《ར་མ་ཎའི་རྟོགས་བརྗོད》བོད་དུ་འགྱུར་བའི་སྐོར་ཅུང་གླེང་བ།
སྤེལ་དུས། 2010-09-17   ཡོང་ཁུངས། ཁྲིམས་ལུགས་ཚགས་པར།    རྩོམ་པ་པོ།  རྡེའུ་དཀར་ནག་གིས་བསྒྲིགས།

   དེ་ཡང་བོད་དུ་ར་མ་ཎའི་རྟོགས་བརྗོདཀྱི་འགྱུར་མི་འདྲ་བ་གཉིས་ཡོད་ཅེས་གནའ་སྔ་མོ་ཞིག་ནས་གྲགས་ཡོད་ལ།  ད་ལྟའི་མཁས་པ་ཕལ་ཆེར་གྱིས་བཞེད་དགོངས་ལྟར་ན།འགྱུར་འདི་གཉིས་ནི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་ཁྲི་ལྡེ་སྲོང་བཙན་གཉིས་ཀྱི་རིང་ཤིག་ལ་འགྱུར་བར་འདོད།གང་ལྟར་ཀྱང་།  དེང་དུས་འདིར་ང་ཚོའི་མཐོང་ལམ་དུ་དངོས་སུ་རྒྱུད་རྒྱུ་ཡོད་པ་ནི་ཏུན་ཧོང་ནས་རྙེད་པའི་གཏེར་ཡིག་ནང་གིར་མ་ཎའི་རྟོགས་བརྗོདཀྱི་འགྱུར་ཡིག་ཚན་པ་བཞི་བོ་འདི་ཡིན།  དེའི་ཕྱིར་ང་ཚོས་འགྱུར་འདི་ལ་རྒྱུས་ལོན་ཟབ་མོ་ཞིག་དགོས་ན་ཐོག་མར་ཏུན་ཧོང་བྲག་ཕུག་དང་དེ་ལས་རྙེད་པའི་འགྱུར་ཡིག་དངོས་གཉིས་ལ་རྒྱུས་ལོན་ཟབ་མོ་ཞིག་རྙེད་དགོས། སྤྱིར་ཏུན་ཧོང་བྲག་ཕུག་ནི་སྤྱི་ལོ་༣༦༦ལོར་བཙུན་པ་ཡོ་བཙུན་བྱ་བས་བྲག་ཕུག་ཅིག་བརྐོས་པ་དེ་ནས་བཟུང་ཏུན་ཧོང་གི་གནས་གསར་དུ་བསྐྲུན་པའི་གོམ་པ་ཐོག་མ་སྤོས་པ་ཡིན་ལ།  སྐབས་འདི་ནས་ཧོར་རྒྱལ་རབས་ཀྱི་སྤྱི་ལོ༡༣༦༨བར་གྱི་ལོ་ངོ་༡༠༠༢རིང་ལ་རྒྱལ་རབས་སོ་སོས་བཟོ་བསྐྲུན་དང་བསྒྱུར་བཅོས་མི་ཉུང་བྱས་ཏེ།བསྡོམས་པས་བྲག་ཕུག་༤༡༢བཟོ་སྐྲུན་བྱས་ཡོད།  དེས་ནར་མ་ཎའི་རྟོགས་བརྗོདའདི་སྤྱི་ལོ་༧༨༡ནས་སྤྱི་ལོ་༨༤༧བར་ཞིག་ལ་ཏུན་ཧོང་བྲག་ཕུག་ཏུ་སྦས་བ་ང་ཚོས་གསལ་བོར་ཤེས་ཐུབ། འོན་ཀྱང་།  ཏུན་ཧོང་ནས་ཐོན་པའི་གནའ་བོའི་ཤོག་དྲིལ་རྣམས་ཀྱི་ཡིག་གཟུགས་དང་སྡེབ་སྦྱོར་ཕྱོགས་གང་ཐད་ནས་བལྟས་ཀྱང་འདི་དག་ནི་ལོ་ཆེན་རིན་ཆེན་བཟང་བོས་བཀས་བཅད་མ་བྱས་པའི་ཡར་སྔོན་གྱི་ཡི་གེ་ཡིན་པ་གསལ་བོར་ཤེས་ཐུབ་པ་མ་ཟད།  ད་དུང་ང་ཚོས་རིན་ཆེན་བཟང་པོའི་འཁྲུངས་འདས་ཀྱི་ལོ་ཚིག་དང་ཙོང་ཁའི་རྒྱལ་རབས་མཇུག་སྒྲིལ་བའི་ལོ་ཚིག་གཉིས་ཞིབ་བསྡུར་ལས་ཀྱང་འདི་དག་ཙོང་ཁའི་རྒྱལ་རབས་དུས་སུ་སྦས་པ་མིན་པའང་གསལ་བོར་ཤེས་ཐུབ། དེས་ན་ཤོག་དྲིལ་འདི་དག་བོད་བཙན་པོའི་སྐབས་ཀྱི་སྤྱི་ལོ་༧༨༡ནས་སྤྱི་ལོ་༨༤༧བར་ཏུན་ཧོང་ས་ཁུལ་དབང་བསྒྱུར་བྱེད་པའི་དུས་སུ་བསྒྱུར་བ་བདེན་དཔང་བྱེད་ཐུབ་ལ། བཙན་པོ་སུའི་སྐབས་སུ་བསྒྱུར་བ་ཤེས་དཀའ་ཡང་ང་ཚོས་འགྱུར་ཡིག་དངོས་དང་དངོས་ཡོད་ཀྱི་རྡོ་རིང་ཡི་གེ་རྣམས་དང་བསྡུར་ན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་རྡོ་རིང་དང་མཐུན་ཆ་ཆེ་བར་སྙམ།  ཁྲི་སྲོང་ལྡེའུ་བཙན་གྱི་རྡོ་རིང་ཡི་གེ་དང་འགྱུར་ཡིག་དངོས་ལས་འདི་འདྲ་སྣང་སྟེ།༡གུ་གུ་ལྡོག་པ་ཅན་མང་བ།༢མིང་གཞི་ཀ་ཅ་པ་རྣམས་མིང་གཞི་ག་ཆ་ཕ་དང་ཕན་ཚུན་རེས་མོས་ཀྱི་འབྲི་སྲོལ་ཡོད་པ། ༣མིང་སྔ་མའི་རྗེས་འཇུག་གམ་ཡང་འཇུག་ཡི་གེ་ཕྱི་མའི་མགོར་སྦར་ཏེ་ཡི་གེ་གཅིག་གི་གོ་གཉིས་ཆོད་པ། ༤ཡང་འཇུག་དངོས་སུ་སྣང་བ།༥རྗེས་འཇུག་མེད་པའི་མིང་མཐར་འ་ཡིག་སྦྱོར་བ་མང་བ། ༦མེ་ལ་མྱེ། མིག་ལ་མྱིགའགྲོ་ལ་འགྱོ་སོགས་འབྲི་བ།༧བྱེད་འབྲེལ་གྱི་འི་འིས་གཉིས་མིང་མཐར་སྦྱོར་ཚེ་ཚེག་འཇོག་པ་སོགས་ཕྱོགས་མང་པོའི་ཐད་ནས་ཁྲི་རལ་བ་ཅན་སོགས་ཀྱི་རྡོ་རིང་དང་བསྡུར་ན་མཐུན་པའི་ཆ་མང་བས། ཁོ་བས་འགྱུར་འདི་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སྟེ། སྤྱི་ལོ་༧༩༨ཡས་མས་ཞིག་ལ་བསྒྱུར་བར་འདོད་མོད། འོན་ཀྱང་། འགྱུར་ཡིག་ཏུ་ལོ་ཙཱ་བ་སུས་བསྒྱུར་བ་བཀོད་མེད་པ་དང་།  རྒྱལ་བོ་འདིའི་སྐབས་སུ་ལོ་ཙཱ་བ་བླ་ན་མེད་པ་མང་པོ་བྱུང་ཡོད་པས་དབང་གིས་སུ་ཞིག་གིས་བསྒྱུར་བ་ཁ་ཚོན་གཅོད་དཀའ།
     མདོར་ན།
ར་མ་ཎའི་རྟོགས་བརྗོདའདི་ཉིད་བོད་དུ་བསྒྱུར་བའི་རྗེས་སུ་བོད་ཀྱི་མཁས་དབང་རིམ་བྱོན་གྱི་གདེང་འཇོག་ཆེན་པོ་བྱས་ཡོད་ལ།  རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།བུ་སྟོན་རིན་ཆེན་གྲུབ།  བོད་མཁས་མི་ཕམ་དགེ་ལེགས་རྣམ་རྒྱལ། སུམ་པ་ཡེ་ཤེས་དཔལ་འབྱོར།  མི་ཕམ་འཇམ་དབྱངས་དབང་ཆེན་རྒྱ་མཚོ། རིན་སྤུངས་བ་ངག་དབང་འཇིགས་གྲགས།  སྒེའུ་སྟེང་བློ་བཟང་དཔལ་ལྡན། བསེ་ཚང་བློ་བཟང་དཔལ་ལྡན་སོགས་མཁས་པ་མང་པོ་ཞིག་གིསར་མ་ཎའི་རྟོགས་བརྗོདཤོ་ལོ་ཀ་བརྒྱ་དང་སོ་བདུན་ཡོད་པ་ཞིག་བརྩམས། དེ་ལ་རབ་བྱུང་བཅོ་ལྔ་བའི་ནང་དུ་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོས་འགྲེལ་བ་དྲི་མེད་ཤེལ་གྱི་འབེབས་སྟེགས་བརྩམས་པ་དང་། ལོ་རབས་བརྒྱད་ཅུ་བའི་ནང་དོན་གྲུབ་རྒྱལ་གྱིས་གོ་བདེར་སྦྱར་བ་མགུར་དབྱངས་བློ་གསལ་རྣ་བའི་དཔྱིད་གླུ་ཞེས་པ་ཞིག་བརྩམས་པ་དང་། བློ་གྲོས་རྒྱལ་མཚོས་གོ་བདེར་སྦྱར་བ།  བླ་བྲང་ཨ་ལགས་གླང་ཚང་གི་ཟློས་གར་གྱི་འཁྲབ་གཞུང་སོགས་ཡོད་དོ། ད་དུང་རྟོགས་བརྗོད་འདི་ཉིད་བོད་ལ་འགྱུར་བའི་རྗེས་སུ་བོད་རང་གི་རྩོམ་པ་པོ་གང་མང་ཞིག་གིས་བརྗོད་བྱ་བོད་རང་གི་འཚོ་བ་དངོས་ལས་བླངས་ནས་བརྩམས་པའི་བརྩམས་ཆོས་ཀྱི་བྱུང་རིམ་དང་མི་སྣའི་སྣང་བརྙན་བཟོ་ཚུལ་ལ་སོགས་པའང་རྟོགས་བརྗོད་འདི་ཉིད་ཀྱིས་ཤན་ཤུགས་ཐེབས་ཡོད་པར་སྙམ་མོ།

 
འབྲེལ་ཡོད་ནང་དོན།
 
 
藏文网
雪域文化
新华网
西北民族大学藏学院
青海省藏医院
青海新闻网
雪莲藏文中学网
Copyright @ 2001 Tibetinfor.com Inc. All rights reserved
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060