་མདོར་བསྡུས་ཞིག་བསྟན་ཟིན་ནས་ད་ནི་བད་ཀན་སྨུག་པོ་ནད་ཀྱི་བཅོས་ཐབས་ལས་ཚ་རྐྱེན་གྱི་བཅོས་ཐབས་བཤད་པར་བྱ་སྟེ་ཚ་རྐྱེན་ནི་དང་ཐོག་ནད་འགྱུར་འབྱུང་ས་མཆིན་པ་ཡིན་ལ་མཆིན་ནད་དེ་ཉིད་དུས་སུ་མ་བཅོས་བར་མཆིན་ཁྲག་རྒྱས་ནས་ཕོ་ལ་ལྷུང་ནས་ཕོ་ནད་བཟོས་དང་དེ་ཉིད་ཀྱང་དུས་སུ་མ་བཅོས་བར་ཕོ་མཆིན་གྱི་ན་ཚ་དེ་ཉིད་ནད་སྟོབས་ནས་རྒྱུ་མ་ལ་བབས་ནས་རྒྱུ་མར་ནད་བྱུང་བ་དང་དེ་ཉིད་ཀྱང་དུས་སུ་མ་བཅོས་བར་ཕོ་མཆིན་རྒྱུ་གསུམ་གྱི་ནད་སྟོབས་རྒྱས་ནས་ལོང་དུ་དུ་ལྷུང་ནས་ཕོ་མཆིན་རྒྱུ་ལོང་བཞི་ཀར་སྨུག་པོ་ན་ཚ་རྒྱས་པ་ནི་སྨུག་པོ་ཡས་བབས་ཀྱི་ནད་དེ་སྨུག་པོ་ཚ་རྐྱེན་གྱི་ནད་ཅེས་ཟེར་བ་ཡིན་ལ་འདིས་དང་པོ་མཆིན་པ་ལ་ན་ཚ་བཟོས་ཡོད་ཕྱིར་སྨན་བཅོས་ཀྱང་གཙོ་བོར་མཆིན་ཁྲག་གི་བཅོས་གཅེས་སུ་འཛིན་དགོས་པ་དང་གྲང་རྐྱེན་ནི་དང་ཐོག་ཕོ་བ་ནད་འགྱུར་བྱུང་བ་དུས་སུ་མ་བཅོས་བར་རྙིང་ནས་ནད་སྟོབས་རྒྱས་ཏེ་མཆིན་པའི་གནས་སུ་སླེབས་ནས་མཆིན་ནད་བྱུང་བ་དང་དེ་ཉིད་ཀྱང་དུས་སུ་མ་བཅོས་པར་མཆིན་པའི་ནད་སྟོབས་རྒྱས་ཏེ་ཁ་ལུད་གོང་བཞིན་ཕོ་བ་ལ་ལྷུང་ནས་སླར་ཡང་བད་ཀན་ཀྱི་ནད་དང་འདྲེས་བ་དང་དེ་ཉིད་ཀྱང་དུས་སུ་མ་བཅོས་བར་ནད་སྟོབས་རྒྱས་ཏེ་རྒྱུ་མ་ལ་བབས་ནས་རྒྱུ་མའི་ན་ཚའང་བཟོས་བ་དང་དེ་ཉིད་ཀྱང་དུས་སུ་མ་བཅོས་བར་ནད་སྟོབས་རྒྱས་ནས་ལོང་ལ་ལྷུང་ནས་ལོང་ནད་བཟོས་པ་སྟེ་ཕོ་མཆིན་རྒྱུ་ལོང་བཞི་ཀར་ལ་བད་ཀན་སྨུག་པོ་ནད་བབས་ཡོད་པ་ནི་སྨུག་པོ་མས་ཆགས་ཞེས་བད་ཀན་ནད་ཀྱི་རྒྱུ་བྱས་ནས་བྱུང་བ་ཞིག་ཡིན་པས་སྨན་བཅོས་ཀྱང་བད་ཀན་བཅོས་ཐབས་གཙོ་བོར་འཛིན་དགོས་ལ། དེ་མིན་བད་ཀན་སྨུག་པོ་རང་གནས་བཞི་ཡི་སྐབས་སུ་མཆིན་པ་ལ་གནས་པའི་སྐབས་སུ་ཁྲག་བཅོས་གཙོ་བོར་འཛིན་པ་དང་ཕོ་བ་ལ་གནས་པའི་སྐབས་སུ་བད་ཀན་གྱི་བཅོས་ཐབས་གཙོ་བོར་འཛིན་པ་དང་རྒྱུ་མ་ལ་གནས་པའི་སྐབས་སུ་མཁྲིས་བཅོས་གཙོ་བོ་འཛིན་དགོས་པ་དང་ལོང་དུ་གནས་བའི་སྐབས་ལ་རླུང་ནད་ཀྱི་བཅོས་ཐབས་གཙོ་འཛིན་དགོས་པ་རྒྱུད་བཞི་ཡི་སྨུག་པོ་ལེའུ་ནས་གསལ་བཤད་བྱས་ཡོད་པས་ཞིབ་ཏུ་ཤེས་འདོད་པ་ཚོས་རྒྱུད་བཞི་ལ་ལྟ་བར་བྱའོ། ། 
          སྐབས་འདི་བཤད་པར་བཤད་པར་བྱ་བ་ཞིག་ལ་སྨུག་པོ་དུས་གསུམ་ནི་སྨུག་པོ་རིགས་ཀྱི་དབྱེ་ཡི་སྔོན་ལ་བསྟན་དགོས་པའི་རྒྱུ་མཚན་གང་སྙམ་ན་སྤྱིར་སྨུག་པོ་དུས་གྱི་དབྱེ་བ་གསུམ་ནི་སྨུག་པོ་ཚ་གྲང་གི་རྐྱེན་གཉིས་པོ་གང་ཡིན་ཡང་སྨུག་པོ་ཚ་གྲང་འཐབ་གསུམ་གོ་རིམ་འབྱུང་བ་དང་སྨུག་པོ་ཕོ་མཆིན་རྒྱུ་ལོང་པ་བཞི་བོའི་གནས་གང་ལ་གནས་བབས་ཀྱང་སྨུག་པོ་ཚ་གྲང་འཐབ་གསུམ་གྱི་སྣང་ཚུལ་འབྱུང་སྲིད་ལ། ཤ་པགས་རྩ་ཚིགས་དང་དོན་སྣོད་སོགས་རང་གཞན་གྱི་གནས་གང་ལ་བྱེར་ཡང་ཚ་གྲང་འཐབ་གསུམ་གོ་རིམ་འབྱུང་བ་ཡིན་ལ། སྨུག་པོ་དུས་གསུམ་ནི་ཕོ་མཆིན་རྒྱུ་ལོང་ཙམ་དུ་མ་ཟད་རིགས་ཀྱི་བྱེར་རྒྱས་འགྱིངས་འདྲིལ་ལ་སོགས་པའི་གང་གི་གནས་སྐབས་ཡིན་ཡང་འབྱུང་རྒྱུ་ཡོད་པ་སྟེ་དཔེར་ན་སྨུག་པོ་བྱེར་བའི་སྐབས་སུའང་དང་པོ་ཚ་བ་དང་བར་དུ་ཚ་གྲང་འཐབ་པ། ཐ་མ་གྲང་ལྷིང་ཆད་པའི་དུས་ཏེ་འདི་གསུམ་གྱི་གོ་རིམ་འབྱུང་བཞིན་ཡོད་ལ་དེ་བཞིན་དུ་སྨུག་པོ་བྱེར་རྒྱས་འགྱིངས་འདྲིལ་བཞི་དང་ཡང་ན་རང་གནས་བཞི་ཡི་གནས་སྐབས་གང་རུང་དུ་འབྱུང་རྒྱུ་ཡོད་པ་ཡིན། དེ་བས་རང་གཞན་གྱི་གནས་གང་ཡིན་སྨུག་པོ་ཚ་དུས་དང་གྲང་དུས་འཐབ་དུས་སོགས་འབྱུང་སྲིད་པ་ཅིས་ཀྱང་ཤེས་དགོས་ལ། བད་ཀན་སྨུག་པོ་མས་ཆགས་ཀྱི་ནད་ལོང་ལ་ལྷུང་བ་ནི་ཕོ་བ་དང་མཆིན་པ། རྒྱུ་མ། ལོང་བཞི་ཀར་ནད་འགྱུར་བྱུང་ཚར་ལ། དེ་མིན་བད་ཀན་སྨུག་པོ་བྱེར་རྒྱས་འགྱིང་འདྲིལ་ལ་སོགས་པའི་ནད་གང་བྱུང་ཡོད་ན་དེ་ལ་ཕོ་མཆིན་ལོང་སོགས་ཀྱི་ན་ཚ་ཡང་བྱུང་ཚར་ཡོད་པ་ཤེས་དགོས་ལ་བད་ཀན་སྨུག་པོ་གང་ལ་བྱེར་ན་གང་ལ་རྒྱས་ན། གང་ནས་འགྱིངས་ན། གང་ལ་འདྲིལ་ན་དེའི་ནད་ཀྱང་བྱུང་ཚར་བས་སྨན་དཔྱད་ཀྱི་གོ་རིམ་ཡང་ཕོ་མཆིན་རྒྱུ་ལོང་བཞི་བོ་དང་རྩ་ཚིགས་དོན་སྣོད་གང་ལ་བྱེར་ཡོད་ན་དེ་ལའང་སྨན་བཅོས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། 
          བཅུ་བ།  དེང་དུས་རྒྱུན་སྤྱོད་བོད་སྨན་གྱིས་བད་ཀན་སྨུག་པོ་བཅོས་ཐབས་བཤད་པ། 
          དེ་ལྟར་བད་ཀན་སྨུག་པོའི་རྒྱུ་རྐྱེན་དབྱེ་བ་རྟགས་སྨན་བཅོས་ཀྱི་རྩ་དོན་པ་ལ་སོགས་མདོར་བསྡུས་སྒོས་ཡོངས་སུ་བཤད་ཟིན་ནས་ད་ནི་དེང་དུས་རྒྱུན་སྤྱོད་བོད་སྨན་གྱིས་སྨུག་པོ་བཅོས་ཐབས་བསྡུས་ཏེ་བཤད་ན་དང་པོ་སྨུག་པོ་ཚ་རྐྱེན་ནི་མཆིན་ནད་རིམ་བཞིན་ཕོ་བ་དང་རྒྱུ་མ་ལོང་སོགས་ལ་བབས་པ་ཡིན་དེའི་རྒྱུ་ཚ་བའི་བྱས་ཡོད་པས་སྨན་ཡང་མན་ངག་བསིལ་སྦྱོར་དང་སྐྱུར་རུ་ཉེར་ལྔ། གུར་མཆོག་ལ་སོགས་པའི་མཆིན་སྨན་གཙོ་ཆེ་བར་གཏོང་དགོས་པ་དང་གྲང་རྐྱེན་ནི་ཕོ་ནད་རྒྱས་ནས་རིམ་གྱིས་མཆིན་པ་དང་ཕོ་བ་རྒྱུ་མ་ལོང་སོགས་ལ་ལྷུང་ནས་ནད་འགྱུར་བྱུང་བ་ཞིག་ཡིན་ལ་དེའི་རྒྱུ་བད་ཀན་གྲང་བའི་བྱས་པ་ཡིན་པས་སྨན་བཅོས་ཀྱང་བད་ཀན་གྱི་བཅོས་གཙོ་བོར་བཟུང་ནས་ཅོང་ཞུ་དྲུག་པ་དང་གྲུབ་ཐོབ་རིལ་དཀར། ཟླ་ཤེལ་ཆེན་མོ། ཟླ་ཤེལ་བདེ་སྨྱུག། ཞི་བྱེད་དྲུག་པ་ལ་སོགས་པའི་སྨན་བསྟེན་དགོས་དང་སྨུག་པོ་མས་ཆགས་བྱེར་ན་ཟླ་ཤེལ་ཆེན་མོ་ལ་སོགས་ཀྱི་སྟེང་ལ་ཐང་ཆེན་ཉེར་ལྔ་དང་གང་ལ་བྱེར་ན་དེའི་སྨན་ཡང་སྣོན་རྒྱུ་ནི་གལ་ཆེ་བར་བསམ། སྨུག་པོ་ཚ་བའི་དུས་ལ་མཆིན་པའི་སྨན་རྣམས་དང་སྨུག་འཐབ་པའི་དུས་སུ་རུ་རྟ་དྲུག་པ་དང་གཡུ་དྲིལ་བཅུ་གསུམ། རུ་ཁྱུང་། ཞི་ཁྱུང་། གཡུ་ཁྱུང་སོགས་བསྟེན་པ་དང་སྨུག་པོ་གྲང་བའི་སྐབས་སུ་སེ་འབྲུ་དྭངས་གནས་དང་སེ་འབྲུ་ལྔ་བ། སེ་འབྲུ་ཀུན་བདེ་ལ་སོགས་པའི་དྲོད་སྨན་རིགས་བསྟེན་ན་ལེགས་པ་དང་མདོར་ན་བད་ཀན་སྨུག་པོ་ནི་དེང་དུས་འབྱུང་བ་མང་ཞིང་སྨན་བཅོས་ཀྱི་དུས་ཡུན་རིང་ཞིང་ནད་འགྱུར་མང་པས་སྨན་རེ་འགའ་བསྟེན་པ་ཙམ་གྱི་ཕན་པ་མི་འབྱུང་ཞིང་ཡང་དང་བསྐྱར་དུ་སྨན་བཅོས་ཀྱི་ཁ་ཕྱོགས་མ་བསྒྱུར་ན་ནད་རྟིང་མི་ཐོན་ལ་ཕོ་མཆིན་རྒྱུ་ལོང་ལ་སོགས་པར་ནད་འགྱུར་བྱུང་ཡོད་ཕྱིར་ཕོ་བའི་ནད་བཅོས་པ་ཙམ་གྱིས་སྨུག་པོ་སངས་དྲག་ཏུ་འགྲོ་དཀའ་བ་དང་ཚ་གྲང་གི་རྐྱེན་གཉིས་པོ་གང་ཡིན་མ་ཤེས་ན་སྨན་དཔྱད་ཀྱང་ལོག་འགྲོ་བ་དང་ཁྱད་པར་དུ་བད་ཀན་སྨུག་པོ་ནད་ཀྱིས་ལུས་ཀྱི་ཟུངས་ཟད་ཅིང་ཕོ་བའི་མེ་དྲོད་བསད་ཡོད་པ་དང་ནད་རྙིང་ཁྲག་ལ་ཞོན་ནས་ལུས་ཀྱི་ཕྱི་ནང་བར་གསུམ་དུ་འགྲོ་སླ་བ་དང་སྲོག་རྩ་རྫོང་དུ་བྱས་ནས་ཚིགས་པ་མཁར་དུ་བྱས་ཡོད་ཕྱིར་ཤ་པགས་ལ་བྱེར་ན་ས་བདག་ཀླུ་གདོན་གྱིས་གནོད་པའི་པགས་ནད་དང་འདྲ་བ་དང་རྩ་ལ་བྱེར་ན་དུག་ནད་དང་མཚུངས་ཤིང་ཚིགས་བྱེར་ལ་གྲུམ་ནད་དང་གཅིག་པ་ལྟ་བུའི་ནད་རྟགས་རྣམ་པ་སྣ་ཚོགས་པ་རྣམས་སྟོན་པ་ཡིན་ལ། ལུས་སྟོབས་ནད་ཀྱིས་ཟོས་ཤིང་རྐམ་རིད་དུ་གྱུར་ཡོད་ཕྱིར་ལུས་ཟུངས་གསོ་ཞོར་ལོ་ཟླ་དང་བསྟུན་ནས་སྨན་བཅོས་བྱ་དགོས་ལ་མི་འཕྲོད་པའི་ཟས་་དང་སྤྱོད་ལམ་སོགས་ལ་འཛེམ་ནས་ཡིད་གཟབ་གནང་ན་ད་བཟོད་སྨུག་པོའི་ནད་སངས་དྲག་ཡོང་ཐུབ་བོ། ། 
          ཡིན་ནའང་དུས་དབང་གིས་དེང་སང་ནད་ངོས་ཟིན་ཡང་སྨན་སྦྱོར་ཚད་ལྡན་མིན་པ་དང་སྨན་རྫས་རག་ཀྱང་ངོས་འཛིན་ཇི་མ་ཇི་བཞིན་དུ་མ་ཤེས་པ་དང་དུག་འདོན་ཚུལ་བཞིན་མ་ཤེས་པ་ལ་སོགས་ཀྱི་དབང་གིས་སྨན་གཞུང་དང་སྨན་པ་ཁ་གྱེས་ནས་རྒྱུད་གྱི་ལག་ལེན་སྐངས་མ་ཐུབ་པས་སྨན་བཅོས་ཀྱི་ནུས་པའང་མ་ཐོན་པ་དང་ལྷག་པར་དུ་སྨན་སྦྱོར་གྱི་སྦྱོར་སྡེབ་འདྲ་མིན་སྣ་ཚོགས་ཐོན་པ་དང་དེ་དག་གི་ཕན་ནུས་ཆུང་བ་སོགས་ཀྱིས་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་བཀག་འགོག་དང་ཞབས་འདྲེན་ཞུ་བཞིན་ཡོད་པ་ནི་བདག་ལྟ་བུས་བཤད་མ་དགོས་པར་ཀུན་གྱི་མཐོང་གསལ་ལྟར་ལགས་ལ། བོད་ལུགས་གསོ་རིག་རྒྱུད་བཞི་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་ནས་བྱུང་བ་ཞིག་ཡིན་པས་འདིའི་རྩ་བའི་སྨན་བཅོས་ཀྱི་ཁ་ཕྱོགས་ཡང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་གྱི་སྨན་བཅོས་ཀྱི་གཞུང་ལུགས་ཤིག་ཡིན་པས་དེང་རབས་གསོ་རིག་གི་གཞུང་དང་བསྡུར་ན་མི་མཐུན་པའི་ཆ་མང་བོ་ཡོད་ཀྱང་དོན་གྱི་རྡོག་རྩ་དེད་ན་ཕལ་ཆེར་གཅིག་མཚུངས་སུ་འགྲོ་བཞིན་ཡོད་པ་རེད། ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་གྱི་རིག་གནས་ཞིག་ད་དུང་ཡང་འཛམ་གླིང་གི་གསོ་རིག་པའི་འདུན་གྲལ་དུ་བརྟེན་ལྷིང་ངེས་བསྡོད་ཐུབ་པ་ནི་ཤིན་ཏུ་ངོ་མཚར་བའི་གནས་ཅིག་ཡིན་ལ་མ་འོངས་པ་དང་ཐ་ན་ལོ་ཁྲི་འགོར་ཡང་འདི་ཡི་རྐང་བ་བརྟེན་ཅིང་གཡོ་འགུལ་མེད་པར་གནས་ཐུབ་རྒྱུ་ནི་ང་ཚོ་ཐུན་མོང་ཀུན་གྱི་རེ་བ་ཡིན་ལ་རེ་བ་དེ་ཉིད་མངོན་འགྱུར་ཡོང་བའང་ཐེ་ཚོམ་མེད་དོ། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716